བོད ལྷ་ཀླུ་གཉན་གསུམ།
ངའི་མིང་དུ་བོད་ཡིག་ཟེར་གྱི་ཡོད། ང་ནི་བོད་ཟེར་བའི་མི་རིགས་དེ་ཡི་མེས་པོ་དག་གི་རང་གི་ཤ་ཁྲག་གི་འགྲོ་སོང་བཏང་ནས་གསེར་དངུལ་སྤྲད་ཀྱང་ཁུགས་ཐུབ་མེད་པའི་དུས་རབས་ནང་དུ་ཁོང་ཚོས་བོད་ཟེར་བའི་མི་རིགས་འདི་ཡི་ཁྲོད་དུ་གདན་འདྲེན་བྱས་པ་རེད། སྐབས་དེར་ང་ལ་དགའ་མཁན་ནི་མགོ་རྒྱལ་བོ་ནས་འོག་མི་དམངས་དཀྱིས་མ་ཚང་མ་ཡིན་ལ། ཁོང་ཚོས་ང་རང་ལ་མཐོང་ཆེན་བྱེད་སྟངས་ནི་མི་རིགས་གཞན་གྱི་སྐད་ཡིག་ལ་མཐོང་ཆེན་བྱེད་པ་ལས་ཀྱང་ལྷག་ཞིག་བྱེད་ཀྱི་ཡོད་ལ། དེ་དུས་ང་རང་གི་བསྟན་པ་ནི་དངོས་ནས་དར་ཡོད་པ་མ་ཟད། བོད་མི་དག་གིས་ང་རང་ལ་དགའ་བོ་བྱེད་པ་ནི་དངོས་ནས་ཚད་འཇལ་ཐུབ་མེད་པ་ཞིག་ཡིན། ཁོང་ཚོས་རང་གི་ཚེ་སྲོག་ལས་ཀྱང་རྩ་ཆེར་བཟུང་ནས་ང་རང་ཁ་བ་གངས་ཅན་པའི་སྲོག་རྩ་རུ་གཏད་པ་རེད།
དེ་ལྟར་དུ་ངས་བོད་གངས་ཅན་པའི་མི་རིགས་འདི་ལ་སྔར་མེད་ཀྱི་ལམ་ཁ་མང་བོ་ཞིག་བསྐྲུན་མྱོང་བ་ནི། དུས་ད་ལྟའང་མ་ཤི་ཙམ་དུ་གནས་ཡོད་ལ། ད་སྐབས་ནི་ང་རང་ལ་གཅེས་མཁན་གྱི་མེས་པོ་དེ་དག་གི་ཁ་ཆེམས་ལ་གུས་བཀུར་དང་བརྩི་མཐོང་བྱེད་མཁན་གྱི་གངས་ཅན་པའི་གྲངས་འབོར་ནི་དངོས་ནས་ཉུང་དུ་འགྲོ་བ་དང་། ང་རང་དར་སྤེལ་བྱེད་མཁན་གྱི་བོད་མི་དག་ནི་དངོས་ནས་ཡ་ང་བའི་གནས་སུ་གྱུར་ཡོད། བོད་མི་དེ་དག་གིས་ང་རང་ཁོང་ཚོའི་ཚེ་སྲོག་གི་རྒྱུན་ཐག་ལ་འབྲེལ་ཡོད་པར་བཤད་ལ། ཁོང་ཚོས་ང་རང་ནི་མེད་དུས་ཀྱི་ཉིན་མོ་དེར་བོད་གངས་ཅན་པའི་མི་རྒྱུད་སྟོང་བར་བཤད་ཀྱི་ཡོད། དེ་ཡང་བདེན་པར་སྣང་དེ། ང་རང་མེད་པའི་གངས་ཅན་པ་དེ་དག་ནི་མེས་པོ་མེད་པའི་མི་རིགས་ཤིག་ཆགས་ངེས་ཡིན་ལ། དེ་ལྟར་ཆགས་ཉིན་བོད་གངས་ཅན་པ་ཟེར་ནས་ངེས་འཛིན་བྱེད་པའི་དན་རྟགས་དངོས་དེ་མེད་སོང་བ་རེད།
དེས་ན་དེང་སྐབས་བོད་མི་གནས་བསྡོད་ཀྱི་ཡུལ་གྲུ་ཆེས་མི་ཉུང་བ་ཞིག་དུ། ང་རང་ལ་དགའ་བོ་བྱེད་མཁན་གྱི་བོད་མི་ཉུང་དུ་འགྲོ་བ་དང་། ཡོད་མཁན་དེ་དག་གིས་ཀྱང་ང་རང་གི་བོད་མི་རིགས་ཀྱི་ཁུངས་སུ་ཇི་ལྟར་ཡོང་མིན་གྱི་ལོ་རྒྱུས་ཙམ་ཡང་ཞིབ་མོ་ཞིག་ཤེས་ཀྱི་མེད་ལ། ཤེས་མཁན་རེ་ཟུང་ཞིག་ཡོད་པ་དེ་དག་གིས་ཀྱང་སྐད་ཡིག་གཞན་གྱི་བཙན་འཛུལ་འོག་ནས་རོ་བླངས་བྱེད་ཐུབ་ཀྱི་མེད་པ་དང་། བྱེད་འདོད་ཀྱི་རྨི་ལམ་ཆེས་མང་བོ་ཞིག་གཏོང་བཞིན་ཡོད་ན་ཡང་། དེང་སྐབས་བོད་རིགས་ཀྱི་ཡིག་སྐུར་འབྲི་དུས་ཀྱང་ང་རང་འབྲི་མཁན་གྱི་བོད་མི་ཉུང་དུ་སོང་ཡོད་ལ། ང་རང་ཀློག་མཁན་གྱི་བོད་མི་ཡང་མེད་པ་ནས་ཡོད་ཀྱང་ཡར་རྒྱས་དང་རིན་གོང་ཡོད་པ་ཞིག་གཏན་ནས་ཆགས་ཐུབ་ཀྱི་མེད་པ་རེད། ད་ནི་ངས་བོད་མི་ཚོ་ལ་ཁྱེད་ཅག་གིས་ང་རང་དགོས་ཀྱི་མེད་ན། ཁྱེད་ཅག་ནས་སྐད་ཡིག་གཞན་པ་ཞིག་གི་ཁྲོད་ནས་བོད་མི་ཞིག་བྱེད་ཐུབ་པར་ཡིད་ཆེས་བྱེད་པ་དེ་ནི། དངོས་ནས་རང་གི་མེས་པོ་གོང་མ་དག་ལ་གྱེན་ལོག་དང་། ཡབ་མེས་གོང་མ་དག་གི་གསེར་དངུལ་སྤྲད་ཀྱང་མི་ཁུགས་པའི་ང་རང་དེ་ནི་བོད་མི་དག་གི་འཚོ་བའི་ནང་ནས་ཕྱིར་འཕུད་བྱེད་ཀྱི་ཡོད་པ་འདི་ནི། ཁྱེད་ཅག་གིས་བོད་རང་བཙན་དང་རང་དབང་དགོས་ཟེར་བ་དེ་ཡང་རང་ཤ་བཙོང་ནས་གཞན་ཤ་ཞིག་ཚབ་དུ་འཇོག་ཡོད་པ་དང་ཁྱད་པར་མེད་པ་ཡིན་དུས། ཁྱེད་ཅག་གིས་ད་ནི་ང་རང་ངོ་ཤེས་པ་དང་ང་མེད་པའི་བོད་མི་ཞིག་ཆགས་ཐབས་མེད་པ་དེ་ཤེས་རན་རེད། དེ་མིན་ན་ང་ཤི་སོང་བ་ཡིན་ན། བོད་མི་ཡང་ཤི་ཟིན་པ་ཡིན་ལ། ཁྱེད་ཅག་གི་མེས་པོ་གོང་མ་དག་ཀྱང་ཁྱེད་ཅག་གིས་མེད་པར་བཏང་བ་རེད་ཅེས་ཞུ་འདོད་བྱུང་།
ད་ལྟ་ནི་ཁྱོད་རང་ངོ་ཤེས་མཁན་དུས་རབས་སྔ་མ་དང་བསྡུར་ན་མང་དུ་འགྲོ་གི་ཡོད་པ་རེད། དེ་ཡང་སྔོན་མའི་དུས་སུ་བོད་ཡིག་ཤེས་མཁན་ཕལ་ཆེར་གྲྭ་པ་དང་། ཇོ་མོ་རིགས་སུ་ངེས་པ་ཡིན། གྲོང་དང་གྲོང་ཁྱེར་གང་དུ་ཡང་སློབ་གྲྭ་ཕལ་ཆེར་མེད་པས་བོད་ཡིག་ནི་དགོན་པའི་ཁོར་ཡུག་ཁོ་ལ་འཁྱིལ་ཏེ་གནས་ཡོད། དེ་རིང་ནི་སྐྱ་སེར་གཉིས་ཀྱི་ནང་དུ་བོད་ཡིག་ཚད་ལྡན་ཤེས་མཁན་གྱི་གྲངས་འབོར་གང་འཚམས་ཤིག་སླེབས་ཡོད།
བོད་ཡིག་ཁྱོད་ཉིད་ངོ་གཤར་བྱེད་མཁན་ཡང་བོད་ཕྱི་ནང་གཉིས་དང་། དེ་བཞིན་དུ་འཛམ་གླིང་ཐོག་གི་བོད་ཀྱི་རིག་གཞུང་ལ་ཞིབ་འཇུག་བྱེད་མཁན་སོགས་མང་དུ་འགྲོ་བཞིན་པ་ཡིན།
བོད་ཡིག་གིས་དེ་ལྟར་བོད་མི་ངོ་ཤེས་པར་གྱིས། ད་དུང་འཆད་རྒྱུ་ཡོད་ཀྱང་་་་་་་་་་་་་་་་་་་་་་་་་་་་་་་་
བོད་རིགས་ཀྱིས་བོད་ཡིག་སྦྱང་བགྱི་མིན་ན། བོད་ཡིག་ཉམས་འགྲོ་བགྱི་རེད།
བོད་པས་བོད་སྐད་བརྒྱབ་བགྱིན་མ་བསྡད་ན། བོད་སྐད་བརྒྱབ་བགྱིད་ཡོད་མཁན་མི་རྙེད་བགྱིད་མ་རེད།
མདང་ངས་བསམ་བློ་མང་པོ་བཏང་པ་ཡིན།
འདི་རིང་ངས་དེ་ཚོ་འབྲི་བགྱིད་ཡོད།
སང་ཉིན་ངས་ཡང་བསྐྱར་འབྲི་བགྱི་ཡིན།
ནམ་རྒྱུན་ངས་འབྲི་བགྱིན་སྡོད་བགྱིད་ཡོད།
འདས་པ་ལ། ་་་པ་ཡིན། ད་ལྟ་བ་ལ། ་་་་བགྱིད་ཡོད། མ་འོང་པ་ལ། ་་་་་བགྱི་ཡིན། བྱེད་བཞིན་པ་ལ། ་་་བགྱིན།
མི་རྐང་གླིང་བུ་ལགས། བོད་ཡིག་གིས་བོད་མི་འཚོལ་བའི་དུས་ཚོད་ནི་ད་ལྟ་མ་གཏོགས་སྔོན་ཆད་བྱུང་མེད་པ་ཡིན། སྔོན་ཆད་བོད་ཡིག་ཤེས་མཁན་གྱི་གྲངས་འབོར་ཉུང་ན་ཡང་། ཉུང་བ་དེ་ཡི་ཚོད་ཀྱིས་སྤུས་དག་པ་མ་ཟད། རིན་ཐང་ཡོད་པ། ཡིག་མཁན་ལ་མཐོང་ཡོད་པ། ལས་ཀ་ཡོད་པ། བོད་ཡིག་གི་རིན་གོང་མཐོ་བ། གསེར་དངུལ་སྤྲད་ནས་འབྲི་རུ་འཇུག་པོ་སོགས་མང་བོ་ཡོད། དེང་སང་བོད་མི་རང་གིས་ཀྱང་བོད་ཡིག་མི་ཤེས་པར་གཞན་ཞིག་སྤྱོད་པ་དང་། བོད་མི་རང་གིས་བོད་སྐད་མི་ཤེས་པའི་དུས་རབས་ཤིག་ཆགས་ནས་ཡོང་བཞིན་པ་འདི་ནི་བོད་ཕྱི་ནང་གཉིས་སུ་ལོ་རེ་ནས་ལོ་རེ་ཇེ་མང་དུ་འགྲོ་བཞིན་ཡོད།
