རོང་བོ་ཐང་དཀར་གྱིས་འོས་སྦྱོར་བྱས།
རྩོམ་སྒྲིག་ཚོགས་ཆུང་།
དེབ་འདི་ནི་ལྡོང་བུ་དང་སྐྱབས་ཆེན་བདེ་གྲོལ་གཉིས་ཀྱིས་གཙོ་སྒྲིག་དང་། རེ་རྐང་གླིང་དང་། ཁྲི་སེམས་དཔའ། བྱམས་ཕྲུག གཅན་མེ་ཏོག དཔལ་རྩལ། བུམ་པ་རྒྱལ། མ་སངས་མཁའ་འགྲོ། གཡུ་ཆུང་བཅས་ཀྱིས་རྩོམ་སྒྲིག་པ་མཛད་ནས། “འཛམ་གླིང་རྩོམ་རིག”ཅེས་བྱ་བའི་རྩོམ་སྒྲིག་ཚོགས་ཆུང་ཞིག་བཙུགས་པ་ལས་བྱུང་།
མ་རྩོམ་གྱི་ཁུངས།
དེབ་འདིར་བཀོད་པའི་རྩོམ་ཕལ་ཆེ་བ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་རྗེས་ཀྱི་རྩོམ་རིག་བརྩམས་ཆོས་གྲགས་ཅན་རྐྱང་པ་ཡིན་ལ། རྒྱལ་ཁོངས་ཀྱི་ཆ་ནས་དབྱིན་ཇི་དང་། ཉི་ཧོང་། ཨར་ལྗིན་ཐེན། ཁོ་ལོམ་བྷི་ཡ། ཁན་ན་དྷ། ཨ་མེ་རི་ཁ། ཆི་ལི། ལྷོ་ཨ་ཧྥེ་རི་ཁ། ཐུར་ཁེ། ཨི་ཐ་ལི་བཅས་ཀྱི་རྩོམ་པ་པོ་ཡོད། དེབ་འདིར་བདམས་པའི་རྩོམ་ཡིག་མཐའ་དག་ད་ལྟའི་བར་བོད་ཡིག་ཏུ་ཧ་ལམ་བསྒྱུར་མེད་པས། འདི་ནི་སྐད་རིགས་གཞན་གྱི་བརྩམས་ཆོས་འདི་དག་ཐོག་དང་པོར་བོད་ཡིག་ཏུ་བསྒྱུར་བའི་དེབ་ཅིག་ཡིན།
སྤྱི་ཁོག་ངོ་སྤྲོད།
དེབ་འདི་ལ་ཆེད་བསྒྲིགས་ཤིག་དང་སྒྲུང་ཐུང་། དཔྱད་ཞིབ། བཅར་འདྲི་བཅས་ལེ་ཚན་བཞི་ཡོད་པའི་ནང་། དབྱིན་ཇིའི་སྒྲུང་ཐུང་ཆེད་བསྒྲིགས་ཤིག་བཟོས་ཡོད། དེ་ལས་གཞན་སྒྲུང་ཐུང་དྲུག་དང་དཔྱད་ཞིབ་ལྔ། བཅར་འདྲི་གཉིས་བཅས་ཡོད། དཔྱད་ཞིབ་ཀྱི་རྩོམ་ཡིག་རྗེས་མ་དེ་དང་བཅར་འདྲི་གཉིས་ཚན་བཤུས་ཡིན་པ་དང་། ལེ་ཚན་སོ་སོར་བཀོད་པའི་བརྩམས་ཆོས་མཐའ་དག་རྩོམ་གང་དེ་ཐེངས་དང་པོར་སྤེལ་བའི་དུས་ཀྱི་སྔ་རྗེས་རིམ་པ་ལྟར་བསྒྲིགས་པ་ཡིན།
རྩོམ་པ་པོ། ལོ་ཙཱ་བ། ཞུས་ཆེན།
