བེ་རི་རྒྱལ་སྲས། དགེ་འོས་མཐོ་སློབ།
དེང་སང་ཁ་ཐོགས་ཚད་ཀྱི་བཙན་བྱོལ་བོད་མའི་བོད་ཡིག་གི་གནས་བབ་ཞན་དུ་འགྲོ་བའི་ཐད་སེམས་འཚབ་དང་བསམ་ཚུལ་འདྲ་མིན་གླེང་བཞིན་པའི་སྐབས་འདིར། ད་ལྟའི་བོད་ཡིག་དགེ་རྒན་ཚོ་ལ་ལག་ཟུང་ཐལ་མོ་སྦྱར་ནས་གསོལ་འདེབས་གཅིག་རང་ཞུ་རྒྱུ་ཡོད་པ་དེ་ནི། བཀུར་འོས་བོད་ཡིག་དགེ་རྒན་ཚོ། ཁྱེད་རྣམ་པས་འཛིན་གྲྭའི་ནང་གསུང་ཆོས་མ་གནང་རོགས། ཞུ་རྒྱུ་དེ་ཡིན།
བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཟུར་ཕལ་མོ་ཆེས་ཁ་གཅིག་གྲགས་ཀྱིས་སློབ་དགེ་ཚང་མའི་ནང་ནས་ཉོབ་ཤོས་ནི་བོད་དགེ་དང་། དེའི་རྐྱེན་གྱིས་སློབ་ཚན་ཚང་མའི་ནང་ནས་ཉོབ་ཤོས་ནི་བོད་ཡིག་རྩི་བའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་ནམ། ཁོ་བོས་བལྟས་ན། དེ་ནི་སློབ་དགེ་རྣམ་པ་དང་འབྲེལ་བ་ཆེ་སྙམ་སྟེ། སློབ་ཕྲུག་རེ་གཉིས་བོད་ཡིག་གི་ཐོག་ལྟ་སྟངས་ཞན་པོ་ཡོད་ཚེ། སློབ་ཕྲུག་ག་གེ་མོའི་ནོར་འཁྲུལ་ཡིན་དུ་ཆུག་ཀྱང་། སློབ་ཕྲུག་ཕལ་མོ་ཆེའི་གྲུབ་འབྲས་’’བཟོ་གྲྭ་གཅིག་ནས་བཏོན་པ་’’ལྟར་འགྱུར་དུས་དེ་ནི་སློབ་དགེ་དང་འབྲེལ་བ་མེད་ཅེས་ནམ་ཡང་ཤོད་མི་ཐུབ་པར་གྱུར་ཡོད།
དེས་ན། ཁོ་བོས་ད་བར་དོ་སྣང་བྱུང་བར་གཞིགས་ན། ཨིན་དགེས་འཛིན་གྲྭའི་ནང་ལངས་ནས་སློབ་ཁྲིད་གནང་དུས། བོད་དགེ་རྐུབ་སྟེགས་སྟེང་བསྡད་ནས་འཁྲིད་བཞིན་ཡོད། ཨིན་དགེས་ནག་པང་རི་མོ་དང་མིང་ཚིག་གིས་བཀང་དུས་བོད་དགེས་ནག་པང་སྟོང་པར་བཞག་ཡོད། ཨིན་དགེས་ཉིན་རེའི་མི་ཚེ་དང་སྦྱར་ནས་དཔེར་བརྗོད་གསར་པ་མང་དུ་འབྲི་དུས། བོད་དགེས་སློབ་དེབ་ནང་ཡོད་པའི་དཔེར་བརྗོད་རྣམས་བཤུ་བཞིན་ཡོད། ཨིན་དགེས་རྩེད་མོའི་ལམ་ནས་དག་ཆ་འཁྲིད་དུས་བོད་དགེས་དབྱུག་པ་ཞིག་བཟུང་ནས་རྩ་བ་བློ་འཇུག་ལེན་བཞིན་ཡོད། ཨིན་དགེས་སྒྲུང་ཐུང་འདྲ་མིན་བསླབས་ནས་སྐད་ཡིག་ལ་དོ་སྣང་བསྐྲུན་དུས། བོད་དགེས་མིག་བཙུམ་ནས་ཆོས་འཆད་བཞིན་ཡོད། ཨིན་དགེས་སློབ་ཕྲུག་ལ་རྩོམ་ཐུང་དང་སྙན་ཐུང་འདྲ་མིན་འབྲི་རུ་འཇུག་དུས་བོད་དགེས་”རྟག་ཞི་བ་” སུ་ཡིན་མིན་རྩོད་རྒྱག་བཞིན་ཡོད། ཨིན་དགེས་སློབ་ཚན་དང་འབྲེལ་བའི་གཏམ་བརྗོད་འཁྲབ་ཏུ་བཅུག་ནས་སྐད་ཡིག་གི་གནས་ཚད་གོང་མཐོར་གཏོང་དུས། བོད་དགེས་བརྡ་སྤྲོད་ཀྱི་གྲངས་འདྲེན་བློ་འཇུག་ལེན་བཞིན་ཡོད། ཨིན་དགེས་སློབ་མ་ལ་ཉིན་ཐོ་འབྲིར་འཇུག་དུས། བོད་དགེས་བོད་ཡིག་གི་དྲི་བ་དྲིས་ལན་བློ་ལ་འཛིན་དུ་འཇུག་བཞིན་ཡོད། ཨིན་དགེའི་འཛིན་གྲྭ་དགོད་སྒྲ་ཡིས་ཁེངས་དུས་བོད་དགེའི་འཛིན་གྲྭ་གཉིད་ཅོག་གིས་བརྒྱངས་ཡོད། ཨིན་དགེས་ཉིན་ལྟར་སློབ་མའི་འབྲི་དེབ་ཞུ་དག་བྱེད་དུས། བོད་དགེས་སློབ་མ་རྣམས་ལ་བོད་ཡིག་འབྲི་དེབ་ཡོད་མེད་ཀྱང་ཤེས་ཀྱི་མེད། ཨིན་དགེས་སྐར་མ་༥༠ ལས་༣༠ ཙམ་སློབ་ཕྲུག་ལ་བྱེད་དུ་འཇུག་དུས། བོད་དགེས་ལྷག་བསམ་ཆེན་པོས་སྐར་མ་ ༥༥ ལྷག་རང་ཉིད་རྐྱང་པས་འཆད་བཞིན་ཡོད། ཨིན་དགེས་སློབ་མ་རྣམས་ཉོབ་སོང་ན་སྒྲུང་གཏམ་ཐུང་ངུ་རེ་བཤད་ནས་སློབ་ཚན་འཁྲིད་དུས། བོད་དགེས་གདོང་ནག་པོ་བསྟན་ནས་ཚོགས་གཏམ་སྤྲོད་བཞིན་ཡོད། ཨིན་དགེས་ཨིན་ཡིག་གི་ཁེ་ཕན་གླེང་ནས་སྤྲོ་སྣང་སྤེལ་དུས། བོད་དགེས་སློབ་ཕྲུག་རྣམས་བོད་ཡིག་སྐྱོ་རབས་དང་སྡུག་རབས་གླེང་ནས་སློབ་མའི་སེམས་ཤུགས་གཅོག་བཞིན་ཡོད།
མདོར་ན། ང་ཚོ་བཙན་བྱོལ་བའི་བོད་ཕྲུག་རྣམས་བོད་ཡིག་ལ་ཞེ་གཏིང་ནས་མི་འདོད་པ་ཞིག་མིན་པར་སློབ་གྲྭའི་གནས་སྐབས་སུ་སློབ་དགེའི་བྱེད་བབ་དང་འབྲེལ་ནས་བོད་ཡིག་ལ་དགའ་ཞེན་ཆུང་དུ་སོང་བ་ནི། རང་གི་ཉེ་འཁོར་དུ་ཡོད་པའི་སློབ་ཕྲུག་རྣམས་ལ་སྤྱི་བཏང་གི་ཚུལ་དུ་སྐད་ཆ་རེ་དྲིས་ན། གནས་བབ་ངོ་མ་དེ་རང་བཞིན་གྱིས་ཤེས་འོངས། དེས་ན། ང་ཚོས་ཅི་ཞིག་བྱེད་དགོས་ཤེ་ན། གལ་ཏེ་ཁྱེད་ཉིད་སློབ་མ་ཞིག་ཡིན་ན། རང་ཉིད་ཀྱི་བོད་དགེ་ཡར་བཞེངས་ནས་འཁྲིད་ཀྱི་འདུག་གམ་མི་འདུག དཔེར་བརྗོད་གསར་པ་འཇོག་གི་འདུག་གམ་མི་འདུག འབྲི་དེབ་ལ་ཞུ་དག་གནང་གི་འདུག་གམ་མི་འདུག་སོགས་ལ་ཞིབ་འཇུག་བྱེད་དགོས་ལ། འབྲེལ་ཡོད་འགན་འཛིན་ཞིག་ཡིན་ན་བོད་དགེའི་གནང་ཕྱོགས་ལ་བསྐྱར་ཞིབ་གནང་དགོས། རང་ཉིད་བོད་དགེ་ཞིག་ཡིན་ན་ངེས་པར་དུ་རང་ཉིད་ཀྱི་སློབ་འཁྲིད་ཀྱི་ཐབས་ལམ་ལ་དགེ་སྐྱོན་གང་ཞིག་ཡོད་མེད་ཞིབ་ལྟ་གནང་དགོས། མ་མཐའ་ཡང་། ཁྱེད་ཀྱི་འཛིན་གྲྭའི་ནང་གསུང་ཆོས་གནང་མཚམས་བཞག་ནས་བོད་ཕྲུག་གི་”འབྲི་ཀློག་ཉན་བཤད་”ཀྱི་ནུས་པ་གོང་མཐོར་གཏོང་བའི་ཐབས་ལ་འབད་དགོས།
འདི་དག་ནི་ཁོ་བོས་བོད་དགེ་རྣམ་པར་སྐྱོན་འཛུགས་མིན་པར་རང་ཉིད་ཀྱང་བོད་དགེ་ཞིག་ཡིན་པ་དང་། རང་ཉིད་ཀྱིས་ཀྱང་ལམ་ཁ་དེ་བརྒྱུད་དེ་འོངས་ཤིང་། དེའི་སྐྱོན་ཆ་རྣམས་གསལ་བར་ཤེས་པའི་དབང་གིས། ང་ཚོ་བོད་དགེ་རྣམས་ཀྱིས་གནད་དོན་དེ་དག་གི་ཐོག་བསྐྱར་བཅོས་བྱས་ན། ད་གཟོད་ང་ཚོའི་དྭངས་གཙང་ལྷད་མེད་ཀྱི་བོད་ཕྲུག་རྣམས་བོད་ཡིག་ལ་དགའ་ཞེན་ཡོང་བར་ངེས་པས་སོ།། མཇུག་ཏུ་རྩོམ་ཡིག་འདི་བཀླགས་རྗེས་ཁྱེད་ཀྱི་ཐུགས་ལ་ཕོག་པར་གྱུར་ན། ཁྱེད་ཉིད་ནི་ངའི་རྩོམ་ཡིག་འདིའི་དམིགས་བྱ་གཙོ་བོ་ཡིན་པས། ཁྱེད་ཀྱིས་ངེས་པར་འགྱུར་བཅོས་གཏོང་བའི་དུས་ལ་བབས་སོ།། ༢༠༡༦། ཟླ་བ། ༡༡། ཚེས། ༡༨ ཉིན།
ཁ་བྱང་མ་གཏོགས་ཀློག་མེད། མིག་བཙུམ་བསྡད་ན་ཡང་ཅི་འཆད་རྒྱུ་ཡིན་པ་ངས་སྔ་ས་ནས་ཤེས་སང་། དེ་བོད་དགེ་ཚང་མ་མ་རེད། ལྦ་ར་ཎ་སི་ནས་ཐོན་པའི་རྒན་པོ་སྐོར་ཞིག་རེད།
ཐུགས་སྣང་ཡག་པོ་གནང་འདུག་ཐུགས་རྗེ་ཆེ་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལྷན་ཁང་ནས་བོད་དགེ་ཚོར་ཟབ་སྦྱོང་མང་པོ་གནང་གི་འདུག་དེ་ཚོའི་སྐོར་ལ་ཐུགས་སྣང་མ་བྱུང་བ་ཡིན་ནམ་?