སྔོན་མའི་དུས་རབས་ནང་དུ་བོད་མི་བོད་ཡིག་མི་ཤེས་མཁན་མང་ན་ཡང་། བོད་མི་བོད་སྐད་མི་ཤེས་པའི་གྲངས་འབོར་ནི་དངོས་ནས་ཉུང་བ་ནས་མེད་ཚོད་ཡིན་ཟེར་ན་ཧམ་པ་ཞིག་མིན་ངེས་ཡིན། ད་ལྟའི་དུས་སུ་སྔོན་ཐོན་ཟེར་ནས་རྒྱུགས་ཀྱང་བྱེད་མཁན་མི་ཉུང་བ་ཞིག་གིས་བོད་ཡིག་འབོར་བ་དང་བོད་སྐད་འབོར་ནས་ད་དུང་ང་བོད་ཡིན་ཟེར་གྱི་ཡོད་པ་དེ་དག་གི་ངོ་གདོང་ནས་བོད་ཟེར་བ་ཞིག་ཇི་ལྟར་འཚོལ་དགོས་ཀྱི་ཡོད་པ་རེད་དམ། ཉིད་ནས་བསམ་བློ་ཞིབ་མོ་ཞིག་བཏང་ནས་ལན་ཞིག་སྤྲོད་དང་།
ཀརྨ་རྡོ་རྗེ་ལགས། བོད་པས་བོད་ཡིག་ཕྲིས། བོད་པའི་བོད་སྐད་ཤོད། བོད་པའི་བོད་མི་ཡིན་པ་བརྗེད་དུ་མི་རུང་བ་དེ་ནི་ད་ལྟའི་འཆར་སྲང་བར་དུ་སོང་ནས་བོད་རང་བཙན་ཡིན་ཟེར་ནས་རང་དབང་ཡོད་ས་ནས་སྐད་རྒྱགས་པ་ལས་ཀྱང་གལ་ཆེ་བ་ཡིན་པ་ཤེས་རན་ལ་སླེབས་ཡོད་དུས། ང་ཚོས་རང་ཉིད་ནས་བོད་ཡིག་ཞིག་འབྲི་ཁུལ་བྱེད་ཀྱིན་པ་འདི་ཉིན་རེ་ཡི་འཚོ་བའི་ནང་གི་ཟ་མ་ལྟ་བུ་ཞིག་ལ་ངེས་འཛིན་བྱེད་དགོས་ཀྱི་འདུག མི་ཞིག་ཟ་མ་མ་ཟས་པར་འཚོ་ཐབས་མེད་པ་བཞིན། མི་རིགས་ཤིག་སྐད་ཡིག་མེད་པར་འཚོ་ཐབས་མེད་པའི་ངེས་ཤེས་དེ་རང་གི་ཉེ་ཁོར་གྱི་སྤུན་ཟླ་དག་ལ་དྲན་སྐུལ་ཤུགས་ཆེན་བྱེད་དགོས་ཀྱི་ཡོད་པ་དེ་ནི་འཕྱི་མེད་ན་སྔ་གཏན་ནས་མེད་པ་མིག་མཐོང་ལག་ཟིན་རེད།
འབྲི་བགྱི་ཞེས་པ་ནི་བྱ་ཚིག་ཉིས་བརྩེགས་བྲིས་པ་ཡིན་པས་དེ་ལས་འབྲི་གི་ཡིན་ཞེས་བྲིས་ན་ལེགས་པར་སེམས།
ང་ལྟ་བུར་མཚོན་ན་དེང་སྐབས་བོད་ཡིག་གི་བསྟན་པ་སྔར་བས་ཀྱང་དར་རྒྱས་དང་གོང་འཕེལ་དུ་འགྲོ་བཞིན་འདུག་བསམ་ནས་དགའ་མཁན་གྱི་གྲས་ཡིན། མང་བོ་མ་བཤད། འདས་པའི་ལོ་བཅུ་ཕྲག་གཅིག་གི་ཡར་སྔོན་དང་དེ་རིང་གཉིས་ཀྱང་གཏན་ནས་བསྡུར་ཐུབ་ཀྱི་མེད། བོད་ཡིག་དངོས་གནས་དྲང་གནས་མདུན་སྐྱོད་ཀྱི་གོམ་ཁ་ཚད་ངེས་ཅན་ཞིག་ཏུ་སྤོ་བཞིན་པའི་སྒང་ཡིན། དེའི་སྟབས་ཀྱིས་ཉིད་ཀྱི་རྩོམ་ཡིག་དེར་ངོས་ལེན་བྱེད་ཐུབ་མ་སོང་། དགོངས་དག
དེ་བརྟག་དཔྱད་མ་བྱས་པར་བྱུང་རྒྱལ་དུ་སྨྲ་བའི་སྐྱོན་རེད།
སྔོན་མ། བོད་ཀྱི་སྐད་ཡིག་བེད་སྤྱོད་ཀྱི་ཁྱབ་ཁོངས་དེ། དཔེ་ཆ་དང་ནག་པང་གཉིས་རེད།
དེ་རིང་སང་ཉིན། ཁྱབ་ཁོངས་གཅིག་ཇེ་མང་ལ་སོང་བ་རེད། དེ་ནི་དྲ་བའི་རིག་གནས་ཀྱི་ཁྱབ་ཁོངས་འདི་རེད།
འོན་ཀྱང་། ད་དུང་ཡང་ང་ཚོའི་ཁྲོམ་ར་ཆུང་ཆུང་རེད། ཁྲོམ་རེ་འདི་ཇེ་ཆེར་གཏོང་ཐབས་ལ། དྲ་བའི་རིག་གནས་ཀྱི་མ་ལག་འདི་ཚོ་བེད་སྤྱོད་ཡག་པོ་གཏོང་དགོས་རེད་དྲན།
གཏོང་ཐབས་ལ་འབད་དགོས་རེད།
ང་ཚོས་རང་སེམས་གསོས་ནས་ད་ལྟ་ནི་བོད་ཡིག་གི་བསྟན་པ་དར་བའི་སྒང་རེད་ཟེར་གྱི་ཡོད། ང་ནི་དེ་ལས་ལྡོག་སྟེ་བོད་ཡིག་རྒུད་པའི་དུས་ཚོད་རེད་སྙམ་གྱི་ཡོད། སྔར་ང་ཚོའི་བོད་ཡིག་གི་ཁྱབ་ཁོངས་ན་རིག་གནས་བཅུ་ཞེས་པའི་སྒྲ་སྙན་སྨན་རྩིས་ལ་སོགས། མདོར་ན་འཛམ་བུའི་གླིང་ལ་མེད་པའི་རང་སྐྱ་ཐུབ་པའི་རིག་གནས་ཡོད་ཀྱང་། ད་ལྟའི་དུས་ཚོད་འདི་ལ་སུམ་རྟགས་ཙམ་སྦྱངས་པས་འགྲིག་ཏུ་ཆུགས་ནས། ད་ནི་ང་ཡིས་བོད་ཡིག་ཤེས་སོང་། ད་ནི་རང་མཁས་པ་ཡིན་ནོ་སྙམ་ནས་སྔོན་མའི་གཙུག་ལག་གི་ཕུང་བོ་དེ་དག་ས་རྡུལ་གྱི་ཀློང་ན་འབྱམས་ཡོད། དེའི་སྟབས་ཀྱིས་ད་འདི་ནས་བཟུང་སྟེ་བོད་ཡིག་ཟེར་དུས་དཔེ་ཆ་སྣ་རིང་མའི་པོད་ཏི་འགའ་ཡིན་པར་སྣང་བ་ལས་ཕན་མ་ཐོག་པ་ཞིག་ལ་རྩི་ཡི་ཡོད། དེ་ནི་བོད་ཡིག་གི་བསྟན་པ་རྒུད་པའི་རྟགས་མཚན་རེད།
མགོ་རུལ་ལགས་དྭོགས་སློང་གནང་བར་ཐུགས་རྗེ་ཆེ་ཞུ།
དུས་མ་འོང་པ་སྟོན་པའི་བོད་རིགས་སྤྱི་སྐད་ཡིག་ཐོག་ཏུ་བྲིས་དུས་གདམ་ཁ་མང་མོ་ཅིག་དར་ཚར་བ་རེད།
དཔེར་ན། ངས་འགྲོ་ཡི་ཡིན། ངས་འགྲོ་གི་ཡིན། ངས་གཏོང་གི་ཡིན། ངས་སྤེལ་གྱི་ཡོད། ངས་ལབ་ཀྱི་ཡིན།། དེ་ཆོའི་ཚབ་ལ། ངས་འགྲོ་བགྱི་ཡིན། ངས་འགྲོ་བགྱི་ཡིན། ངས་གཏོང་བགྱི་ཡིན། ངས་སྤེལ་བགྱི་ཡིན། ངས་ལབ་བགྱི་ཡིན།
དུས་ད་ལྟ་ལ། ངས་འགྲོ་ཡི་ཡོད། ངས་འགྲོ་གི་ཡོད། ངས་གཏོང་གི་ཡོད།ངས་སྤེལ་གྱི་ཡོད། ངས་ལབ་ཀྱི་ཡོད།
ཚབ་ལ་བྱུང་ན།
ངས་འགྲོ་བགྱིད་ཡོད། ངས་འགྲོ་བགྱིད་ཡོད། ངས་གཏོང་བགྱིད་ཡོད། ངས་སྤེལ་བགྱིད་ཡོད། ངས་ལབ་བགྱིད་ཡོད།
འགྲོ་བ། སྤེལ་བ། ལབ་པ་སོགས་ནི་བྱ་བ་ཡིན་པ་སྨྲོས་མི་དགོས་ཀྱང་། ་་་་བགྱི་ཡིན། གྱིས་དུས་མ་འོང་པ་ཆ་ཚང་གསལ་སྟོན་དང་། ་་་བགྱིད་ཡོད་ཀྱིས། དུས་ད་ལྟ་བ་སྟོན་སྟངས་སྐད་རིགས་གཞན་དང་དོ་ཟླ་མཉམ་པ་ཡོང་རྒྱུ་མ་ཟད་རྒྱུ་མཚན་གཞན་ཡང་ཡོད་སྟངས་གོང་བཤད་ཟིན།
སྔར་གྱི་ལོ་ཙ་བ་བཀའ་དྲིནཅན་གྱི་ཁུངས་རོབ་ཙམ་བརྗོད་ན།
ཡིག་སྐད་དུ།
བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པ་འདི།
ངག་སྐད་དུ།
ངས་བྱང་ཆུབ་ཀྱི་སེམས་མ་བསྐྱེད་དེ་”བསྐྱེད་པར་བྱེད་བགྱི་ཡིན།” ཞེས་པ་ལྟ་བུ་དང་།
ཡང་། གཞན་གྱིས་བགྱིད་པ་ལ་རྗེས་སུ་ཡི་རང་བ་དང་། ལྟ་བུ་ནི།
མི་གཞན་གྱིས་སྡིག་པ་”གསོག་བགྱིད་ཡོད་”པ་དེ་ལ་ངས་རྗེས་སུ་ཡི་རང་བྱས་པ་ལ་མཐོལ་ལོ་བཤགས། ཞེས་པ་བཞིན་ནོ།