དེབ་འདིའི་མ་རྩོམ་གྱི་རྩོམ་པ་པོ་ནི། Katherine Mansfield, Somerset Maugham, V. S. Naipaul, Doris Lessing, Kawabata Yasunari, J. L. Borges, Salman Rushdie, George Orwell, J. M. Coetzee སོགས་ནོ་བྷེལ་རྩོམ་རིག་བྱ་དགའ་དང་བྱ་དགའ་གྲགས་ཅན་གཞན་ཐོབ་མཁན་རྐྱང་རྐྱང་ཡིན། ལོ་ཙཱ་བ་ནི་ལྡོང་བུ་དང་། སྐྱབས་ཆེན་བདེ་གྲོལ། གཡུ་ཆུང་། ཐེ་བྲག་བསྟན་པ། གུ་རུ་སྐྱབས་སོགས་དང་། ཞུས་ཆེན་ནི་པད་མ་འབུམ་དང་། དགེ་འདུན་རབ་གསལ། ཤར་གཞོན་ཚེ་རིང་ཟླ་བ། བྱ་གཞུང་ལྷ་རྒྱལ་འབུམ་སོགས་ཡིན།
སྐད་ཡིག་གི་ངོས་ནས།
དེབ་འདིར་བཀོད་པའི་འགྱུར་ཡིག་ཕལ་མོ་ཆེའི་མ་ཡིག་དབྱིན་ཡིག་ཡིན་པར་མ་ཟད། མ་དཔེ་ཡི་པར་གཞི་ཚད་ལྡན་དང་ཁུངས་དག་མ་ལ་གཏུག་ཡོད་པ་དང་། དབྱིན་ཡིག་མ་ཡིན་པ་དག་ཀྱང་རྩོམ་དེའི་དབྱིན་འགྱུར་མ་ཡག་ཤོས་ལ་བརྟེན་ནས་བོད་ཡིག་ཏུ་བསྒྱུར་ཡོད། རྒྱ་འགྱུར་མ་དུ་མ་དང་ཡང་བསྡུར་ཅིང་དཔྱད་པ་དང་། དབྱིན་ཡིག་མི་མཁྱེན་པའི་ལོ་ཙཱ་བ་ཁ་ཤས་ཀྱིས་རྒྱ་འགྱུར་མ་ལས་བསྒྱུར་བའི་རྗེས་སུ། ཞུས་ཆེན་ལོ་ཙཱ་བ་རྣམས་ཀྱིས་དབྱིན་ཡིག་དང་བསྡུར་བ་གང་ཞིབ་བྱས་ཡོད། ཉི་ཧོང་སྐད་ཀྱི་སྒྲུང་དེ་གཉིས་ནི་རྒྱ་ཡིག་ལས་བསྒྱུར་བས་ཞུས་ཆེན་ལོ་ཙཱ་བས་ཉི་ཧོང་སྐད་ཀྱི་མ་ཡིག་ཚད་ལྡན་ལ་ཁུངས་གཏུག་ནས་ཞུ་དག་མཛད་པ་ཡིན།
ཕྱི་ནང་ཇུས་འགོད།
དེབ་འདིའི་ཁ་ཤོག་ཇུས་འགོད་པ་ནི་བོད་ཀྱི་ན་གཞོན་ཇུས་འགོད་པ་དང་འགུལ་རིས་བཟོ་མཁན་འཕགས་པ་སྐྱབས་ལགས་ཡིན། དེབ་ཀྱི་པར་གཞི་དང་ནང་ངོས་ཇུས་འགོད་བྱེད་མཁན་ནི་ལྡོང་བུ་ཡིན། དེབ་ཀྱི logoནེ་ཙོ་དབུ་གཉིས་ཀྱི་པར་དབང་ཆ་ཚང་ངེད་རྩོམ་སྒྲིག་ཚོགས་ཆུང་ལ་དབང་།
སྔོན་དུ་གླེང་བའི་གཏམ།(ལྡོང་བུས་བྲིས)