བཙན་བྱོལ་ནང་གི་བོད་ཡིག་གནས་ཚད་སྐྱོ་ནས་སྐྱོ་རུ་འགྲོ་བཞིན་པ་དང་། བོད་ནང་ཆོལ་ཁ་གསུམ་ལ་མཚོན་ན་མདོ་སྨད་ཕྱོགས་ཀྱི་བོད་ཡིག་གི་གནས་ཚད་ལྡབ་འགྱུར་གྱི་ཡག་པོ་ཡིན་པ། ལྷག་པར་དུ་འཆད་རྩོད་རྩོམ་གསུམ་ལས་རྩོམ་རིག་ཕྱོགས་ལ་བཙན་བྱོལ་ནང་གི་གནས་ཚད་སྐྱོ་བ་དེ་གོང་གི་རྩོམ་ཡིག་ནང་གསུངས་པ་ལྟར་དང་། ལྷག་པར་ཏུ་སློབ་དེབ་དང་སློབ་དགེ་གཉིས་ལ་རག་ལུས་ཡོད། སློབ་དེབ་ནང་དོན་བྱིས་པའི་བསམ་བློའི་འདུ་ཤེས་དང་མི་འཚམ་པ་དང་། དུས་དང་སྤྱི་ཚོགས་གཉིས་ལ་མི་མཐུན་པ་སོགས་མང་དུ་ཡོད་པས་སོ།། ཨོ་ལགས་སོ།།
་་་་་་་་་ རང་ཉིད་བོད་དགེ་ཞིག་ཡིན་ན་ངེས་པར་དུ་རང་ཉིད་ཀྱི་སློབ་འཁྲིད་ཀྱི་ཐབས་ལམ་ལ་དགེ་སྐྱོན་གང་ཞིག་ཡོད་མེད་ཞིབ་ལྟ་གནང་དགོས། ་་་་་་་་་་
བེ་རིས་གསུངས་པ་ལ་དགའ་བསུ་དང་རྒྱབ་སྐྱོར་ཡོད། འདི་དངོས་གནས་བདེན་པ་རེད། བོད་སྐད་འདི་ཡུན་དུ་གནས་པར་བྱ་དགོས་ན། འདི་ཆོས་སྐད་ཙམ་གྱིས་འདུ་ཤེས་མེད་པར། ཁ་སྐད་དུ་སློབ་དགོས། ཁ་སྐད་དེ་ཡང་ཡིག་ཐོག་ཏུ་གཅིག་མཚུངས་ལ་འབད་དགོས། དེས་ན་་་་་་་ ད་མི་བཤད།
གྲྭ་ལོག་དང་ཇོ་ལོག་བྱས་མྱོངས་བའི་དགེ་རྒན་ཚང་མ་གཏན་ཕུད་བྱེད་པ་དང་། དེ་དག་གིས་བསྐྱངས་བའི་བོད་དགེ་མི་སྐྱ་ཕོ་མོ་རྣམས་ཀྱང་གཏན་མེད་དུ་བཞག་ནས། དུས་རབས་ཉེར་གཅིག་པའི་བོད་དགེ་གསར་བ་གསོ་སྐྱོངས་བྱེད་ཐུབ་ན། དགེ་བ་འབྲས་བུ་ཆེན་པོ་ཡོད་འགྲོ། དེ་མིན། ག་རེ་བྲིས་ན་དོན་མེད་རེད། གྲྭ་ལོག་གིས་རྫོད་པའི་རྒྱ་གར་བཙན་བྱོལ་ལ་རེ་བ་མི་འདུག།
གཞིས་བཞུགས་བོད་མི་བརྒྱ་ཆ་དགུ་བཅུ་ལྷག་གོང་ས༧མཆོག་གིས་དབུ་ཁྲིད་པའི་རྒྱ་གར་བཙན་བྱོལ་ལ་རེ་བ་བཅངས་བཞིན་ཡོད། རེ་བ་རྒྱག་མཁན་དེ་ཚོ་ཚང་མ་ཞ་ར་དང་ལྐུགས་པ་ཡིན་རྒྱུ་མ་རེད་སྙམ། མྱི་ངན་རེ་ཟུང་གིས་ཡུལ་གྱར་བོད་མིའི་སྒྲིག་འཛུགས་འདི་རྩ་གཏོར་འགྲོ་ན་བསམ་རེ་ཡོད་རེད་ལ་དེའི་ཐད་དངོས་ཤུགས་རྒྱུད་གསུམ་བྱ་ངན་སྤེལ་གྱི་ཡོད་ཀྱང་དུས་ནམ་ཡང་དོན་དག་འདི་འགྲུབ་ཐུབ་ཀྱི་མ་རེད་གདའ། བཙན་བྱོལ་ནང་ཆོས་དགེ་དང་གྲྭ་ལོག་བོད་དགེ་ཚོས་བོད་ཀྱི་སྐད་ཡིག་ཐད་ལ་ཞབས་འདེབས་ཆེན་པོ་ཞུས་ཡོད་རེད་ལ་མ་འདངས་ས་ཡང་མང་པོ་ཡོད། ཡིན་ནའང་ཚང་མ་ལ་རྒྱུག་པ་ལེབ་བརྡུངས་བཟོ་ན་ཨེ་འགྲིག་གམ།
འབོད་སྐུལ་གནད་ཅན་ཞིག་གནང་འདུག རྫིག་མདོག་ཁ་པོའང་བཤད་འདུག བོད་དགེ་ཚོར་འབོད་སྐུལ་ཞུ་རྒྱུ་གཅིག་རང་གཅིག་ཡོད། དགེ་རྒན་ཚོ། བོད་དགེ་ཚོ། རྣམ་པ་ཚོས་རྩོམ་ཡིག་སྤེལ་ན། ཡིག་ནོར་མེད་པ་རེ་སྤེལ་གནང་རོགས། ཁྱེད་ཚོས་ཡིག་ནོར་ཅན་གྱི་རྩོམ་ཡིག་སྤེལ་སྟངས་འདི་མཇལ་མི་བདེ་བ་ཞིག་འདུག དགེ་རྒན་ཚོས་ཡིག་ནོར་སྤེལ་བསྡད་པ་ཡིན་ན་་་ ་་་་་