ཀརྨ་ལགས། འགྲོ་ནི་བྱེད་མེད་ལས་ཚིག་དང་གཏོང་དང་སྤེལ་སོགས་ནི་བྱེད་འབྲེལ་ལས་ཚིག་ཡིན་པ་ཤེས་ན་འདི་རིགས་ལ་མགོ་རྨོངས་དགོས་པའི་རྒྱུ་མཚན་ཅི་ཡང་མི་འདུག ཁྱེད་ལ་དག་ཡིག་གསར་བསྒྲིགས་ཞེས་པའི་དག་ཡིག་དེ་ཡོད་ན་དེའི་ནང་དུ་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་ཁྱད་པར་གསལ་བོར་བྲིས་ཡོད་པས་ཁྱེད་ལ་ཕན་ཐོགས་འབྱུང་གི་རེད། དམངས་ཁྲོད་དུ་ཡང་ང་འགྲོ་གི་ཡིན་ཟེར་མཁན་ཡོད་པ་མ་གཏོགས་ངས་འགྲོ་བགྱི་ཡིན་ཟེར་མཁན་ཡོད་པ་དེ་སྔ་མ་ཐོས། རེ་ཟུང་ཡོད་སྲིད་ཀྱང་དེ་ནི་ཚད་མར་འཛིན་ག་ལ་འོས་ཏེ་དཔེར་ན། བོད་ཕྱི་ལོགས་སུ་བོད་པ་སྐོར་ཞིག་གིས་ལག་པས་བཟུང་ཟེར་རྒྱུའི་ཚབ་ཏུ་ལག་པས་ཟུམ་ཟེར་ནས་རྗོད་བཞིན་ཡོད་པ་བཞིན་མ་དག་རྒྱུན་འབྱམས་ཀྱི་ལབ་སྟངས་ཤིག་ལས་བརྡ་དག་གི་འགྲོ་སྟངས་དང་མཐུན་པ་ཞིག་ག་ལ་ཡིན་ཏེ་མ་ཡིན་ནོ།།
མགོ་རུལ་ལགས།
ཁྱེད་ལྟར་ན། འགྲོ ཞེས་པ་བྱེད་མེད་བྱ་ཚིག་ཡིན་ཙང་། ངས་འགྲོ་གི་ཡིན། བྲིས་དགོས་ཀྱང་། ངས་སྤྱེལ་བགྱི་ཡིན། ཞེས་པ་དོན་གྱིས་ཁས་བླངས་པ་ཁྱེད་རང་གིས་རྨོངས་པ་ཅུང་ཟད་སེལ་འདུག ད་དུང་ཁྱེད་རང་གི་ཤེས་པ་དེ་ཚོ་ངས་ཤེས་བགྱིད་ཡོད་ཀྱང་ངས་དགོས་པ་དང་རྒྱུ་མཚན་བཤད་པ་དེ་ཚོ་ལ་དོ་སྣང་ཆུང་དྲག་པའི་སྐྱོན་འདུག ད་དུང་བོད་ཕྱི་ལོགས་ལ་ཡོད་པའི་བོད་ཞེས་པའི་ཚིག་དེ་བེད་སྤྱོད་མ་བཏང་ན་མཛེས་བགྱིད་རེད།
ལྷ་ཀླུ་གཉན་གསུམ་ལགས།
༡༽བོད་སྐད་མི་ཤེས་པའི་བོད་པ་མང་དུ་འགྲོ་བཞིན་པ་འདི་མངོན་སུམ་དུ་གྲུབ་པ་ཞིག་ཡིན་པས་ཁས་མ་བླངས་རང་བླངས་རེད། འོན་ཀྱང་འདི་དག་གི་སྟེང་ན་བོད་པ་ཡིན་པ་དེ་བོར་ཡོད་པ་མི་བསམ། སྤྱིར་ན་མི་རིགས་གང་ཡིན་ནའང་རང་ཚུགས་ཐུབ་པ་དེ་སྐད་གཅིག་པུ་བཞག་ན་འགྲིག་གི་མེད་པ་རེད། སྐད་དང་། རིག་གཞུང་རང་མཚན་པ། བསམ་པའི་ཁྱེར་སོ་ཐུན་མོང་མིན་པ། ཁོར་ཡུག་ངེས་ཅན་ཞིག་ཏུ་མཉམ་གནས་བྱས་པ་སོགས་ཀྱིས་མི་རིགས་གཅིག་ཟུར་དུ་དབྱེ་ཐུབ་པ་རེད། དེས་ན་དེང་སང་བོད་པ་བོད་ཡིག་མི་ཤེས་མཁན་དེ་དག་ཀྱང་བསམ་པའི་ཁྱེར་སོ་བོད་ཀྱི་རིག་གཞུང་དང་། མི་རིགས་རང་གི་ལྟ་བ་རང་སྐྱ་བ་ཞིག་ཡོད་ན་བོད་མི་རིགས་ལས་བུད་སོང་ཡོད་པ་མི་སེམས་སོ། གཙོ་བོ་ནི་བསམ་པའི་འདུ་ཤེས་འཛིན་སྟངས་འདི་ལ་ཐུག་ཡོད། ཤ་ཁྲག་རུས་གསུམ་བོད་རིགས་ཡིན་ཀྱང་འདུ་ཤེས་འཛིན་སྟངས་ཀྱི་ཐད་དུ་རང་གི་སེམས་ཁོངས་སུ་བོད་ལས་ལྷག་པའི་མི་རིགས་ཤིག་ཡོད་ན་དེ་ནས་ཕལ་ཆེར་བོད་རིགས་ཀྱི་གྲལ་ནས་བུད་སོང་བ་རེད།
༢༽སྐད་ཡིག་གི་ཐད་ནས་བསམ་ན་བོད་ཡིག་ཆེ་མཐོང་ཡང་བོད་པའི་ནང་དུ་སྔར་ལས་ལྷག་པ་མེད་ཀྱང་བོད་ཡིག་གི་རྩོམ་འབྲི་བ་དང་། སྙན་ངག་གྱེར་འདོན། སྒྲུང་བཤད་པ་སོགས་ཀྱིས་མི་མང་བློ་མིག་འགུག་བཞིན་པ་རེད་ལ་གུས་བཀུར་ཡང་མི་དམན་པ་འདུག་བསམ། ལས་ཀ་སོགས་གཞུང་ལ་ལྟོས་དགོས་པའི་རིགས་ནི་སྲིད་གཞུང་གི་ལག་ན་ཡོད་པས་གྲངས་ཉུང་མི་རིགས་ཀྱི་ཡིག་རིགས་ཕལ་མོ་ཆེར་ནུས་མེད་ཀྱི་ཕྱོགས་སུ་གོམ་ཁ་བསྒྱུར་བཞིན་པ་རེད།
༣༽ བོད་ཡིག་གི་ཁོར་ཡུག་གཞན་ཞིག་ནི་སྔར་ན་མ་གྲགས་པ་དྲ་རྒྱའི་རྒྱུད་ལམ་འདི་རེད། འདིས་འཛམ་གླིང་ཤར་ནུབ་གང་སར་གྲམ་པའི་རང་རིགས་རྣམས་འབྲེལ་མཐུད་ཀྱི་ལམ་བུ་ཡངས་པོ་ཞིག་དང་། སྐད་ཡིག་འདི་ཉིད་འཛམ་གླིང་མི་རིགས་སྤྱི་ཡི་སྐད་ཡིག་དང་ལྷན་དུ་གོམ་པ་སྤོ་ཐུབ་ཀྱི་འདུག་བསམ། འོན་ཀྱང་ད་ལྟ་རང་ཅག་ཡོངས་ཀྱིས་དྲ་རྒྱའི་ཐོག་ཏུ་རྩོམ་ཡིག་དང་། མཆན་བུ་བཏགས་པ་སོགས་བེད་སྤྱོད་གང་བྱས་ཀྱང་བརྡ་སྤྲོད་དང་མཐུན་པ། ཕན་ཚུན་གུས་ཞབས་ཡོད་པ་སོགས་བྱས་ན་རིམ་བཞིན་རྒྱལ་སྤྱིའི་ཐོག་ཏུ་ཡི་གེ་འདི་ཉིད་ཚད་ལྡན་ཚུལ་མཐུན་དུ་ཡོང་ངེས་སྙམ། ད་ཁོམ་མ་བྱུང་།
བོད་ལྷ་ཀླུ་གཉན་གསུམ་ལགས་ཀྱིས་གསུངས་པ་ལྟར་བོད་ཀྱི་སྐད་ཡིག་ཉམས་རྒུད་དུ་འགྲོ་བཞིན་ཡོད་པའི་ལྟ་བ་འདི་ལ་མོས་མཐུན་ཡོད། བོད་ཀྱི་སྐད་ཡིག་ག་དུས་ནས་ཤུགས་ཆེན་པོར་ཉམས་རྒུད་འགྲོ་འགོ་ཚུགས་པ་ཡིན་ཟེར་ན་༥༩ལོར་གོང་ས་མཆོག་རྒྱ་གར་དུ་ཕེབས་དགོས་བྱུང་བ་དང་། རིམ་པས་བོད་ལ་དམངས་གཙོ་བཅོས་བསྒྱུར་བྱས་ཏེ་རྒྱ་ཡིག་གི་ལམ་ནས་སྲིད་གཞུང་གཉེར་སྐྱོང་ཚུགས་པ་དེ་ནས་བཟུང་བོད་སྐད་ཡིག་ཉམས་འགོ་ཚུགས་པ་ཧ་ཅང་གསལ་པོ་རེད། མི་རྐང་གླིང་བུ་ལགས་ཀྱི་དགོངས་ཚུལ་འདི་ཕལ་ཆེར་གུང་ཁྲན་གྱི་སྐད་ཆ་ལྟར་བྱིས་པ་མགོ་སྐོར་གྱི་སྒྲུང་གཏམ་འདྲ་པོ་འདུག འདས་པའི་དུས་སུ་བོད་ལ་བོད་ཀྱི་སྐད་ཡིག་ཉམས་འགྲོ་ཟེར་བ་དང་། བོད་མི་རིགས་འདི་བརླག་འགྲོ་ཡི་འདུག་བསམ་པའི་སེམས་ཁྲལ་ཆེན་པོ་འདི་དག་མེད། རྒྱུ་མཚན་ནི་སྐབས་དེ་དུས་བོད་མི་རིགས་འདིའི་སྲིད་དཔལ་ཆོས་རིག་ཡོངས་རྫོགས་བོད་ཡིག་གི་ལམ་ནས་གཉེར་སྐྱོང་བྱེད་དབང་ཡོད་པ་རེད། འོན་ཀྱང་རྒྱ་ནག་གི་དྲག་སྣོན་འོག་ཏུ་ཚུད་པ་ནས་བཟུང་བོད་ཀྱི་སྐད་ཡིག་ས་སྲོས་ཀྱི་གྲིབ་སོ་བཞིན་དུ་ཉིན་རེ་བཞིན་ཉམས་བཞིན་ཡོད་པ་རེད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མས་བོད་ཡོངས་ལ་བོད་ཡིག་གི་ལམ་ནས་སྲིད་དཔལ་རིག་གསུམ་གཉེར་དགོས་པའི་དགོངས་དོན་རླབས་པོ་ཆེ་འདོན་དོན་ཡང་བོད་སྐད་ཡིག་ཉམས་པ་སོར་ཆུད་བྱེད་ཐབས་ཤིག་ཡིན་པ་བརྗོད་མ་དགོས་རེད། བོད་མི་རྣམས་ཀྱིས་རྩོད་བཞིན་པའི་རང་བཙན་དང་ཆེས་མཐོའི་རང་སྐྱོང་གང་ཞིག་ཡིན་ཀྱང་བོད་སྐད་ཡིག་གི་ལམ་ནས་མི་རིགས་ཀྱི་སྲིད་དཔལ་ཆོས་རིག་གཉེར་སྐྱོང་ལེགས་པོ་ཞིག་བྱེད་ཐུབ་པའི་ཆེད་དུ་མ་ཡིན་ནམ། གལ་སྟེ་བོད་སྐད་ཡིག་འཕེལ་རྒྱས་འགྲོ་བཞིན་ཡོད་ན་ང་ཚོ་ལ་མི་རིགས་བརླག་པར་དོགས་པའི་སེམས་ཁྲལ་ག་རེ་དགོས་འདུག སྤྱིར་མི་རིགས་ཤིག་ལ་སྐད་ཡིག་དང་། ཁོར་ཡུག བསམ་པའི་འཁྱེར་སོ་སོགས་གྲུབ་བྱེད་མི་འདྲ་བ་འགའ་ཤས་ཡོད་མོད་དེ་དག་ནང་ནས་སྲོག་གི་རྩ་བ་ལྟ་བུ་སྐད་ཡིག་ཡིན་པ་མཁས་པ་རྣམས་ཞལ་མཐུན་རེད། རིག་འབྱུང་ལགས་ཀྱིས་ད་ལྟ་བོད་ཡིག་བེད་སྤྱོད་གཏོང་ས་དྲ་བ་འདི་ཡོ་རེད་གསུངས་འདུག