ཀློག་མཁན་ལྷན་རྒྱས——ཡང་ན་ལུས་ཀྱི་དབང་པོ་ཚིམ་མེད་དུ་བྱེད་པའི་ཁ་པར་བརྙན་གཟུགས་དང་སེམས་ཀྱི་བདེ་བ་སྐད་ཅིག་ལ་འཇོམས་པའི་དྲ་ལམ་འདམ་རྫབ་ཀྱི་ཀློང་དུ་ད་དུང་ཚུད་མེད་པར། བརྗོད་པ་ཐམས་ཅད་འབྱུང་བའི་གནས་ཡི་གེ་དང་དེ་ལ་བརྟེན་པའི་འཛམ་གླིང་གནའ་དེང་རིག་གནས་སྣ་མང་ལ་མཚར་སྣང་གི་བློ་དང་ཤེས་འདོད་ཀྱི་མོས་པ་ཆེ་བ་དག ཡང་ན་ད་ལྟ་ཉིད་ལ་ལག་ནང་གི་ཁ་པར་གམ་དུ་བཞག་ཅིང་ཆུ་ཚོད་ཁ་ཤས་ཀྱི་དུས་ཚོད་ཆུད་ཟོས་སུ་བཏང་བའི་འགྱོད་སེམས་ཕྲ་མོ་དང་བཅས་ཉོས་ཟིན་པའི་དེབ་དག་ཕར་སློག་ཚུར་སློག་གིས་དེབ་འདི་ལ་འཕྲད་མཁན་དག ཡང་ན་དམིགས་ཡུལ་ཆེན་པོ་མེད་པའི་ངང་བོད་ཡིག་དཔེ་ཁང་ཞིག་མྱུལ་མྱུལ་བའི་མཐར་དེབ་ཀྱི་ཆེ་ཆུང་དང་ཁ་ཤོག་ཇུས་འགོད་སོགས་བོད་ཡིག་དཔེ་ཆ་གཞན་དང་མི་འདྲ་བའི་དེབ་འདི་འདྲ་ཞིག་མིག་ལ་ཐོགས་ཏེ་ཚོད་ལྟ་བའི་ཚུལ་གྱིས(ཡང་ན་རེ་བ་ཆེན་པོ་མེད་པའི་ངང་གིས)ཁ་ཤོག་ཕར་བསློགས་ནས་སྔོན་དུ་གླེང་བའི་གཏམ་འདི་ཀློག་མཁན་དག——ཁྱེད་ཅག་གི་སྙན་དུ་ཞུ་གསོལ།
《འཛམ་གླིང་རྩོམ་རིག》ཅེས་བྱ་བའི་ལོ་དེབ་འདི་ཉིད། དེབ་དང་པོའི་སྔོན་གླེང་གི་གཏམ་དུ་ཞུས་ཟིན་པ་ལྟར་ད་ནི2020ལོའི་དེབ་སྟེ་སྤྱི་དེབ་གཉིས་པ་གང་དེ་ཁྱེད་ཅག་གི་སྤྱན་སྔ་ལ་དངོས་སུ་བསྟར་བའི་ཁུལ་ཡིན། སྤྱིར་དེབ་འདི་འདྲ་ཞིག་བསྒྲུབ་དགོས་པའི་དགོས་གལ་དང་དམིགས་ཡུལ། སྒྲུབ་པའི་གནས་སྐབས་ཀྱི་བླང་བྱ་དང་གནད་འགག་ཕལ་ཆེ་བ་དེབ་དང་པོའི་སྐབས་སུ་ཞུས་ཟིན་པས། འདི་གར་བསྐྱར་ཟློས་ཀྱི་ངལ་བ་བསྟེན་མི་དགོས་མོད། འདོན་ཐེངས་རེ་རེའི་ནང་དོན་ངོ་སྤྲོད་དང་དེ་འབྲེལ་གྱི་གསལ་བཤད་རེ་གཉིས་ངེས་པར་ཞུ་དགོས་ཡོད།