ཡག་པོ་གསུངས་འདུག་ཡིན་ཡང་།
དེ་ཙམ་རང་སྙན་པོ་ཞིག་མཐོང་མ་སོང་། འདི་འཁོར་ཡུག་གི་དབང་གིས་མའི་བསམ་བློར་འགྱུར་བ་ཐེབས་པ་རེད་མ་གཏོགས། སྐད་ཡིག་རང་ངོས་ནས་བཙན་བྱོལ་སྥྱི་ཚོགས་ནང་ཞབས་ཞུ་གནངས་མ་ཐུབ་པར་ངོས་འཛིན་བྱེད་མི་སྲིད་།
ང་ཡང་ལོ་རྒན་སློབ་དགེ་ཞིག་ཡིན། སློབ་ཁྲིད་བྱེད་དུས་ངས་བཤད་པ་དེ་ཚོ་ལ་གོ་རྒྱུ་ཞིག་འདུག་གམ། ཞེས་ཡང་དང་དུ་དྲི་བར་བྱེད། འཛིན་གྲྭ་བཅུ་བཞི་པ་དང་། བཅུ་དྲུག་པའི་སློབ་གྲྭ་ཚོ་ལ་དྲི་བ་བཀོད་སྐབས་ཁ་ཤས་ཀྱིས་ལན་ལེགས་པར་བརྒྱབས། ཁ་ཤས་ཀྱིས་ལན་རྒྱབ་མི་ཤེས་པ་འདུག ལན་རྒྱབ་མི་ཤེས་པ་ཚོར་མདུན་ཐག་ཉེར་སར་བསྡད་དགོས་ཡང་ཡང་ལབ་ན་ཡང། ཐག་རིང་པོར་སྡོད་པ་གོམས་པ་ལྟ་བུར་མཐོང་།
བོད་དགེ་ཚོར་སྐྱོན་བཇོད་ཡོད་པ་དེ་དངདུ་ལེན་དགོས། འདི་ཡིས་བྱ་བ་ལ་ཕན་ཐོགས་འབྱུང་ངེས། བོད་དགེ་དག་གིས་སློབ་སྟངས་ནི་གཅིག་ན། གཅིག་ན་ཚན་རིག་དང་འབྲེལ་མ་འབྲེལ་ལས་དེ་ལྟར་བྱུང་བ་ཡིན་ནམ། བོད་སློབ་དགེ་བྱེ་བྲག་པ་ཞིག་ལ་གོང་སྨོས་སྐྱོན་རྣམས་འབྱུང་སྲིད་ཀྱང་། འདིར་སྤྱིར་ལ་གོ་བ་ཞིག་ཏུ་བྲིས་སོ།
་
བོད་ཡིག་མི་སྟོར། མི་བརླག་པའི་ཕྱིར་དུ། གནང་གྲོགས་དང་། ལྡངས་སམ། མ་ལྡངས། ཞེས་འབྲི་བར་མཛོད་ཞུ་བ་ཡིན།
མདང་ ངས་ ཇ་ འཐུང་པ་ ཡིན།
དེ་རིང་ ངས་ ཇ་འཐུང་བགྱིད་ ཡོད།
སང་ཉིན་ ངས་ ཇ་ འཐུང་བགྱི་ ཡིན།
་
ཁྱོད་ཀྱིས་ ཇ་ འཐུང་པ་ རེད། འདས་པ།
ཁྱོད་ཀྱིས་ ཇ་ འཐུང་བགྱིད་ འདུག ད་ལྟ་བ།
ྱཁྱོད་ཀྱིས་ ཇ་ འཐུང་བགྱི་ རེད། མ་འོངས་པ།
་
ཁོས་ ཇ་ འཐུང་པ་ རེད།
ཁོ་ ཇ་ འཐུང་བགྱིད་ འདུག
ཁོས་ ཇ་ འཐུང་བགྱི་ རེད།
ཨིན་སྐད་ལྟར། བོད་སྐད་སློབ་དེབ་གཅིག་མཚུངས་ཤིག་མེད་པས་ལན་པ་རེད་དོ།།
རི་མགོ་རྡོག་རྡོག་ཅིག་ནས། །
སྲིད་དོན་རྒྱ་ཆེན་ཕར་ཞོགས། །
རང་ཡིག་གཙང་མ་མི་ཕྲིས། །
རེ་བ་གང་ན་འདུག་ལགས། །
གཞིས་ལུས་རྒྱ་ཆེའི་མི་དམངས། །
ཞ་ར་ལྐུགས་པ་མིན་པས། །
རེ་བ་མེད་ས་ཞིག་ལ། །
རེ་སྒུག་བྱེད་ཀི་མི་འདུག །
གྲྭ་ལོག་དང་ཇོ་ལོག ཅེས་པ་སྨད་པའི་དོན་ལ་སྤྱོད་ན། མི་འོས་པ་ཡིན། ད་སྐབས་དཔལ་འབྱོར་དང་། མི་མངས་ལུགས་སྲོལ་ལ་འགྱྲར་བ་ཐེབས་ཡོད། རྒྱ་གར་སྔོན་མའི་ལུགས་སྲོལ་ལ་མི་རིགས་བཞི་བརྩི་ཚུལ་ལ་ནང་པའི་གཞུང་དཔེ་དག་ན་འབད་པ་ཡོད་པ་བྲིས་ཀྱང་། མི་མངས་ཀྱི་བསམ་བློ་ཁྱེར་སྟངས་དེ་མེད་པར་བཟོ་བ་ལས་སླ་བར་མ་མཐོང་།
གྲྭ་ལོག་དང་ཇོ་ལོག་མ་བྱས་པའི་བར་དུ། ཁོང་ཚོ་ལ་འཇིག་རྟེན་པའི་འགྲོ་ལུགས་སྡོད་སྟེངས་ཀྱི་ཤེས་བ་སྣ་གཅིག་མེད་པས། ང་ཚོ་འཇིག་རྟེན་པའི་བུ་ཕྲུག་ཕོ་མོ་ལ་ཆེས་མི་འོས་བའི་དགེ་རྒན་ཞིག་ཡིན་པ་ནི་གསལ་པོ་རེད།
ཁོང་ཚོས་འཇིག་རྟེན་པའི་བུ་ཕྲུག་གི་སེམས་ཁམས་དང་དེ་དག་གི་བཀོལ་བཞིན་པའི་མིང་དང་ཚིག་སོགས་ཀྱི་ཉིན་རེ་ཡི་ཆ་རྒྱུས་ལ་རང་ངོ་ནས་མྱུང་བ་སྤུ་ཙམ་ཡང་མེད་པས་སོ།
གྲྭ་བ་གྲྭ་ཚང་ཞིག་གི་མིག་ལམ་ན། གྲྭ་ལོག་དང་ཇོ་ལོག་ལ་ནི། ཡག་པོ་ཞིག་མཐོང་གི་མེད། འཇིག་རྟེན་པ་ཞིག་གི་མིག་ལམ་ལ་ཡང་ཁོང་ཚོ་ཡག་པོ་ཞིག་མཐོང་གི་མེད།
རྒྱུ་མཚན་ཡོད་དེ། དམ་བཅས་བ་ཤོར་བའི་མི་ཞིག་ཡིན་ཕྱིན། ཕོ་མོ་སུ་ཞིག་ཡིན་ན་ཡང་། ཡུལ་ལུང་གང་ན་ཡོད་ན་ཡང་། ཆོས་ཆབ་སྲིད་གང་གི་ཐད་ཡིན་ན་ཡང་། མི་ངན་ལ་མི་ངན་གྱི་ལྟ་ཚུལ་ལས། ཡག་པོར་མཐོང་བ་མི་སྲིད།
བོད་ནང་ན། གྲྭ་ལོག་དང་ཇོ་ལོག་གིས་དགེ་རྒན་བྱེད་པ་དཀོན། བོད་ནང་གི་བོད་ཡིག་གི་ཚད་མཐོ།
གྲྭ་བ་དང་ཇོ་མོས་ཆོས་འཆད་པ་མང་། བོད་གི་ནང་ལ་ཆོས་ཀྱི་གོ་རྟོག་མཐོ།
སོ་སོ་སྤྱི་ཚོགས་དེའི་ནང་ནས་ཡར་མ་འཚར་བར། སྤྱི་ཚོགས་དེ་ལ་བཀའ་བཀོད་དང་མགོན་སྐྱབས་བྱེད་པ་ནི་སྐྲག་རྒྱུ་མེད་པའི་གྲྭ་ལོག་དང་ཇོ་ལོག་གི་ལས་ཀ་རེད་ཟེར་བ་ཡིན། མི་བདེན་པར་འདོད་ན། བཙན་བྱོལ་སྤྱི་ཚོགས་ལ་ལྟོས་དང་།
བོད་སྐད་དང་བོད་ཡིག་མི་ཤེས་ནིའི་དབུ་ཁྲིད་འཁྲབ། ཆབ་སྲིད་ལ་དམ་ཚིག་མ་བླངས་བའི་ཆོས་པས་སྲིད་ཁྲི་བརྩད། གྲྭ་ལོག་དང་ཇོ་ལོག་པས་བོད་རེ་ཅན་གྱི་ཨ་བུ་ཚོ་བརླག་བཞིན་འདི་དག་རེད།
རྒན་རང་གྲྭ་བ་ཚད་ལྡན་ཞིག་ཡིན་པའི་རེ་བ་ཡོད། རང་གིས་གསོས་བའི་རང་སློབ་ཚད་ལྡན་ཞིག་གི་མཚན་སྙན་ཞིག་ངོ་སྤྲོད་ཞུ་རོགས་བཅས་ཁ་ནས་ཤོར་རོ། ཧ་ཧ་ཧ།
བོད་ནང་གི་པཎ་ཆེན་བཅུ་པ་གྲྭ་ལོག་རེད། བཙན་བྱོལ་ནང་གི་ཆོས་རྒྱལ་དྲུང་པ་དང་། བསོད་རྒྱལ་རིན་པོ་སོགས་གྲྭ་ལོག་རེད། དཔལ་ས་སྐྱ་༸གོང་མའི་གཅེན་མོ་རྗེ་བཙུན་༸སྐུ་ཞབས་མཆོག་ཇོ་ལོག་རེད། ད་ལྟ་སྐྱེས་ཆེན་དམ་པའི་གྲལ་དུ་ཚུད་ནས་བསྡད་འདུག
ད་དུང་རྒྱ་གར་གྱི་གྲུབ་ཆེན་ས་ར་ཧ་དང་། རྡོ་རྗེ་དྲིལ་བུ་པ་སོགས་ཀྱང་གྲྭ་ལོག་མ་རེད་ཅེས་ལབ་མི་ཐུབ་པས། བོད་དགེ་བྱ་རྒྱུ་ཅིག་ལ། གྲྭ་ལོག་དང་ཇོ་ལོག་ཡིན་ཙམ་གྱིས། ཁྱོད་གནམ་ཁྱོད་གནམ་རྡིབ་དགོས་སྟངས་ཅི་རེད། ལགས། ཅིག་གསུངས་དང་།
གྲྭ་ཇོ་དང་བོད་དབྱིན་གྱི་དགེ་རྒན་སུ་ཡིན་ནའང་། མ་རྩའི་ཆ་རྐྱེན་སྤྱོད་པ་ཡག་པོ་ཞིག རང་ཉིད་ཀྱི་སྤྱོད་ལམ་རང་ཉིད་ཀྱིས་འགན་འཁུར་མཁན་ཞིག སློབ་ཕྲུག་ལ་བཟང་བོའི་བག་ཆགས་དང་མིག་དཔེ་ཡག་པོ་འཇོག་ཐུབ་པ་ཞིག་ངེས་པར་དགོས་ཀྱི་འདུག སྤྱོད་ལམ་འཆལ་བའི་དགེ་རྒན་གྱི་ཤན་གྱིས་དགེ་ཕྲུག་རྣམས་ཀྱང་སྤྱོད་པ་འཆལ་འགྲོ་བས། ཤེས་ཡོན་ཏོག་ཙམ་ཡོད་པ་དེ་ཡང་རང་གཞན་གཉིས་ཀར་གནོད་པའི་རྐྱེན་དུ་འགྱུར་བ་ལས། ནམ་ཡང་ཕན་ཐོགས་ཀྱི་མི་འདུག་པས། སློབ་ཕྲུག་ལ་སློབ་ཁྲིད་བྱ་བ་ནི། ཕན་པ་དང་བདེ་སྐྱིད་སྐྲུན་བྱེད་ཅིག་ལ་ངོས་འཛིན་གྱི་ཡོད་ན། ང་བོད་དགེ་ཡིན་དང་ང་དགེ་རྒན་ཡིན་ཟེར་མཁན་ཚོས་ངེས་པར་དུ་རང་ཉིད་ཀྱི་བྱ་སྤྱོད་ལ་གཟོབས། ལུས་ངག་གི་སྤྱོད་ལམ་ལ་གཟོབས། གང་བྱུང་མང་བྱུང་དང་རང་ཉིད་ཀྱིས་གང་འདོད་འདོད་མ་བྱེད། གང་འདོད་འདོད་མ་བཤད་རོགས། འགན་འཁུར་རོགས།