ང་ཚོས་དྲ་བ་འདི་བེད་སྤྱོད་ཡག་པོ་གཏོང་ཐུབ་ན་བོད་སྐད་ཡིག་གོང་འཕེལ་ལ་ནུས་པ་ཐོན་ངེས་རེད། འོན་ཀྱང་དྲ་བའི་ཐོག་བོད་ཡིག་སྤྱོད་རྒྱུ་ཡོད་པ་འདི་བོད་སྐད་ཡིག་འཕེལ་རྒྱས་ཕྱིན་པའི་མཚོན་རྟགས་ཡིན་ནམ་ཟེར་ན་རྩ་བ་ནས་མ་རེད། དྲ་བ་ནི་འཛམ་གླིང་སྤྱི་ཡོངས་སུ་ཁྱབ་བཞིན་པའི་གསར་དར་གྱི་ཤེས་བྱ་ཞིག་ཡིན་པ་དང་། སྔོན་མ་མི་རྣམས་ཀྱིས་ཤོག་ཐོག་ཏུ་ཡི་གེ་འབྲི་བ་དེ་ད་ལྟ་དྲ་ངོས་སུ་སྤོས་པའི་གསར་བརྗེ་ཞིག་རེད། བོད་སྐད་ཡིག་ནི་བཟང་པོའི་ཞོར་ལ་ཇ་ཆང་ལྟར་གསར་བརྗེའི་རླུང་བུ་འདིའི་ནང་དུ་ཚུད་པ་ཙམ་རེད། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བྱམས་པ་ཕུན་ཚོགས་ཀྱིས་ཕྱི་རྒྱལ་དུ་ལག་ཁྱེར་ཁ་པར་ཐོག་ནས་བོད་ཡིག་བརྡ་འཕྲིན་གཏོང་རྒྱུ་ཡོད་པ་དེ་ཁྱབ་བསྒྲགས་བྱས་ནས་བོད་ཀྱི་སྐད་ཡིག་འཕེལ་རྒྱས་ཡོད་ཚུལ་འཁྱོག་བཤད་བྱས་འདུག ངོ་ཚ་རྒྱུ་མེད་པའི་བྱེད་སྟངས་རེད། རྒྱ་ཡིག་མ་ཤེས་པའི་དབང་གིས་བོད་རིགས་གཞོན་ནུ་ཇི་ཙམ་ཞིག་ལས་ཀ་མེད་པར་ལུས་ཡོད། བོད་ལ་མཐོ་རྒྱུགས་ལེན་སྐབས་བོད་ཡིག་སྐར་ལྔ་བཅུ་ལས་མེད་པ་བཟོས་ཏེ་བོད་ཡིག་མི་སློབ་པར་བཙན་འབུད་བྱེད་བཞིན་ཡོད་པ་རེད། མདོར་ན་ང་ཚོ་རྒྱ་མིའི་རྐང་པའི་འོག་ནས་ཡར་ལངས་དགོས་བསམ་ན་རང་མི་རིགས་ཀྱི་སྐད་ཡིག་འདི་ལ་བརྟེན་དགོས་པ་ཡིན་པས་ཚང་མས་སྐད་ཡིག་འདིའི་མདུན་ལམ་འཚོལ་དགོས་པ་ཡིན།
གོང་དུ་དྲ་གྲོགས་རྣམས་པས་བོད་ཡིག་གི་ཐད་འགྲོ་གླེང་གནང་བར་བདག་གིས་ཀྱང་བསམ་ཚུལ་ཐུང་བུ་ཞིག་ཞུ་འདོད་བྱུང་། ད་ལྟའི་ཆར་ང་རང་ཡོད་སའི་བྱང་ཀེ་ལིེ་ཕོར་ནིའི་ནང་མཚོན་ན་། ལོ་ཉི་ཤུའི་འོག་གིས་བོད་རིགས་གཞོན་སྐྱེས་ནང་བོད་ཡིག་འབྲི་ཀློག་སྦྱོར་གསུམ་ཕར་ཞོག་བོད་སྐད་གཙང་མ་བཤད་ཐུབ་མཁན་ཡང་བརྒྱ་ཆའི་༥༠་ལས་མེད་།
ང་ཚོའི་རང་རང་གིས་བུ་ཕྲུག་ཚོ་དཔེ་མཚོན་དུ་བཞན་ནས་བསམ་བློ་ཞིག་བཏང་ན་བོད་ཡིག་དར་རྒུད་ཀྱི་ལྡོམ་བརྩིས་དེ་གསལ་བར་ཤེས་ཐུབ།
ང་ཚོ་སྐོར་ཞིག་གིས་དེས་ཐད་ལས་གཞི་ཆུང་ཆུང་ཞིག་ཀྱང་བརྩམས་ཡོད་པས་དྲ་གྲོགས་རྣམས་པས་གང་ལེགས་གང་བཟང་གིས་ཐབས་ལམ་རེ་ཡང་གནང་རྒྱུ་ཞར་བྱུང་དུ།
http://iamtibetan.wordpress.com/
འོ་དུང་ཡང་ཅིག་བརྗེད་འདུག།
གལ་སྲིད་བོད་པ་ཞིག་ཡིན་ཕྱིན་བོད་ཀྱི་སྐད་ཡིག་མེད་དུ་མི་རུང་བས་རྩོམས་ཡིག་སྤེལ་ན་དབྱིན་ཡིག་དང་རྒྱ་ཡིག་ཐོག་སྤེལ་ཐུབ་ན་ཕན་ཐོག་ཡོང་བར་བསམ་། དེ་ཙམ་ཡིན།
བོད་ཡིག་བེད་སྤྱོད་ཀྱི་ཁྱབ་རྒྱ་དེ་ཕྱོགས་གཅིག་རེད། བེད་སྤྱོད་ཀྱི་ཕྱོགས་ནས་གླེང་དུས། གཙོ་བོ་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་དང་དེའི་ཁྱབ་ཚད། དེའི་ཁོར་ཡུག་བཅས་ཀྱི་ཕྱོགས་ནས་རེད་བསམ། བོད་ཡིག་གི་འཕེལ་རྒྱས་ཕྱོགས་ནས་གླེང་དུས། གཙོ་བོ་བོད་ཡིག་གི་་ཐོག་ལ་ཤེས་བྱ་སྣ་ག་ཚོད་འཛོམས་ཐུབ་ཀྱི་ཡོད་པ་དང་དེས་དངོས་ཡོད་སྤྱི་ཚོགས་ལ་ཞབས་འདེགས་ཅི་ཙམ་ཞུ་ཐུབ་ཀྱི་ཡོད་མེད་སྐོར་ནས་མིན་འགྲོ་བསམ། དེ་གཉིས་ལ་ཁྱད་པར་ཞིག་མེད་འགྲོ་དྲན། འདི་རྨོངས་འཆར་ཡིན།
ངེད་ཀྱི་བསམ་ཚུལ་ལ། ད་ལྟའི་དུས་སུ། བོད་ཡིག་བེད་སྤྱོད་གཏོང་མཁན་གྱི་གྲངས་འབོར་མང་དུ་འགྲོ་གི་ཡོད་པའི་སྣང་ཚུལ་ཞིག་འདུག
འོན་ཀྱང་། བོད་ཡིག་གིས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བའི་ནུས་བ་་དེ་ཉུང་དུ་འགྲོ་གི་ཡོད་པའི་གནས་སྟངས་ཤིག་མཐོང་། དེ་ནི། བོད་ཡིག་ལ་བརྟེན་ནས་ལྟོ་ཟ་མཁན་ག་ཚོད་ཡོད་དམ་ཟེར་བ་འདི་དང་འབྲེལ་བ་འདུག ཡང་ན། བོད་ཡིག་ལ་བརྟེན་ནས་སོ་སོའི་ལྟོ་གོས་བསྒྲུབ་ཐུབ་མཁན་ག་ཚོད་ཡོད་དམ་ཟེར་བ་དེ་ཡང་རེད།
འཛམ་གླིང་སྐད་ཡིག་གི་ཁྲོམ་རའི་ཁྲོད་དུ། བོད་ཀྱི་སྐད་ཡིག་གི་ཁྲོམ་ར་དེའི་རྒྱ་ཁྱོན་ཇི་ཙམ་ཆགས་འདུག་གམ། འདི་ཚོར་བསམ་བློ་གཏོང་རྒྱུ་ཞིག་ཡོད་རེད་དྲན།
བརྡ་སྤྲོད་མཁན་པོ་ཀརྨ་རྡོ་རྗེ་ལགས།
ངས་འགྲོ་གི་ཡིན་ལབ་ན། དེའི་གོ་དོན་ཅི་རེད། ང་འགྲོ་གི་ཡིན་དང་ཐ་དད་པ་རེད་དམ།
བརྡ་སྤྲོད་ཀྱི་གཞུང་ཁག་ན། ངས་འགྲོ་གི་ཡིན་ལབ་ནས་བྲིས་འདུག་གམ། ཡང་ན། འབྲི་སྲོལ་འདི་ཕྱིས་སུ་དར་བ་ཞིག་རེད།
རིགས་འབྱུང་ལགས་ཀྱི་གསུང་དེ་ག་རང་རེད་།
བོད་ཡིག་གིས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་བའི་ནུས་བ་་དེ་ཉུང་ཉུང་རེད་། བོད་ཡིག་ལ་བརྟེན་ནས་ལྟོ་ཟ་མཁན་ཉུང་ཉུང་ཡིན་རྒྱུ་རེད་།
ཡིན་ན་ཡང་། འཛམ་གླིང་སྐད་ཡིག་གི་ཁྲོམ་རའི་ཁྲོད་དུ། བོད་ཀྱི་སྐད་ཡིག་གི་ཁྲོམ་རའི་མ་རྩ་དེ་ནང་ཆོས་རེད་བསམ། སྤྱིར་ན་སྐད་རིགས་གཞན་པས་ཁྲོད་ནང་ཆོས་ཡོད་མོད་། བོད་ཡིག་ཏུ་ཡོད་པ་གནང་བཞིན་སྐད་ཡིག་གཞན་པར་འེ་ཡོད་བསམ་།