དེབ་འདིའི་ཆེད་བསྒྲིགས་ལེ་ཚན་དུ་དབྱིན་ཇིའི་སྒྲུང་ཐུང་ཁག་ཅིག་བཀོད་སྒྲིག་བྱས་ཡོད། དེ་ཡང་གཅིག་ནས་དབྱིན་ཇིའི་ཡི་གེ་འདི་རྒྱལ་སྤྱིའི་སྐད་རིགས་དག་ལས་སྤྱོད་རྒྱ་ཆེས་ཆེ་ཤོས་སུ་གྱུར་ཡོད་པ་དང་། གཉིས་ནས་དབྱིན་ཡིག་དང་བོད་ཡིག་བར་གྱི་ཡིག་སྒྱུར་འབྲེལ་ལམ་གང་དེ་དུས་རབས་ཉི་ཤུ་པའི་དུས་སྟོད་ནས་བརྩམས་ཏེ་ད་ལྟའི་བར་དུ་ཕལ་ཆེར་དུས་རབས་གཅིག་ཙམ་འགྲོ་བཞིན་ཡོད་པར་མ་ཟད། དེ་ལ་གཞུང་ལུགས་དང་ལག་ལེན་གཉིས་ཀའི་རྨང་གཞི་ཅུང་ཟད་ཡོད་པའི་ཕྱིར་ཡིན། ཡིན་ནའང་རང་ཅག་གིས་ད་ལྟ་ད་དུང་དབྱིན་བོད་ལོ་ཙཱ་ཙམ་མ་གཏོགས(དེའང་ཡག་པོ་ཞིག་དང་ཚད་ལྡན་ཞིག་བྱུང་ཡོད་པའི་ངེས་པ་མེད)། འཛམ་གླིང་སྐད་རིགས་ཆེན་པོ་གཞན་དག་ལས་རྩོམ་དང་རིག་གཞུང་ཕལ་ཆེར་བསྒྱུར་ཐུབ་ཀྱིན་མེད་པའི་ངང་དུ་ལུས་ཡོད་ན། དབྱིན་ཡིག་ནི་བརྟེན་ས་ཉག་གཅིག་ཡིན་པ་སྨོས་ཅི་འཚལ། དེ་དག་ཕུད་པའི་རྒྱུ་མཚན་གཞན་ཞིག་ནི་དབྱིན་ཇི་རྒྱལ་ཁབ་ལ་སྒྲུང་ཐུང་རྩོམ་པ་པོ་གྲགས་ཅན་ཁག་ཅིག་བྱུང་ཡོད་པས་ཡིན། དུས་རབས་བཅུ་དགུ་པའི་སྐབས་ཀྱི་སཱ་ཀི(Saki)དང་དུས་རབས་ཉི་ཤུ་པའི་སྐབས་ཀྱི་ལོ་རེན་སྀ(D. H. Lawrence)དང་ཝོལ་ཧྥྀ(Virginia Woolf)སོགས་སྐད་གྲགས་ཆེ་ནའང་དུས་སྐབས་ཅུང་སྔ་བར་མ་ཟད་བོད་འགྱུར་རེ་གཉིས་ཀྱང་སྤེལ་ཟིན་པར་གཞིགས་ནས་ཆེད་བསྒྲིགས་སུ་བཅུག་མེད། བུད་མེད་ཀྱི་འཚོ་གནས་དང་རང་དབང་ལ་རྩོམ་རིག་གིས་དོན་གཉེར་གནང་མཁན་ཁེ་སྀ་རེན · མན་སྀ་ཧྥེལ་དྷྀ(Katherine Mansfield)ལགས་ནས་འགོ་བཙུགས་ཏེ་རྒྱལ་ཁོངས་དབྱིན་ཇི་ཡིན་པའི་རྩོམ་པ་པོ་བདུན་གྱི་སྒྲུང་ཐུང་རེ་རེ་བདམས་ཡོད། དེ་དག་ལས་སོ་མེར་སེ་ཐྀ · མཱོམ(Somerset Maugham)གྱིས་ཕ་ཡུལ་དང་ཁ་བྲལ་ནས་སྐབས་དེའི་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་སླེབས་པའི་དམའ་རིམ་མི་སྣ་ཞིག་གི་ཐོབ་ཤོར་བྲིས་ཤིང་། ལྷུག་པའི་རྩོམ་ལུས་ལ་བྱང་ཆ་ཆེ་བའི་ནཱ་ཡེ་ཕོལ(V. S. Naipaul)གྱིས་ཁ་ཟས་ཀྱིས་དབུལ་ཞིང་ཕོངས་ནའང་ད་དུང་འཇིག་རྟེན་ལ་ངོ་མཚར་བཅངས་པའི་སྙན་ངག་པ་ཞིག་བཞེངས་ཡོད། གལ་སྲིད་བུད་མེད་རྩོམ་པ་པོ་དྷོ་རི་སྀ · ལེ་སྀན(Doris Lessing)གྱིས་སྟབས་བདེ་བའི་གཏམ་རྒྱུད་ཅིག་ལ་བརྟེན་ནས་དབྱིན་ཇིའི་ཕོ་མོ་དང་གྲལ་རིམ་བར་གྱི་འབྲེལ་བ་ལ་འགྲེལ་བཤད་གནང་ཡོད་པར་བྱས་ཚེ། སྒྱུ་འཕྲུལ་དངོས་ཡོད(Magic Realism)དང་རྒོད་ལུགས(Gothic)འཇིགས་ཉམས་ཀྱི་རྩོམ་ཐབས་ལ་དང་བ་ཆེ་བའི་བུད་མེད་རྩོམ་པ་པོ་ཨན་ལྗེ་ལཱ · ཁར་ཐེར(Angela Carter)གྱིས་ནི་སྤྱང་ཀིས་གསོས་ཤིང་ནར་སོན་པའི་བུ་མོ་ཞིག་གི་གཏམ་རྒྱུད་ཁྱད་མཚར་བ་ཞིག་ལ་བརྟེན་ནས་ཕོ་དབང་རིག་གནས་འོག་གི་ཕོ་མོའི་འབྲེལ་བ་བཤད་ཡོད་ཅེས་སྨྲ་རུང་། དེ་ནང་བཞིན་གྷྀ་རཱ་ཧམ · སྀ་ཝི་ཧྥོ་ཐྀ(Graham Swift)ཡིས་ཀྱང་ཕོ་མོའི་བརགྱི་འབྲེལ་བ་གླེང་ཡོད་མོད། ཁོང་གིས་ནི་རྐྱལ་རྩལ་སྦྱོང་བའི་བྱུང་རིམ་ཞིག་ལྟེ་བར་བྱས་ཤིང་ཁྱོ་ཤུག་གཉིས་དང་ཁོ་གཉིས་ཀྱི་བུའི་བར་གྱི་འབྲེལ་བ་བསྟན་ནས། འགྲོ་བ་མིའི་གཉེན་སྒྲིག་གི་ངོ་བོ་གང་ཞིག་ལྷུག་པའི་སྐད་ཆ་རུ་བརྒྱུས་ཡོད། ཆེད་བསྒྲིགས་ཀྱི་མཐའ་མར་འཁོད་པའི“རྩོད་གཞི་ཅན”གྱི་རྩོམ་པ་པོ་སལ་མན · ར་ཧྲྀ་དྷི(Salman Rushdie)ཡི་སྒྲུང་ལ་ནི་བརྗོད་ཐབས་ཀྱི་ཆ་ནས“སྒྲུང་པ”ཡི་ཉམས་དོད་ལ་ནང་དོན་གྱི་ཆ་ནས་མི་སེར་སྤེལ་ཡུལ་ཕྱི་མའི་དུས་ཀྱི་རྒྱ་གར་གྱི་མི་སེར་དཀྱུས་མའི་འཚོ་བ་དང་སྤྱི་ཚོགས་ཀྱི་འགལ་འདུ་མཚོན་ཨེ་ཡོད་སྙམ། འགྲེལ་བཤད་འདི་དག་ཀྱང་ཟུར་ཙམ་དང་ངོས་རེ་གཉིས་ཡིན་པ་ལས། བརྩམས་ཆོས་དེ་དག་གི་སྒྱུ་རྩལ་མཚོན་ཐབས་དང་བསྟན་བྱ་ཆ་ཚང་བ་ཞིག་ཤེས་དགོས་ན་ཅིས་ཀྱང་རེ་རེ་བཞིན་ཀློག་པ་ལས་ཐབས་གཞན་མེད་པས། ཁྱེད་ཅག་གོང་གསལ་བརྗོད་གཞི་གང་ལ་མོས་པ་ཆེ་བ་དེ་ཉིད