བོད་ཡིག་ཡར་རྒྱས་འགྲོ་དགོས་ན་བོད་ཡིག་ལ་བསྐོལ་སྤྱོད་མང་ཙམ་བྱེད་དགོས་པ་དང་བོད་སྐད་ཡར་
རྒྱས་འགྲོ་དགོས་ན་བོད་སྐད་མང་ཙམ་རྒྱབ་དགོས་ཧཧཧ་
བཙན་བྱོལ་སྤྱི་ཚོགས་ནང་མཐོ་དམའ་ཚང་མས་དབྱིན་སྐད་ཆག་
སྐྱོག་དང་དབྱིན་ཡིག་བྲི་སྲུབ་ལ་མགོ་འཁོར་ཧཧཧ་བོད་ནང་ཡོད་པའི་བོད་མི་ཚོ་རྒྱ་ཡིག་དང་རྒྱ་སྐད་ལ་མགོ་འཁོར་ད་དུང་རིག་གཞུང་སྲུང་སྐྱོབས་དང་སྐད་ཡིག་སྲུང་སྐྱོབས་ཧཧཧ་།
ནམ་རིང་སྒྲུང་གི་མི་འཁྱོལ་ཟེར་བ་དེ་
བདེན་འདའ་།ང་ཚོའི་འཛམ་གླིང་རྗེས་ཟིན་ཨེ་ཐུབ་ཧཧཧ
གྲྭ་པ་དང་ཇོ་མོ་ལོག་སྟངས་གཉིས་ཡོད་པ་རེད། ཆོས་བཞིན་འདུལ་བ་བཞིན་བསླབ་པ་ཕྱིར་འབུལ་ཞུས་ན་སངས་རྒྱས་ཀྱི་བསྟན་པའི་མིག་རྐྱེན་ཡག་པོ་རེད། དཔེར་ན་ཐེ་ལན་གྱི་སྐྱེས་པ་ཚང་མས་གྲྭ་པའི་སྡོམ་པ་ལེན་དགོས་པ་དང་དེ་ནས་ཆོས་བཞིན་འདུལ་བ་བཞིན་ཕྱིར་འབུལ་ཞུས་རྗེས་སྔར་བཞིན་མི་སྐྱའི་འཚོ་བར་རོལ་བ་ལ་རང་གཞན་ཚང་མས་མཐོང་ཆུང་ཁྱད་གསོད་རྩ་ནས་མི་བྱེད་པ་བཞིན་རེད། ང་ཚོ་བོད་པའི་ལུགས་སྲོལ་བཞིན་གྲྭ་པའི་སྡོམ་པ་ཡོད་བཞིན་དུ་ཕྱིར་འབུལ་མ་ཞུས་པར་ཆགས་སྤྱོད་དང་རྐུན་མ་བརྒྱབ་པ་སོགས་ཀྱིས་གྲྭ་པའི་སྡོམ་པ་ཤོར་བ་ཡིན་ན་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྨོད་པའི་གཞི་རུ་འགྱུར་བ་དང་། རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོངས་བར་འགྱུར་རོ་ཞེས་གསུངས་འདུག
་་་་་་་་་ གྲྭ་པའི་སྡོམ་པ་ཤོར་བ་ཡིན་ན་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྨོད་པའི་གཞི་རུ་འགྱུར་བ་དང་། རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོངས་བར་འགྱུར་རོ་་་་་་་་
འཇིག་རྟེན་ལ་བརྟེན་པའི་ལྷ་དང་འཇིག་རྟེན་ལ་མ་བརྟེན་པའི་ལྷ་དེ་གཉིས་ཀྱི་དབྱེ་བ་ག་འདྲ་བྱས་ནས་ངོས་འཛིན་དགོས་སམ།
ཀརྡོ།
བསྟན་པ་འཛིན་པར་དམ་བཅའ་ཅན་ལ་གུས་དད་ཀྱིས་མ་འདང་བ་མེད། གཞན་པ་ནི་ང་བརྒྱད་མགོ་ལ་ཤེར་བའི་གྲྭ་ཞིག་མིན་ན། དམ་ཉམས་གཞན་པ་ཚོ་ལ་ཁྱོད་ཁྱོད་དང་ང་ང་བྱས་ནས་འདུག་པ་ལ་དགའ། དད་གུས་བྱེད་སའི་བླ་གྲྭ་དམ་ལྡན་མང་མེད་ན་ཉུང་མེད།
ང་ནི་གྲྭ་པ་དམ་གཙང་ཡིན་པ་ཞིག་རྒྱང་རིང་པོར་འབུད། གྲྭ་ཆས་སོགས་མ་སྤྱད་པར་ལོ་ངོ་བཞི་བཅུ་ཞེ་གྲངས་ལོན། གནམ ཁྱེད་ལ་ཁག་མེད། མཐོང་བ་དག་གིས་ཀྱང་མང་པོས་དགེ་བཤེས་ཞེས་བྲིས་པར་མཐོང་། གཙང་དུ། དཔེ་ཆ་ལྟ་མཁན་ལ་དགེ་བཤེས་ལོ་ངོ་བརྒྱ་ཕྲག་སྔོན་དུ་ཟེར་སྲོལ་འདུག། དེ་ཡི་ཆ་ནས་འགྲིག་ཀྱང་། དབུས་ཀྱི་གདན་སའི་དགེ་བཤེས་ལྟ་བུ་ཞེས་མ་ཡིན་ཞེས་གྲོགས་པོ་ཚོ་ལ་ལབ་ཀྱི་ཡོད། ང་རང་གིས་དགེ་བཤེས་དང་རྒན་སོགས་འབྲི་བ་དང་ལབ་པ་མེད།
་
དེ་བས་ལྡང་བ་ལ་འདང་བ་ཞེས་མ་འབྲི་ན། སྔོན་གྱི་མཁས་པ་རྣམས་ཀྱི་མཆོད་པའི་འོས་སུ་འགྱུར་རོ།
#22 གཞུང་པ་ཚེ་དབང་བསོད་ནམས་ ་ལགས་ཀྱིས་སྤེལ་དོན།:
November 20th, 2016 at 3:28 am
འཇིག་རྟེན་ལ་བརྟེན་པའི་ལྷ་དང་འཇིག་རྟེན་ལ་མ་བརྟེན་པའི་ལྷ་དེ་གཉིས་ཀྱི་དབྱེ་བ་ག་འདྲ་བྱས་ནས་ངོས་འཛིན་དགོས་སམ།
་
ལན།
འཇིག་རྟེན་ལས་འདསས་པའི་ལྷ་ཟེར་ན། མཐོང་ལམ་ཡན་ཆད་ཐོབ་པའི་འཕགས་པའི་གང་ཟག་གི་ལྷ་མགོན་པོ་ཕྱག་དྲུག་དང་། དཔལ་ལྡན་ལྷ་མོ་སོགས་ལ་ཟེར།
འཇིག་རྟེན་པའི་ལྷའམ། འཇིག་རྟེན་དྲེག་པའི་ལྷ་ཟེར་ན། ལྷ་ཀླུ་ཞི་བདག་སོགས་མཐུ་ཅན་ཡིན་པ་ཙམ་མ་གཏོགས། དགེ་འདུན་དཀོན་མཆོག་གམ། འཕགས་པའི་གང་ཟག་གི་གྲལ་དུ་མ་ཚུད་པའི་ལྷ་སྲུང་དཔེར་ན། གནས་ཆུང་ཆོས་རྒྱལ་དང་། ལྷ་མོ་གཡུ་སྒྲོན་མ་སོགས་བརྟན་མ་བཅུ་གཉིས་དང་། ཕྱོགས་སྐྱོང་བཅུ་དང་། ལྷ་སྲིན་སྡེ་བརྒྱད་སོགས་ལ་ཟེར།
གནམ་ལགས།
་
་་་་་དད་གུས་བྱེད་སའི་བླ་གྲྭ་དམ་ལྡན་མང་་་་་་་
འདི།
དད་གུས་བྱ་སའི་བླ་གྲྭ་དམ་ལྡན་མང་
བྱེད་ས་དེ། བྱ་ས་མིན་ནམ་སྙམ་པས་དཔྱད་དགོས་པ་ཡང་མང་ངོ་།།
་
ས་ཡིས།
ཀརྡོ་ལགས་བྱེད་ས་འདི་དག་པ་རེད། མ་ཤེས་ཤེས་མདོག་མ་གནང་།
བྱེད་ས་དེ། བྱ་བའི་ཡུལ་ཡིན་ན། བྱ་ས་ཡིན་དགོས། སེང་ཕྲུག་ལགས།།
བྱེད་པ་པོ། བྱེད་མཁན། བྱེད་པོ་ནི། དུས་ད་ལྟ་བ་རེད། བྱ་བའི་ཡུལ། བྱ་ཡུལ། བྱ་ས་ཚང་མ་དུས་མ་འོངས་པ་རེད་གདའ། བརྟན་པ་ལགས།
དགེ་འོས་མཐོ་སློབ་ནི་དགེ་རྒན་སྐྱེད་སྲིང་དང་། སྦྱོང་བརྡར་སྤྲོད་ས་ཡིན་པའི་ཆ་ནས། དེའི་དགེ་རྒན་དག་གིས་ཡིག་ནོར་འབྲི་བ་མཐོང་དུས། དང་པོར་དགེ་རྒན་གྱི་དགེ་རྒན་བྱེད་མཁན་ཚོ་ཚད་ལྡན་དུ་སྐྱེད་སྲིང་དང་། སྦྱོང་བརྡར་རེ་སྤྲོད་དགོས་པ་གལ་ཆེན་པོ་ཡིན་པ་སྟོན་གྱིན་འདུག ཐེངས་རྗེས་མའི་གྲོས་ཚོགས་ནང་གླེང་དགོས་པའི་གནད་འགག་གཅིག་འདི་ཆགས་རྒྱུ་རེད་སྙམ།
བེ་རི་རྒྱལ་སྲས་ལགས་དྲ་ལམ་ན་ཡོད་ན། ལན་ཞིག་བཞག་གནང་རོགས། བཀའ་འདྲི་ཞུ་གནད་འགའི་ཐད་འབྲི་གླེང་ཞིག་ཞུ་འདོད། དེ་ཡང་དགེ་རྒན་གྱི་ཤེས་ཡོན་དང་སྐད་ཡིག་གནས་ཚད་ལས་འཕྲོས་པའི་བསམ་ཚུལ་སྐོར་ནས་གླེང་མོལ་ཞིག་ཞུ་འདོད་པ་ཙམ་ཡིན། ང་ཚོ་དགེ་རྒན་ཚོའི་བར་འདི་འདྲའི་གླེང་མོལ་རིགས་ནི་འབྱུང་ཐུབ་དགོས་པར་ཡང་མཐོང་གིན་ཡོད་ལགས།
མགོན་ཁང་ནང་ཕྱག་འཚལ་ན་ནང་ཆོས་རིག་པའི་ལྟ་སྒྲུབ་
དང་མཐུན་གྱི་ཡོད་པ་ཡིན་ནམ་?