རིག་འབྱུང་ལགས་ཀྱིས་གསུངས་པ་ལྟར། བོད་ཡིག་གི་ལྟོ་ཕོར་བཙུགས་མཁན་ག་ཚོད་ཡོད་པར་བལྟ་རྒྱུ་གལ་ཆེན་པོ་ཆགས་ཡོད། རྒྱ་མིས་བོད་བཟུང་བ་ཚུན་དུ་བོད་ཡིག་ལ་བརྟེན་ནས་ལྟོ་ཕོར་འཚོལ་བའི་ཁོར་ཡུག་དེ་རྒྱ་ཆུང་ནས་ཆུང་དུ་འགྲོ་བཞིན་ཡོད། དེ་ལྟར་ན་མི་ཕལ་ཆེ་བ་ལ་འཚོ་བ་དངོས་ཀྱི་ནང་དུ་སྐད་ཡིག་དེ་ཡིས་ཁེ་ཕན་ཇི་འདྲ་ཞིག་སྒྲུབ་ཐུབ་ཀྱི་ཡོད་མེད་ནི་མི་རྣམས་ཀྱིས་སྐད་ཡིག་དེ་སློབ་མིན་གྱི་སེམས་ཤུགས་འབྱུང་ས་ཞིག་ཏུ་ཆགས་ཡོད། དེ་མ་གཏོགས། ཕྱི་རྒྱལ་དུ་ཞིབ་འཇུག་སྡེ་ཁག་འགའ་ཤས་དང་སོག་པོ་བ་རྣམས་ཀྱིས་འདོན་པ་སྐྱོར་སྐབས་བོད་ཡིག་ཀློག་པ་སོགས་དེ་དག་བོད་སྐད་ཡིག་འཕེལ་རྒྱས་ཀྱི་སྐད་ཆ་ཞིག་ཏུ་གླེང་རིན་རྩ་བ་ནས་མེད། དཔེར་ན། ལེགས་སྦྱར་སྐད་ད་ཆ་དཔེ་གཞུང་དང་དགོན་པ། ཞིབ་འཇུག་སྡེ་ཁག་འགའ་ལ་ཡོད་མོད། སྐད་ཡིག་དེ་ཉིད་ཞིབ་འཇུག་གི་རིན་ཐང་ཙམ་ལས་བོར་ཚར་བ་དང་ཁྱད་མེད། གལ་སྲིད་ང་ཚོ་ལ་རང་སྐྱོང་གཙང་མ་ཞིག་དང་རང་བཙན་གཙང་མ་ཞིག་མ་བྱུང་ན། དུས་ཚོད་ཙམ་མ་གཏོགས་བོད་སྐད་ཡིག་གི་ལས་དབང་ཡང་ལེགས་སྦྱར་སྐད་དང་གཅིག་པ་ཆགས་རྒྱུ་རེད། དེ་ལྟར་ན། ང་ཚོས་བསམ་བློ་གཏོང་དགོས་ས་ཡང་བོད་སྐད་ཡིག་དེ་ཇི་ལྟར་བྱས་ནས་ལྟོ་ཕོར་ཅན་དུ་འགྱུར་རྒྱུ་དེ་རེད། པཎ་ཆེན་སྐུ་གོང་མ་མཆོག་གི་དགོངས་པ་ཡང་དེ་རེད། ༸གོང་ས་མཆོག་གི་དགོངས་པ་ཡང་འབབ་ས་དེ་རེད། བོད་སྐད་ཡིག་འདི་ལྟོ་ཕོར་ཅན་དུ་བསྒྱུར་མ་ཐུབ་ན་སྐད་ཡིག་འདི་ཉིད་མི་རྣམས་ཀྱི་འཚོ་ཐབས་དང་མིང་གྲགས། ཁེ་ཕན་ལ་སོགས་པའི་ཁྲོད་དུ་རིམ་པས་མཁའ་ཡི་འཇའ་བཞིན་ཡལ་འགྲོ་རྒྱུ་གཏན་འཁེལ་རེད། འོ་ན་མི་རིགས་རང་གི་སྐད་ཡིག་ལྟོ་ཕོར་ཅན་དུ་ཇི་ལྟར་བསྒྱུར་དགོས་ཞེ་ན། དེ་ནི་མི་རིགས་རང་ཉིད་ལས་འགོ་བཙུགས་ནས་བྱེད་རྒྱུ་ལས་ཐབས་གཞན་མེད། བོད་མི་རིགས་སྤྱི་ཡོངས་ཀྱི་འཚོ་བ་གོང་འཕེལ་གཏོང་བ་དེ་སློབ་གསོ་དང་ཁ་བྲལ་ཐབས་མེད་ལ། བོད་མི་རིགས་སྤྱི་ཡོངས་ལ་སློབ་གསོ་སྤེལ་བར་ལག་ཆ་ཡང་རང་གི་སྐད་ཡིག་དེ་ལས་ལྷག་པ་ཞིག་རྙེད་རྒྱུ་མེད། རྒྱུ་མཚན་ནི་བོད་རིགས་མི་འབོར་གྱི་བརྒྱ་ཆ་ཕལ་ཆེ་བ་ད་ཆ་ཡིག་རྨོངས་ཡིན་མོད། ཕལ་ཆེ་བས་བོད་ཀྱི་སྐད་དེ་བཤད་ཤེས་ཀྱི་ཡོད། འོན་ཀྱང་དབང་སྒྱུར་བས་རྒྱ་ཡིག་མ་ཤེས་ན་ལས་ཀ་རག་ཁག་པ་བཟོས་ཡོད་པའི་དངོས་ཡོད་གནས་ཚུལ་དེས་བོད་ཀྱི་སྐད་ཡིག་ཉམས་རྒུད་འགྲོ་བ་ལ་ཤིང་བཤགས་པའི་སྟེང་ལ་སྣུམ་བཤོས་པའི་ནུས་པ་དེ་ཐོན་བཞིན་པ་རེད།
གཞན་ཡང་ད་ལྟ་བོད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་ཆུང་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་བཙལ་ན། དེ་ནི་རྒྱ་ནག་གིས་བོད་ཡིག་བེད་སྤྱོད་ཁྱབ་ཁོངས་ཉུང་དུ་གཏོང་བཞིན་པའི་འབྲས་བུ་ཡིན་པ་ལས། བོད་སྐད་ཡིག་རང་གིས་མི་རིགས་གཞན་གྱི་སྐད་ཡིག་ལ་མི་དོ་བའི་རྒྱུ་མཚན་རྩ་བ་ནས་མ་ཡིན། དེའི་དབང་གིས་ད་ལྟ་བོད་དུ་ཡིག་ཟམ་ལས་ཁུངས་སུ་བོད་རིགས་རྒན་པོ་ཞིག་ཕྱིན་ན། རྒྱ་ཡིག་རྒྱ་སྐད་མི་ཤེས་པའི་དབང་གིས་ལས་བྱ་དང་གོ་བརྡ་འཕྲོད་ཁག་པའི་ཚད་དུ་སླེབས་ཡོད། དེས་མ་གཏོགས། སྔོན་གྱི་དུས་སུ་བོད་ཡིག་གི་ལམ་ནས་བཅུ་ཕྲག་རིག་གནས་བསྡུས་ཡོད་པ་བཞིན་ད་ལྟ་དང་མ་འོངས་པའི་དུས་སུ་ཡང་བོད་ཡིག་དེ་ལ་ཁོ་རང་གི་ནུས་པ་གསོ་བའི་ཁོར་ཡུག་ཅིག་རག་ན་བོད་ཡིག་འདི་ཡང་དབྱིན་ཡིག་དང་རྒྱ་ཡིག་སོགས་ལས་མགོ་བོ་དམའ་བར་འགྱུར་དོན་མེད། ཤར་ཕྱོགས་ཀྱི་ཡིག་གེའི་ཁྲོད་ནས་མདོ་སྔགས་ཆ་ཚང་བ་ང་ཚོའི་སྐད་ཡིག་འདིས་འཛིནཡོད་པ་བཞིན་་དེང་གི་གསར་དར་ཤེས་བྱ་གང་ཞིག་ཡིན་ཀྱང་ཡིག་གེ་འདིས་ལེན་མི་ཐུབ་པ་ཡོང་དཀའ།
སྐུ་ཞབས་ལ་ལ་ལགས་ནས།
རྒྱ་ནག་གཞུང་གིས་བོད་ཁུལ་བསྟར་བའི་སློབ་གསོའི་སྲིད་ཇུས་དང་ཆབ་སྲིད་འཛིན་སྐྱོང་སོགས་ཀྱི་སྐོར་ལ་། མང་པོ་གསུངས་སོང་།
སྔ་མོ་ནས་གསུངས་གི་འདུག ད་ལྟ་ཡང་མུ་མཐུད་དུ་གསུངས་གིན་འདུག དེ་དག་ལ་རྗེས་སུ་ཡི་རངས། ངེད་ཀྱི་རེ་བར།
སྐུ་ཞབས་ལ་ལ་ལགས་ནས། འདིའི་སྐོར་ལ་རྩོམ་ཐུང་ཞིག་འབྲི་ཐུབ་ན་ཡག་པོ་འདུག འདི་ང་སྒེར་གྱི་རེ་བ་ཙམ་ཡིན།
ལ་ལ་ལགས།་་་་་་་་་་་་་་་་་་་་་་་་་་་་་་གུས་པའི་མཆན་ལ་དོ་སྣང་གནང་བ་ལེགས།
འོན་ཀྱང་གུས་པས་བཏབ་པའི་མཆན་དེ་དག་གུང་ཁྲན་གྱི་སྐད་ཅ་འདྲ་བོ་འདུག་ཟེར་བ་ལས་དམིགས་བསལ་གྱིས་གསལ་བཤད་མ་གནང་བ་དེར་འགྱོད་པ་ཆེ།
སྤྱི་ཚོགས་རྙིང་པའི་སྐབས་སུ་བོད་ཀྱི་ཡི་གེ་འདི་བེད་སྤྱོད་བྱེད་མཁན་ཕལ་མོ་ཆེར་སེར་མོ་བ་ཡིན་པ་རེད། བོད་གཞུང་གི་ཁོང་གཏོགས་ཀྱི་ལས་བྱ་དང་དེ་དག་གི་བུ་ཕྲུག་སོགས་ཉུང་ཤས་ཤིག་གིས་སློབ་གྲྭ་འགྲོ་ནས་སློབ་སྦྱོང་རེག་གི་ཡོད་པ་ལས་གཞན་བོད་ཡིག་སྦྱོང་ས་དགོན་པ་ཁག་ཡིན་པ་རེད། དམའ་རིམ་ཞིང་འགྲོག་ཁུལ་དུ་བོད་ཡིག་ཤེས་མཁན་གྲྭ་ཟུར་འགའ་ཤས་ཙམ་ལས་མེད་པའི་ཚོད་རེད། ཡི་གེ་ཤེས་མཁན་དེ་ལྟར་ཉག་ཕྲ་བས་ཡི་གེ་ལ་བརྟེན་ནས་ཕོར་པ་འཛུགས་མཁན་ཡང་ག་ཚོད་ཡོད་པ་ཟུར་ལྟས་ལེབ་མཐོང་རེད། གྲྭ་པ་རེ་གཉིས་ཨ་མཆོད་བྱེད་ནས་ཞིང་འབྲོག་ཉུལ་ཏེ་ཡོང་འབབ་གསོག་གིན་ཡོད་པ་དེ་དག་བོད་ཡིག་གིས་ལྟོ་སྤྲད་པ་རེད་དམ། གཞན་དགོན་པའི་ནང་དུ་བཞུགས་པའི་བོད་ཡིག་ཤེས་མཁན་དེ་དག་ལ་འཚོ་བ་བཟང་ཙམ་ཡོད་པ་དེ་དག་ནི་དད་ལྡན་གྱིས་ཕུལ་བའི་དཀོར་ཟས་རེད་མ་གཏོགས་བོད་ཡིག་ཤེས་པའི་རྒྱུ་མཚན་གྱིས་ཕོར་པ་འགེངས་པ་མ་རེད།
དྲ་ཐོག་སྤུན་ཟླ་ཁྱེད་ཅག་གིས་ཉིན་མ་འདི་གཉིས་ཀྱི་རིང་དུ་བོད་ཡིག་གིས་བོད་མི་འཚོལ་བའི་སྐོར་ལ་མཆན་པུ་མི་ཉུང་བ་ཞིག་བཏབ་པ་དེར་སེམས་གཏིང་ནས་དགའ་བོ་བྱུང་། ངེད་ཀྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད་མེད་གང་ཡིན་ཡང་། དུས་ད་ལྟ་ནི་ངེད་ཅག་གི་བོད་ཡིག་གིས་བོད་མི་འཚོལ་སྟངས་གླེང་ནས་འོང་དུས། ང་ཚོས་དུས་རབས་འདིའི་ཁྲོད་ཀྱི་བོད་མི་རིགས་ཀྱིས་རང་གི་མི་རིགས་ཀྱི་སྐད་ཡིག་ལ་་བཅིངས་པའི་འདུ་ཤེས་དང་། འཚོལ་སྙེགས་ཀྱི་བསམ་བློའི་ཆ་ནས་གླེང་དགོས་པ་ལས། གནའ་ཤི་ད་བརྒྱད་གླེང་བའི་དུས་ཚོད་ནི། ཆུད་ཟོས་ཀྱི་དུས་ཚོད་ཅིག་ལས་གང་ཡང་མིན་པར་སྣང་། དེས་ན་ད་ལྟ་འུ་ཅག་གིས་ཅི་ནས་ཀྱང་ཤེས་དགོས་པའི་གནད་དོན་དངོས་དེ་ནི། བོད་མི་རིགས་ཀྱི་ད་ལྟའི་མི་རབས་འདིའི་སེམས་ཁོང་དུ་བོད་ཡིག་གི་གོ་གནས་ཇི་འདྲ་ཞིག་ཟིན་གྱི་ཡོད་མེད་དང་། བོད་ཡིག་ལ་བོད་མི་རང་ཉིད་ནས་རིན་ཐང་འཇོག་གི་ཡོད་མེད་དང་། དེ་ལ་དགའ་ཞེན་བྱེད་ཀྱི་ཡོད་མེད་དེ་ཡིན། དགའ་ཞེན་མི་བྱེད་པའི་རིགས་དེ་ནི་བོད་ཡིག་ལ་དུངས་པ་མེད་སྟངས་སྐོར་ལ་ཞིབ་དུ་གླེང་ཐུབ་པ་ཡིན་ན་ད་གཟོད་ང་ཚོས་གླེང་གཞི་འདི་ལ་དགོས་པ་རྒྱུུ་མཚན་ཆེན་པོ་ཡོད་ངེས་ཡིན་ལ། བོད་ཡིག་གིས་ད་ལྟའི་དུས་འདིར་ལས་ཀ་སྤྲོད་མིན་སོགས་གླེང་བ་དེ་ནི་དངོས་ཡོད་ཀྱི་གནད་དོན་ངེས་དེ་མ་ཡིན། དངོས་ཡོད་ཀྱི་གནད་དོན་དངོས་དེ་ནི་བོད་ཡིག་མེད་པའི་བོད་མི་དང་། བོད་སྐད་མི་ཤེས་པའི་བུ་ཕྲུག་འདི་དག་གི་ཤ་གསེང་རུས་གསེང་དུ་བོད་མི་ཟེར་ལར་ཞེན་མཁྲེགས་པོ་ཞིག་ཡོང་ཐུབ་མིན་གྱི་གནད་དོན་དེ་ཡིན། གནད་དོན་དེ་ངོ་ཤེས་པའི་སྒང་ནས་མི་རིགས་ཤིག་སྐད་ཡིག་གཉིས་ཀ་མི་ཤེས་པའི་མི་དེ་ཡི་གྲངས་དེ་ནི་མི་རིགས་དེ་ཡི་རྒྱུད་འཛིན་བྱེད་ཐུབ་མིན་གྱི་གནད་དོན་དེ་ཡིན། དེ་ལ་ཚང་མས་ཐུགས་སེམས་ལེགས་པོ་ཞིག་བཞེས་དེ་མགྲོ་གླེང་མུ་མཐུད་དུ་བྱེད་རོགས། ང་རང་དེང་སང་ལས་བྲེལ་ཆེ་ན་ཡང་། དུས་ཚོད་གང་ཡོད་བཙལ་ནས་དྲ་ཐོག་དུ་ཡོང་ནས་སྤུན་ཟླ་ཁྱེད་ཅག་གི་བསམ་ཚུལ་བགྲོ་གླེང་གི་ཆ་ཤས་ལེན་གང་ཐུབ་བྱེད་ངེས་ཡིན།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱི་ལན་དུ།
མདང་ཁྱེད་རང་གིས་སློབ་གྲྭ་ལ་ཕྱིན་པེ། མདང་ངས་སློབ་གྲྭ་ལ་ཕྱིན་པ་ཡིན།
འདི་རིང་ཁྱོད་ཀྱིས་སློབ་གྲྭ་ལ་འགྲོ་བགྱིད་ཡོད་པེ། འདི་རིང་ངས་སློབ་གྲྭ་ལ་འགྲོ་བགྱིད་ཡོད།
སང་ཉིན་ཁྱེད་རང་གིས་སློབ་གྲྭ་ལ་འགྲོ་བགྱི་ཡིན་པེ། སང་ཉིན་ངས་སློབ་གྲྭ་ལ་འགྲོ་བགྱི་ཡིན།
ང་ཚོས་ཁ་ལ་ལབ་མི་བདེ་བ་འདི་འདྲ་ཞིག་ཡིན་དགོས་ཏེ།
ཕས།
བུ་ཆེ་བ་ཁྱོད་ཀྱིས་མ་ཕྱིན་ན། ཆུང་བས་འདི་བས་ཀྱང་།
ཁྱོད་ཀྱིས་འགྲོ་བགྱིད་མིན་ཟེར་ན། ཁོས་ག་ལ་འགྲོ
ཁྱོད་ཀྱིས་མི་འགྲོ་ཟེར་ན། ཁོས་ཀྱང་། ལྟ་བུའི་བྱེད་སྒྲ་ཐོབ་སྙམ།
ཁྱོད་འགྲོ་གི་ཡིན་པས། ང་འགྲོ་གི་ཡིན། འདིས།
གོང་གི་གང་ཡང་རུང་བ་ཞིག་གི་གོ་ཆོད་པ་བྱས་པ་རེད་འདུག
ངས་གོ་ཚོད་ལ་ནི།
ཁྱེད་རང་འགྲོ་མཁན་དེ་ཡིན་པེ། ང་འགྲོ་མཁན་དེ་ཡིན། ལྟ་བུར་གོ་ན་མི་ཐད་པ་མེད་སྙམ།
དེ་རིང་འདིར་ཡོང་དོན་ནི། ཀརྨ་རྡོ་རྗེ་ལགས་སུ་གསལ་བཤད་ཅིག་བྱེད་འདོད་པ་ཡིན། ཀརྨ་རྡོ་རྗེས་རྗོད་པའི་དུས་གསུམ་གྱི་རྣམ་དབྱེ་སྟོན་ཆེད་དུ་ བགྱི་ བགྱིད་ བགྱིས་ ཞེས་བྲིས་ཡོང་གི་འདུག འདི་ནི་ཁུངས་མི་འཁྱོལ་བའི་སྐད་ཆ་ཞིག་རེད། བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱི།། ཞེས་པའི་བགྱི་འདི་ནི་བྱ་ཚིག་ཅིག་རེད། སྐབས་འདིའི་དུས་གསུམ་གྱི་རྣམ་དབྱེ་སྟོན་མོད་ དེ་ནི་ བྱང་ཆུབ་སེམས་མཆོག་བསྐྱེད་པར་བྱ། བསྐྱེད་པར་བྱོས། སྐྱེ་བར་འགྱུར། སྐྱེས་པར་གྱུར། སོགས་ཀྱིས་རིགས་བསྒྲེས་པ་ཞིག་ཡིན། ད་འདི་ལ་ཨུ་ཚུགས་མ་བྱེད་རོགས། གལ་སྲིད་རྗོད་པའི་དུས་གསུམ་གྱི་རྣམ་དབྱེ་ཁྱོད་ཀྱིས་བཤད་པ་དེའི་ཁུངས་ཡོད་ན་འཁྱེར་ཤོག དེ་མིན་གཡུགས་ཞོག
ང་འགྲོ་དང་ངས་འགྲོ་ཞེས་པ་དེ་ནི་ལྷ་ས་བའི་ཁ་སྐད་ནོར་བ་སྐོར་ཞིག་ཡོད་པ་དེའི་གྲས་རེད། བྱ་ཚིག་གི་རྣམ་དབྱེ་གསལ་པོར་མཁྱེན་ན་འདི་རིགས་ལ་དོགས་གཅོད་བྱེད་དགོས་པ་ཡོད་མ་རེད།
ང་ཚོ་བོད་མིའི་བོད་སྐད།
ང་བོད་མི་ཡིན།
ང་སྐྱེས་ས་བོད་ཡིན།
ང་འཚོ་ས་བོད་ཡིན།
ང་འཆི་ས་བོད་ཡིན།
ང་བོད་པ་ཡིན།
ངའི་ཕ་བོད་པ་རེད།
ངའི་ཕ་ཡུལ་བོད་རེད།
ངའི་ཡུལ་སྐད་བོད་སྐད་རེད།
ང་རྩམ་ཟན་པ་ཅིག་ཡིན།
ང་འབྲོག་ལས་བྱེད་མཁན་ཅིག་ཡིན།
ང་ཞིང་ལས་བྱེད་མཁན་ཅིག་ཡིན།
ང་བོད་སྐད་རྒྱག་མཁན་ཅིག་ཡིན།
ང་གངས་ཅན་པ་ཡིན།
ངའི་ཨ་མ་བོད་མི་རེད།
ངའི་མ་ཡུལ་བོད་རེད།
ངའི་མ་སྐད་བོད་སྐད་རེད།
ང་ཁ་བ་ཅན་པ་ཞིག་ཡིན།
ངའི་ཕ་མ་ཁ་བ་ཅན་ནས་རེད།
ངའི་སྤུན་གཉེན་ཁ་བ་ཅན་ནས་རེད།
ངའི་ཁ་སྐད་དེ་བོད་སྐད་འདི་རེད།
ང་ཚོ་བོད་རིགས་ཤིག་ཡིན།
ང་ཚོ་ཏྰ་ལའི་རྗེས་འབྲངས་ཤིག་ཡིན།
ང་ཚོ་མདོ་དབུས་ཁམས་གསུམ་ནས་ཡིན།
ང་ཚོའི་སྐད་དེ་བོད་སྐད་འདི་ཡིན།
ང་ཚོ་བོད་ལ་སྡོད་མཁན་ཅིག་ཡིན།
ང་ཚོ་ཁག་ཅིག་བཙན་བྱོལ་བ་ཡིན།
ང་ཚོ་ཁག་ཅིག་ཚོང་རྒྱག་མཁན་ཡིན།
ང་ཚོའི་ཚོང་སྐད་དེ་བོད་སྐད་འདི་ཡིན།
ང་ཚོ་གྲངས་ཉུང་མི་རིགས་ཅིག་ཡིན།
ང་ཚོ་ཞི་བའི་འཐབ་རྩོད་པ་ཅིག་ཡིན།
ང་ཚོ་དྲང་བདེན་འཐབ་རྩོད་པ་ཅིག་ཡིན།
ང་ཚོའི་འབོད་སྒྲ་དེ་བོད་སྐད་འདི་ཡིན།
ཀརྨ་རྡོ་རྗེ་ལགས། དངོས་ནས་བོད་པས་བོད་ཡིག་འཚོལ་དགོས་ཀྱི་ཡོད་ཟེར་ནས་གླེང་ན་མི་རིགས་གཞན་གྱི་གོ་ན་དགད་མོ་བླངས་སྲིད་ཀྱང་། ད་ལྟའི་བོད་མི་མི་ཉུང་བ་ཞིག་གིས་བསམ་ཕྱོགས་དང་བྱེད་ཕྱོགས། འགྲོ་ཕྱོགས་དང་དགའ་ཕྱོགས་སོགས་ལ་བལྟས་དེ་འོང་དུས། བོད་མིས་བོད་ཡིག་འཚོལ་བ་ཟེར་བ་དེ་ལས་ལྡོག་ནས་བོད་ཡིག་གིས་བོད་མི་འཚོལ་བ་མི་ཟེར་ཐབས་མེད་ཀྱི་གནས་ཚུལ་འདི་དེ་རིང་བདག་གི་གླེང་གཞི་རུ་འཁྱེར་ཡོང་དོན་ཡང་། འུ་ཅག་གི་མེས་པོ་དམ་པ་ཚོས་དཀའ་ལས་གྲངས་མེད་བརྒྱབ་དེ་གངས་ཅན་མུན་པའི་ཡུལ་ལ་འོད་ཟེར་གྱི་སྒྲོན་མེ་འདི་སྤར་བ་ནས་བཟུང་དེ། དུས་དེ་རིང་གི་བར་དུ་འུ་ཅག་གི་བར་དུ་གསོན་གནས་་ཐུབ་ཡོད་པ་རེད། དུས་དེང་སང་འུ་ཅག་གིས་ཡོད་པ་དེ་ཡར་རྒྱས་དང་རྒྱུན་འཛིན་བྱེད་དགོས་པའི་དུས་ཤིག་ཡིན་དུས། རང་རེའི་མེས་པོ་དག་གི་ཤུལ་རྗེས་དང་། རང་ཅག་གི་མེས་པོ་གོང་མ་རྣམས་ཀྱི་ཞལ་ཆེམས་སྒྲུབ་དགོས་མིན་དངང་། སྒྲུབ་པའི་འགན་ད་ལྟ་འུ་ཅག་ལ་ཡོད་མེད་དེ་དག་གི་སྐོར་ཡིན་དུས། ད་ནི་ང་ཚོ་རང་རང་ས་ནས་བོད་ཡིག་གིས་བོད་མི་འཚོལ་བའི་གནས་ཚུལ་འདི་ལ་འགྱུར་བ་ནས། ཡར་རྒྱས་དང་དར་སྤེལ་བྱེད་རྒྱུའི་དུས་ཚོད་དེ་ནི་ཧ་ཅང་འཕྱི་མེད་ན་སྔ་མེད་པ་ཀུན་གྱིས་ཤེས་གསལ་ལྟར། ད་ནི་ཕྱོགས་སྣེ་གང་ན་ལམ་རེ་ཡོད་ན་དེ་ནས་བོད་ཡིག་འབྲི་བ་དང་བོད་ཡིག་སྤེལ་བ། བོད་སྐད་བཤད་པ་ནི་བཤད་མི་དགོས་པར་བོད་མི་བོད་སྐད་མི་ཤེས་པ་དེ་དག་གིས་ཀྱང་བོད་མི་ཞིག་གི་བོད་སྐད་མ་ཤེས་པ་དང་བོད་ཡིག་མ་ཤེས་པ་ཡིན་ན་ཞབས་འདྲེན་ཆགས་ཡོད་པ་དེ་ཤེས་སུ་འཇུག་རན་ཡིན།