བེ་རེ་རྒྱལ་སྲས་ཀྱིས་རྩོམ་ཡིག་ཡག་པོ་ཞིག་སྤེལ་འདུག
དེང་སང་མི་ཕལ་ཆེ་བའི་སྐད་ཆ་དེ་སོ་སོས་སོ་སོར་ལབ་ཀྱི་ཡོད་པ་འདྲ། བེ་རིས་ཀྱང་སོ་སོར་ལབ་པ་འདྲ།
༅༅། གཞུང་པ་ཚེ་དབང་བསོད་ནམས་ལགས།
སངས་རྒྱས་ཀྱི་གསུང་ལས།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བདུད་རྕི་ལྟ་བུའི་ཆོས་ཞིག་ཁོ་བོས་རྙེད། སུ་ལ་བསྟན་ཡང་གོ་བར་མི་ནུས་པས།
མི་རྨ་ནགས་ཀྱི་ནང་དུ་གནས་པར་བྱ་ཞེས་གསུངས་པས་ཚིགས་བཅད་དང་པོ་དེ་ག་རེ་རེད་
ཁྱེད་ཀྱི་དྲན་ན་འདིར་འབྲི་བར་མཛོད།
ཟབ་ཅིང་སྤྲོས་བྲལ་འོད་ཟེར་འདུས་མ་བྱས། །
བདུད་རྕི་ལྟ་བུའི་ཆོས་ཞིག་ཁོ་བོས་རྙེད། །
སུ་ལ་བསྟན་ཡང་གོ་བར་མི་ནུས་པས། །
མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ། །
#32 གཞུང་པ་ཚེ་དབང་བསོད་ནམས་ ་ལགས་ཀྱིས་སྤེལ་དོན།:
November 20th, 2016 at 9:57 pm
མགོན་ཁང་ནང་ཕྱག་འཚལ་ན་ནང་ཆོས་རིག་པའི་ལྟ་སྒྲུབ་
དང་མཐུན་གྱི་ཡོད་པ་ཡིན་ནམ་?
་
ལན།
དགོན་ཁང་ནང་ལ། ཁ་བཏགས་ཕུལ་བ་དང་། གསེར་སྐྱེམས་དང་དངུལ་ཕུལ་བ། རེ་འདོད་གསོལ་བ་འདེབས་པ་མ་གཏོགས། ཕྱག་ཕུལ་བའི་གསོལ་མེད།
འོནད་ཀྱང་། དཀོན་མཆོག་གསུམ་སྔོན་ལ་བློ་ལ་ཤར་ནས་ཕྱག་ཕུལ་ནས་བཤགས་པ་ཕུལ་བ་སོགས་བྱས་ན། སྐྱོན་ཆེར་མེད།
འཇིག་རྟེན་དྲེག་པ་གཅིག་པུར་སྐྱབས་སུ་འགྲོ་ན། སྐྱབས་འགྲོ་གཏོང་བའི་ཉེས་པ་ཡོད་པར་གསུངས།
མགོན་ཁང་ནང་ང་ཚོའི་ཇ་ཕུད་ཕུལ་ནས་ང་ཚོར་གྲོགས་
དང་འཕྲིན་ལས་གནང་རོགས་ཞུ་གི་ཡོད་པ་ལྟར་རྐུ་མ་དང་ཇག་པ་ཚོའི་མགོན་ཁང་ནང་ཇ་ཕུད་དང་ཁ་རྟགས་དངུལ་ཕུལ་ནས་གྲོགས་དང་འཕྲིན་ལན་ཞུ་བཞིན་པ་ལྟར་ཁོང་ཚོ་ལའང་
གྲོགས་དང་འཕྲིན་ལས་དངོས་སྒྲུབ་གནང་གི་ཡོད་པ་ཡིན་
ནམ?
ཨ་འབར་འཇུགས་དབང་ལགས་་་་མི་རྨ་མ་རེད་
མི་སྨྲ་རེད་དོ་གོང་གི་ཚིག་བཅད་དེ་ཀརྡོ་རབས་འབྱམས་ནས་གསུང་ཚར་འདུག་གོ་།
#38 གཞུང་པ་ཚེ་དབང་བསོད་ནམས་ ་ལགས་ཀྱིས་སྤེལ་དོན།:
November 21st, 2016 at 2:33 am
མགོན་ཁང་ནང་ང་ཚོའི་ཇ་ཕུད་ཕུལ་ནས་ང་ཚོར་གྲོགས་
དང་འཕྲིན་ལས་གནང་རོགས་ཞུ་གི་ཡོད་པ་ལྟར་རྐུ་མ་དང་ཇག་པ་ཚོའི་མགོན་ཁང་ནང་ཇ་ཕུད་དང་ཁ་རྟགས་དངུལ་ཕུལ་ནས་གྲོགས་དང་འཕྲིན་ལན་ཞུ་བཞིན་པ་ལྟར་ཁོང་ཚོ་ལའང་
གྲོགས་དང་འཕྲིན་ལས་དངོས་སྒྲུབ་གནང་གི་ཡོད་པ་ཡིན་
ནམ?
ལན།
ལྷ་དེ་ཇག་ལྷ་ཡིན་ན། རྐུན་ཇག་ལ་ཡང་གྲོགས་གནང་སྲིད་བགྱིད་རེད་སྙམ་མོ།།
ང་ཚོ་བོད་རིགས་འདི་གདོད་མའི་དུས་ནས་བཟུང་། ཟུང་འབྲེལ་གྱི་བྱ་བཞགས་ལ་ཤིན་དུ་ནས་དགའ་ཞེན་ཆེ་བའི་མི་རིགས་ཤིག་ཡིན་པ་གསལ་པོ་རེད། ཆབ་སྲིད་ཟུང་བྲེལ་དང། ལྷ་ཆོས་མི་ཆོས་ཟུང་འབྲེལ་ལ་སོགས་པའི་དབང་དུ་གནས་ཡོད། གནས་ལུས་དེའི་དབང་གིས་ནད་པ་ལ་སྨན་དང་མགྲོན་པོ་ལ་ཇ་ཏག་ཏག་ཞིག་གཏན་ནས་སྤྲད་ཐུབ་ཀྱི་ཡོད་མ་རེད། ཚང་མ་ཚང་ངེ་ཚིང་ངེ་བྱས་ནས་བསྡད་ཀྱི་ཡོད་རེད། ལྷག་པར་དུ་ཕ་རོལ་གང་ཟག་དེའི་གནས་བབ་དང་མཚོན་པའི་སློག་གསོ་དང་བྱ་བ་བྱེད་དགོས་པ་ཞིག་རེད་མ་གཏོགས་རང་ཉིད་གང་བདེ་དང་གང་སླ་བྱེད་ན་ཕན་མེད་རེད། བྱས་ཙང་། བོད་དགེ་ཞིག་ལ་མཚོན་ན། མི་རིགས་ཤིག་གི་འགན་འཁྲི་ཡོད་ཙང་གནས་ཚུལ་མང་དག་ཞིག་གི་ཐོག་ལ་གཟབ་ནན་བྱེད་དགོས་པ་དེ་གལ་ཆེའི་ནང་ནས་དོན་ཆེན་ཞིག་རེད་དྲན་གྱི་ཡོད།