དགེ་འདུན་རབ་གསལ་ལགས་སུ།
ཁྱེད་ཀྱིས། ་་་་་་་གསལ་བཤད་ཅིག་བྱེད་འདོད་པ་ཡིན། འདིས་དུས་གསུམ་ག་རེ་སྟོན་བགྱིད་འདུག
ཀ ཀུན་སློང་ལ། ངས་གསལ་བཤད་ཅིག་བྱེད་འདོད་ཡོད། ཅེས་ན་དུས་ད་ལྟ་བ་རེད།
ཁ པ་ཡིས། ངས་གསལ་བཤད་ཅིག་བྱེད་འདོད་པ་ལ། ད་དུས་ཚོད་ཡོལ་སོང་ལྟ་བུའི་དུས་འདས་པ་རེད།
ག ཡིན་གྱིས། ངས་གསལ་བཤད་ཅིག་བྱེད་བགྱི་ཡིན། ཞེས་པས་དུས་མ་འོང་པ་སྟོན་པ་རེད།
ཡང་། ་་་་བྲིས་ཡོང་གི་འདུག ཅེས་པ་འདི་དུས་གསུམ་གང་གི་ཁོངས་སུ་གཏོགས།
ཀ བྲིས་ཀྱིས། ཁོས་འདི་འདྲ་བྲིས་པ་རེད། དུས་འདས་པ།
ཁ གི་ཡིས། ཁོས་འདི་འདྲ་འབྲི་བགྱི་འདུག མ་འོང་པ།
ང འདུག་གིས། ཁོས་འདི་འདྲ་འབྲི་བགྱིད་འདུག ད་ལྟ་བ།
ང་ཚོའི་དེང་དུས་ཀྱི་སྐད་ཀྱི་ཚིག་ཐུང་ཐོག་མར་གསར་བ་བར་སློབ་དུས་ཚིག་མཐར། ཡིན་མིན། རེད་མ་རེད། ཡོད་མེད། འདུག་མི་འདུག ཅེས་ཀྱིས་ཚིག་ཐག་བཅད་ནས་ཁམས་གཙང་ཞིག་དགོས་བགྱིད་འདུག
མི་རྐང་གླིང་བུ་ལགས་ལ་ཞུ་རྒྱུར།
གུས་པས་ཁྱེད་རང་གི་བཀའ་མོལ་འགའ་ཞིག་གུང་ཁྲན་གྱི་སྐད་ཆ་འདྲ་པོ་འདུག་ཟེར་དོན་ནི། རྒྱ་གུང་་ཁྲན་གྱིས་ད་ལྟ་བར་དུ་བོད་སྐོར་གླེང་སྐབས་བོད་ནི་རྒྱ་མིས་བཅིངས་འགྲོལ་མ་བཏང་གོང་དུ། ཀླ་ཀློ་དང་མུན་ནག་རྗེས་ལུས་ཀྱི་སྤྱི་ཚོགས་ཚད་ལས་འདས་པ་ཞིག་ཡིན་པ་ཡང་ནས་ཡང་དུ་གླེང་གི་ཡོད། སྒྲོ་འདོགས་སྐུར་འདེབས་ལ་དགའ་བའི་གུང་ཁྲན་གྱི་དྲིལ་བསྒྲགས་འདིས་མི་མང་པོ་ཞིག་གི་རྣམ་རིག་དུག་ཆུས་མྱོས་པ་བཞིན་དུ་གུང་ཁྲན་གྱིས་ཅི་ཟེར་ལ་ཡིད་ཆེས་པ་ལས། རང་བློ་ཞིབ་ཏུ་ཕབ་ནས་རྟོག་དཔྱོད་ལ་ཞུགས་ཀྱི་མེད་པ་རེད། གུང་ཁྲན་འདི་ཡང་མི་སེར་མགོ་སྐོར་གཏོང་བ་ལ་ཤིན་ཏུ་ནས་མཁས་པ་རེད། གུང་ཁྲན་གྱིས་བོད་ལ་བྱས་བྱས་རབས་རབས་དཔའ་གཏམ་རེ་འཐེན་དུས་དགོན་པ་ཇི་ཙམ་ཐལ་བར་བསྒྱུར་བ་དང་ཤེས་ཡོན་ཅན་ཇི་ཙམ་གྱི་སྐེ་འཕྲོག་པའི་སྐོར་མི་གླེང་བར་དེ་ལས་ལྡོག་སྟེ་སྔོན་མ་བོད་ལ་སློབ་གྲྭ་ཇི་ཙམ་ཡོད་རབས། དེང་གི་དུས་སུ་བོད་དུ་སློབ་གྲྭ་ཇི་ཙམ་ཡོད་རབས་བཅས་འདས་པའི་ལོ་རྒྱུས་དང་དེ་རིང་གཉིས་བར་གྱི་ཁྱད་པར་གླེང་བ་རེད། མི་རིགས་དང་རྒྱལ་ཁབ་གང་འདྲ་ཞིག་ཡིན་ན་ཡང་ལོ་ངོ་དྲུག་ཅུ་ཙམ་གྱི་གོང་དུ་རྒྱལ་དམངས་སྤྱིའི་སློབ་གསོ་ཐོབ་ཚད་ཉུང་ཉུང་ཡིན་ལ། ད་ལྟ་འཛམ་བུ་གླིང་དུ་རང་དབང་གི་ཕ་སར་འབོད་པའི་ཨ་རིའི་རྒྱལ་ཁབ་འདི་ན་ཡང་ལོ་ངོ་དྲུག་ཅུའི་གོང་དུ་མི་ནག་རྣམས་ལ་མི་དཀར་ལྟར་གྱི་མི་སེར་དབང་ཆ་མེད་པ་རེད། འོན་ཀྱང་མིའི་རིགས་ཀྱི་སྤྱི་ཚོགས་ནི་རིམ་པས་འཕེལ་རྒྱས་ཡོང་བ་ཞིག་ཡིན་པས་ཡི་གེ་ཤེས་མཁན་གྱི་གྲངས་ཚད་ནས་བཤད་ཀྱང་རིམ་པས་མང་དུ་འགྲོ་བ་ནི་ཆོས་ཉིད་ལྟར་དུ་གྱུར་ཡོད་པ་རེད། རྒྱ་ནག་གི་ལོ་རྒྱུས་ལ་བལྟས་ན་ཡང་མི་ལོ་དྲུག་ཅུའི་གོང་དུ་རྒྱའི་སྤྱི་ཚོགས་ནི་ཉུག་རུམ་པ་དང་རྐང་རིལ། ཡིག་རྨོངས་ཀྱིས་ཁེངས་པའི་མི་རིགས་བོད་རིགས་ལས་ལས་དབང་ལྡབ་གྱུར་གྱིས་སྐྱོ་བ་ཞིག་ཏུ་གནས་ཡོད་པ་བློ་གཟུ་བོར་གནས་ནས་ཞིབ་བསྡུར་བྱས་ན་རྟོགས་དཀའ་བ་མ་ཡིན། ད་ལྟའི་རྒྱ་ནག་གི་སྤྱི་ཚོགས་འདི་ཡང་སྲིད་གཞུང་གིས་ཤེས་ཡོན་ཅན་གྱི་རྣམ་ཤེས་ནོར་གྱིས་ཉོ་བ་དང་། ཤེས་ཡོན་ཅན་དེ་དག་བེད་སྤྱད་ནས་མི་སེར་དང་དམག་མི་རྨོངས་སུ་བཅུག་ནས་རྒྱ་གུང་ཁྲན་གྱི་སྲིད་དབང་བརྟན་ཐབས་བྱེད་བཞིན་ཡོད་པ་རེད། ཤེས་ཡོན་ཅན་ཁྲོད་དུ་ལས་རྒྱུ་འབྲས་ལ་བརྩི་མཁན་ནམ་དྲང་བདེན་ལ་བློ་གཏོད་མཁན་རེ་ཟུང་བྱུང་ན་དེ་དག་སྲིད་གཞུང་གི་མིག་ནང་གི་གྲ་མར་འགྱུར་བ་རེད། དེ་ལྟར་མ་ཡིན་པར་སྲིད་གཞུང་གི་བཀའ་དྲིན་རེ་གླེང་སྐབས་འདས་པ་དང་ད་ལྟ་བསྡུར་བ་དང་། རྒྱབ་མ་འཁྱགས་ཙམ་དང་ཁོག་མ་ལྟོགས་ཙམ་འདི་ས་ཆེན་པོ་འདིའི་དྲིན་མ་ཡིན་པར་གུང་ཁྲན་སྲིད་གཞུང་གི་བཀའ་དྲིན་རེད་བཤད་ནས་བསྡད་ན་གུང་ཁྲན་གྱི་མགྲིན་ཚབ་པ་རེད་ཅེས་མིང་ཡང་འདོགས་ཆོག་པར་སྙམ། གཞན་ཡང་རྒྱ་དམར་གྱི་འོག་ཏུ་ཚུད་པ་ནས་བཟུང་བོད་སྐད་ཡིག་ཉམས་རྒུད་དུ་ཕྱིན་པའི་རྟགས་མངོན་གསལ་ཅན་ཞིག་ནི་རྒྱ་རིགས་དང་ཨ་རི་བ་གཙོས་པའི་མི་རིགས་གཞན་དང་རྒྱལ་ཁབ་གཞན་དང་བསྡུར་ན་བོད་རིགས་ཡིག་རྨོངས་བའི་བརྒྱ་ཆ་ལྡབ་གྱུར་གྱིས་མཐོ་བ་ཡོད། རྒྱུ་མཚན་ནི་ང་རང་ཚོ་མི་རིགས་གཞན་པའི་གཡོག་ཏུ་ཚུད་པ་ནས་བཟུང་བདག་པོ་ཉམས་ན་སྒོ་ཁྱི་ཉམས་པའི་ཚུལ་དུ་གྱུར་པ་རེད། དེར་བརྟེན་ང་ཚོས་མི་རིགས་འདིའི་ལས་དབང་འཚོལ་སྐབས་ད་ལྟ་ང་ཚོ་རང་གི་རྩ་བའི་བླ་མ་ཙམ་ལ་ཡང་ཕྱག་དང་མཆོད་པ་བྱེད་དབང་མེད་པ་དང་། འདོད་པའི་བླ་མ་བཙོན་དུ་བཅུག་ནས་མི་འདོད་བླ་རྫུན་ཁྲི་རུ་འགོད་པ། རང་དབང་དགོས་པའི་སྐད་འབོད་ཙམ་བྱས་ན་བཙོན་དུ་འཕེན་པ་བཅས་གཡས་གཡོན་མི་རིགས་དང་རྒྱལ་ཁབ་རྣམས་ཀྱི་ཁྲོད་དུ་གླེང་ན་ཡིད་ཆེས་དཀའ་བའི་ཚུལ་དུ་གནས་པ་འདི་དག་མཐོང་དགོས་ལ། བསྡུར་བ་ཞིག་བྱེད་འདོད་ཀྱང་ད་ལྟའི་དུས་སུ་འཛམ་བུ་གླིང་དུ་མི་རིགས་གཞན་གྱི་ཁྲོད་དུ་སློབ་གྲྭར་འགྲོ་མཁན་ག་ཚོད་འདུག ང་ཚོའི་ཁྲོད་དུ་ག་ཚོད་འདུག མི་རིགས་གཞན་ལ་དབང་ཆ་ག་ཚོད་འདུག ང་ཚོ་ལ་ག་ཚོད་འདུག་ཅེས་འཕྲེད་བསྡུར་བྱ་དགོས་པ་ལས། འདས་པའི་དུས་དང་བསྡུར་ནས་སྡོད་པའི་ངན་གཤིས་འདི་ནི་རྒྱ་གུང་ཁྲན་གྱིས་རང་གི་རྣམ་དཔྱོད་ཀྱི་རིག་པའི་རྩ་ཁ་ལ་རྨ་གཏད་པའི་རྟགས་མཚན་ཡིན་པ་ནི་ཁོ་བོའི་རྨོངས་འཆར་ཡིན། དེ་མིན་དཔེ་ཞིག་བཞག་ན། སྔོན་དུས་ཕ་རན་སིར་ཡིག་རྨོངས་བས་མི་འབོར་གྱི་བརྒྱ་ཆ་༩༠ཡན་ཟིན་མོད་ད་ཆ་ཕ་རན་སི་ནི་སློབ་གསོ་འཕྲོད་ཚད་མཐོ་ཤོས་ཀྱི་རྒྱལ་ཁབ་ལ་གྱུར་ཡོད། ཡིག་རྨོངས་བ་ཉུང་དུ་འགྲོ་བ་ནི་འཛམ་གླིང་སྤྱི་ཡི་འཕེལ་ཕྱོགས་ཡིན་ལ། སྔོན་མ་ཡི་གེ་ཤེས་མཁན་ནི་དབང་སྒྱུར་རིམ་གྲས་དང་ཆོས་ལུགས་མི་སྣ་ཙམ་གྱི་ཁྲོད་དུ་ཡོད་པ་ལས་འབངས་མི་སེར་ནང་ཉུང་ཉུང་ཡིན་པ་ནི་འཛམ་གླིང་སྤྱིའི་ཐུན་མོང་གི་གནས་སྟངས་ཤིག་ལས་བོད་ཁོ་ན་དམིགས་བསལ་དེ་འདྲ་མ་ཡིན་ཟེར་འདོད་པ་ཡིན། ཐུགས་སུ་འཛིན་པར་ཞུ།
རིག་འབྱུང་ལགས། ཁྱེད་རང་གིས་གསུངས་པ་ལྟར་ཁོ་བོ་ལ་དུས་དང་རྐྱེན་འཛོམས་ན་འདིའི་སྐོར་རྩོམ་ཞིག་ཡིན་ཅིག་འབྲི་ཐུབ་པ་བྱེད་ཀྱི་ཡིན། ཁྱེད་རང་གི་སྐུལ་མ་ལ་བཀའ་དྲིན་ཆེ་ཞུ།
བོད། ལྷ་ཀླུ་གཉེན་གསུམ་ལགས།
ཁྱད་རང་གི་རྩོམ་དེ་ཕན་ཐོགས་ཅན་ཞིག་རེད། མདོར་ཧྲིལ་གྱིས་བསྡུས་ན། བོད་ཡིག་ཤེས་ཚད་ཡོད་མཁན་གྱི་གྲངས་ཀ་སྔར་ལས་མང་ཡང་། བོད་ཕྱི་ནང་གཉིས་སུ་བོད་སྐད་རྒྱག་ཤེས་མཁན་གྱི་བརྒྱ་ཆ་དེ་ཉུང་དུ་འགྲོ་བགྱིད་ཡོད་པ་འདི་ལ་ང་རང་ཡང་བློ་འཚབ་ཅུང་ཟད་ཡོད། བོད་སྐད་དར་གྱུར་ཅིག །
ཡང་། རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱིས། ་་་་་་བརྡ་སྤྲོད་ཀྱི་གཞུང་ཁག་ན། ་་ཞེས་པ་དང་། དགེ་རབ་ལགས་ཀྱིས། ་་་ཁྱོད་ཀྱིས་བཤད་པ་དེའི་ཁུངས་ཡོད་ན་འཁྱེར་ཤོག ཅེས་པའི་ཁུངས་ནི། འཇམ་དབྱངས་མི་ཡི་རྣམ་སྤྲུལ་སློབ་དཔོན་ཐོན་མིའི་རྟགས་འཇུག་རྩ་བ་ལས། །མཐའ་སྦྱར་འོག་མའི་མིང་དོན་ལས། །ཞེས་པ་འདི་ངའི་ཁུངས་ཡིན།
ལ་ལ་ལགས་ཀྱིས་གསུང་པར་རྒྱུ་མཚན་འདུག་་་་་་་་་་་་་་འོན་ཀྱང་སྔ་མ་དང་མ་བསྡུར་ན་ད་ལྟ་མི་མཐོང་ལ་ཕྱི་ལྟས་ཤིག་མ་བྱས་ན་ག་ཚད་ཅིག་སླེབས་ཡོད་པའང་་རྟོགས་མི་ཐུབ། དེས་ན་ངས་སྔོན་དང་ད་ལྟའི་བར་གྱི་ཡིག་རྨོངས་ཀྱི་གྲངས་འབོར་ཉུང་ཕྲི་སོང་བའི་སྐོར་ནས་བཤད་པ་ཡིན། ཀུན་སློང་མ་དག་པ་མིན་ནའང་བཤད་སྟངས་ཤིག་དང་། ཡང་ན་གོ་སྟངས་ཤིག་གིས་གུང་ཁྲན་གྱི་སྐད་ཅ་ལྟ་བུ་ཞིག་ཏུ་ཆགས། དེ་ནི་བཤད་སྟངས་ཤིག་དང་གོ་སྟངས་ཙམ་ཞིག་ཡིན་པས་རྩོད་དགོས་དོན་མེད།
ད་ཧྲིལ་གྱིས་བསྡུས་ན་ང་ཚོའི་སྐད་ཡིག་འདི་ཇི་ཙམ་འཚོ་ཐུབ་མིན་དང་། བོད་ཡིག་དང་བོད་སྐད་མི་ཤེས་པའི་བོད་རིགས་རྣམས་ཀྱི་སེམས་ཁོངས་སུ་བོད་འཛིན་གྱི་ལྟ་བ་ཚད་མཐོ་དམན་ག་ཚད་ཡོད་པ་གཉིས་ནི་སྐད་ཆ་འདི་དག་གི་ཡོང་ཁུངས་དང་། གཏིང་རིམ་དེ་དག་ཡིན་པ་འདྲ།
དང་པོ་ང་ཚོའི་ཕ་སྐད་འདི་བོད་རྒྱུད་ནང་བསྟན་དང་སྐྱ་སྒྲིལ་ནས་ཡོད་པས་འདི་ཉིད་མ་ཉམས་ཀྱི་བར་དུ་སྐད་ཡིག་འདི་ཉིད་ཀྱང་མཐོ་མཐོ་དང་དམའ་དམའ་འགའ་རུ་འགྱུར་སྲིད་ཀྱང་ཉམས་ཆག་ཚབས་ཆེན་ཡོང་བར་མི་སེམས་སོ།།
གཉིས་པ་བོད་ཀྱི་སྐད་ཡིག་མེ་ཤེས་པའི་བོད་པ་རྣམས་ཀྱི་སེམས་ཁོང་ན་བོད་འཛིན་གྱི་ལྟ་བ་ཀྱང་དམིག་བསལ་གྱི་ཆུང་བ་མི་ཤེས་ཀྱང་། བོད་ཀྱི་རིག་གཞུང་ལ་བཞག་པའི་བརྩེ་དུངས་དང་བག་ཆགས་ཅུང་ཟད་སྲབ་པ་མིན་གྲང་བསམས།
སྔོན་ཆད་བོད་ཡིག་གི་རིན་གོང་མཐོ་བ། གསེར་དངུལ་སྤྲད་ནས་འབྲི་རུ་འཇུག་མཁན་སོགས་མང་པོ་ཡོད་པ་ནི་བོད་ཡིག་འབྲི་ཤེས་པའི་གྲངས་འབོར་ཧ་ཅང་ཉུང་བའི་རྐྱེན་གྱིས་རེད། དེ་ཡག་རྟགས་ཤིག་མ་རེད། དེང་སང་གསེར་དངུལ་སྤྲད་ནས་མཁས་པ་གླ་མི་དགོས་པ་འདི་བོད་མི་ཚོས་བོད་ཡིག་འབྲི་ཀློག་བྱེད་པར་གཞན་གྱི་ནུས་པ་འཚོལ་མི་དགོས་བའི་དུས་སུ་སླེབས་ཡོད་པའི་རྟགས་ཤིག་རེད་ལ། དེ་ནི་བོད་མི་ཚོས་རང་གི་མིང་ལ་བོད་ཡིག་ཟེར་བ་ངོས་ཟིན་གསལ་བོ་ཐེབས་ཡོད་པས་རྟགས་ཤིག་ཀྱང་རེད། དེ་ལ་སྨྲེ་ངག་མི་འདོན་པར་དགའ་བ་བསྒོམ་དགོས་དགོས་པ་ཡིན།
མགོ་ལོག་མགོན་ཐོ་ལགས། ཉིད་ནས་དེ་ལྟར་བསམ་པ་ནི་ནོར་བ་རེད། སྔོན་ཆད་ཀྱི་བོད་ཡིག་ལ་གོང་ཚད་ཡོད་པ་གོ་གནས་ཡོད་པ་བཅས་རེད། ད་ལྟ་གོ་གནས་མེད་པ་དང་གོང་ཚད་ཆུང་བས་རེད། དེ་གཉིས་ཀྱི་ཁྱད་པར་ཤེས་པར་གྱིས་ཤིག ལྷག་པར་རྒྱལ་ཁབ་གཞན་དག་གི་ཡི་གེ་ནི་གོང་ཆེན་པོ་ཆགས་ཡོད་ལ། གོ་གནས་ཀྱང་མཐོ་རུ་འགྲོ་བཞིན་པ་དེ་ལ་བསམ་གཞིགས་ཞིབ་མོ་ཞིག་གནོང་རོགས་ཞུ། དེ་ཙམ་ཞུ། ཁོམ་མ་སོང་འགྲོ་དགོས་ཐུག་སོང་།
གནད་དོན་འདིའི་སྐོར་ལ་ཁ་རེ་གྲགས་ན་བསམ་ནས་སྒུག་ཡོད།
བོད། ལྷ་ཀླུ་གཉན་གསུམ། ཁྱེད་རང་གི་རྩོམ་དེ་ཡག་པོ་ཞིག་བྲིས་འདུག གཤམ་དུ་མཆན་བཀོད་མཁན་ཚོས་ཡང་ཡག་པོ་གསུངས་འདུག ཐུགས་རྗེ་ཆེ། བོད་ཡིག་དེ་དར་སྤེལ་དང་དར་ཁྱབ་ཇི་ལྟར་བྱེད་དགོས་པའི་ཐད་མུ་མཐུད་གླེང་དགོས་འདུག དེ་ངའི་རེ་བ་ཡིན། མུ་མཐུད་ཡིན་ད།
བོད་ཡིག་ལགས། ངས་དེ་ཡི་རྗེས་སུ་བོད་མིས་བོད་ཡིག་ལ་བཅིངས་པའི་བརྩེ་བ་ཆུང་དུ་འགྲོ་བཞིན་པའི་གནད་དོན་ཟེར་བ་ཞིག་ཀྱང་བྲིས་ནས་དྲ་ཐོག་འདི་ན་ཡོད། དེ་ལ་གཟིགས་ནས་བསམ་ཚུལ་རེ་གསུང་རོགས་ཞུ། ང་ཚོས་རང་ཉིད་གང་དུ་གཏོགས་པ་དེ་ངོ་ཤེས་པ་གཅིག་བུས་འགྲིག་གི་མི་འདུག དེར་ཁས་ལེན་དང་བརྩི་སྲུང་བྱེད་དགོས་ཀྱི་འདུག