་ཀློག་ལ་ཞུགས་པས་འཐུས་སོ་སྙམ། ངེད་ཅག་གི་འཆར་གཞི་དང་པོ་ལྟར་ན་ཆེད་བསྒྲིགས་འདིའི་ཁོངས་སུ་ད་དུང“སྤྲོ་གར་ནག་པོ”རྩོམ་མཁན་ཞེས་གྲགས་པ། གདུག་རྩུབ་དང་འཆི་བ། འདོད་ཧམ་དང་དགེ་སྡུག་སོགས་བརྗོད་བྱ་བྱས་ནས་ཀློག་མཁན་ལ་འཇིགས་སྣང་སྟེར་བའི་རྩོམ་པ་པོ་ཨི་ཨྀན · མེ་ཁྀ་ཨི་ཝན(Ian McEwan)གྱི་སྒྲུང་ཐུང་ཞིག་ཀྱང་ཡོད་མོད་འགྱུར་མ་གྲུབ་པས་སྐབས་སུ་ཕྱིར་འཐེན་བྱ་དགོས་བྱུང་། གང་ལྟར་འགྲོ་བ་མིའི་གནས་སྟངས་དང་འགྲོ་བ་མི་སོ་སོའི་བར་གྱི་འབྲེལ་བ་འདི་གཉིས་ནི་ཁྱེད་ཅག་གིས་ཆེད་བསྒྲིགས་འདི་ལས་ཀློག་ཐུབ་པའམ་ཡང་ན་ཆེད་བསྒྲིགས་འདིས་ཁྱེད་ཅག་ལ་སྤྲོད་ཐུབ་པར་སྙམ་པའི་བསམ་གཞིགས་ཤིག་ཏུ་ཁོ་བོ་འདོད།
ལེ་ཚན་གཞན་དག་ནི་སྒྲུང་ཐུང་དང་། དཔྱད་ཞིབ། བཅར་འདྲི་བཅས་ཡིན། གཅིག་ནས་ཕྱི་ཡིག་གི་སྙན་ངག་དག་བོད་སྐད་ལ་ལེགས་པོ་ཞིག་བསྒྱུར་བར་དཀའ་བ་དང་། གཉིས་ནས་སྐད་ཡིག་གཉིས་ཀ་ལ་མཁྱེན་རྒྱ་ཡངས་ཤིང་སྙན་ངག་ལ་མཁས་པའི(སྙན་ངག་ལོ་ཙཱ་ལ་མེད་དུ་མི་རུང་བའི་ཆ་རྐྱེན)ཞུས་ཆེན་ལོ་ཙཱ་བ་དེ་བས་དཀོན་པ་སོགས་རྒྱུ་རྐྱེན་དུ་མར་དམིགས་ནས་དེབ་དང་པོའི“སྙན་ངག་དང་གླུ་ཚིག”གི་ལེ་ཚན་དེ་སྐབས་སུ་མེད་པར་བཟོས་ཡོད། ཡིན་ནའང་རྩོམ་ལུས་ཤིན་ཏུ་གལ་ཆེན་ཞིག་ཡིན་པའི་དབང་གིས་དང་ཁྱད་པར་དུ་རང་རེ་ལ་མཚོན་ན་དེ་ལྟར་ཡིན་པས། དེབ་རྗེས་མ་ནས་བཟུང་ལེ་ཚན་དེ་བསྐྱར་དུ་བཟོ་འཆར་ཡིན་པ་ཐུགས་ལ་འཇགས་པར་ཞུ།
སྒྲུང་ཐུང་གི་ལེ་ཚན་དུ་ཉི་ཧོང་གི་རྩོམ་པ་པོ་རུ་ནོ་སུ་ཀེ · ཨ་ཀུ་ཐ་གྷ་ཝ(Ryūnosuke Akutagawa)དང་ཡ་སུ་ན་རི · ཁ་ཝ་བྷ་ཐ(Yasunari Kawataba)གཉིས་ཀྱི་སྒྲུང་ཕྲ་མོ་གཉིས་དང་། ཨར་ལྗྀན་ཐེན་གྱི་རྩོམ་པ་པོ་བྷོར་ཧེ་སྀ(J. L. Borges)ཡི་སྒྲུང་ཐུང་གཉིས། ཁོ་ལོམ་བྷི་ཡའི་རྩོམ་པ་པོ་མར་ཁེ་ཟྀ(G. G. Marquez)དང་ཁན་ན་དྷའི་བུད་མེད་རྩོམ་པ་པོ་ཨེ་ལི་སྀ · མུན་རོ(Alice Munro)ཡི་སྒྲུང་ཐུང་རེ་རེ་བཅས་བཀོད་ཡོད། སྒྲུང་ཐུང་འདི་དག་གི་བརྗོད་བྱ་སོ་སོ་བར་གནས་ཤིང་སྒྱུ་རྩལ་ཁྱད་ཆོས་ཀྱང་ཐ་དད་དུ་ཡོད་པར་མ་ཟད། རེ་གཉིས་ཡིག་འབྲུ་ཉུང་བའི་སྒྲུང་ཕྲ་མོ་རུ་ངེས་པའི་རྐྱེན་གྱིས། འདི་གར་བྱུང་རིམ་རེ་རེ་བཞིན་ཟློ་བའི་དགོས་པ་མ་མཆིས། ཡིན་ནའང་གསལ་བཤད་ཞུ་དགོས་པ་ཞིག་ལ། སྒྲུང་ཐུང་འདི་དག་ལས་གཅིག་ཕུད་པའི་གཞན་དག་གི་མ་ཡིག་ནི་ཉི་ཧོང་སྐད་དང་སྀ་པེན་གྱི་སྐད་ཡིན་པའི་ཕྱིར། ཉི་ཧོང་སྐད་ཀྱི་སྒྲུང་དེ་གཉིས་ནི་ལོ་ཙཱ་བས་རྒྱ་འགྱུར་ལ་དཔེ་བལྟས་ནས་བསྒྱུར་རྗེས་ཞུས་ཆེན་ལོ་ཙཱ་བས་ཉི་ཧོང་སྐད་ཀྱི་མ་དཔེ་ལ་ཁུངས་གཏུགས་ནས་ཞུ་དག་གནང་བ་དང་། བྷོར་ཧེ་སྀའི་སྒྲུང་དེ་གཉིས་ནི་དབྱིན་འགྱུར་མ་ལ་དཔེ་བལྟས་ནས་བསྒྱུར་ཅིང་ཞུ་དག་གནང་། མར་ཁེ་ཟྀའི་སྒྲུང་ཐུང་དེ་རྒྱ་འགྱུར་མ་ལ་གཞི་བཅོལ་ནས་བསྒྱུར་རྗེས་ཞུས་ཆེན་ལོ་ཙཱ་བས་དབྱིན་འགྱུར་མ་ལ་དཔེ་བལྟས་ནས་ཞུ་དག་གནང་བ་ཡིན།
དཔྱད་ཞིབ་ཀྱི་ལེ་ཚན་ནང་དུ་ལྗོར་ལྗྀ · ཨོར་ཝེལ(George Orwell)དང་སུ་ཟན · སང་ཐ་གྷྀ(Susan Sontag)། ལོ་སཱ(M. V. Llosa)། ཁུ་ཆེ(J. M. Coetzee)བཅས་སྒྲུང་རྩོམ་པ་ལ་སྐད་གྲགས་ཤིན་ཏུ་ཆེ་བ་ཙམ་མ་ཟད། རྩོམ་རིག་དཔྱད་ཞིབ་དང་རིག་གནས་སྐྱོན་བརྗོད། སྤྱི་ཚོགས་དགག་སྒྲུབ་བཅས་ལའང་མཁྱེན་རྒྱ་ཡངས་པའི་རྩོམ་པ་པོ་དེ་དག་གི་རྩོམ་རིག་སྐོར་གྱི་དཔྱད་རྩོམ་ཐུང་ངུ་རེ་སྤེལ་ཡོད། དེ་དག་ལས་གཞན་དམིགས་བསལ་གྱིས་ཨ་རིའི་གཉུག་གནས་པ་ཡི་སྒྲུང་རིང་སྐོར་ལ་སེ་ཨན · ཐེའུ་ཐོན(Sean Teuton)གྱིས་བརྩམས་པའི་དེབ་ལས་ཚན་པ་ཁ་ཤས་ཁོལ་དུ་ཕྱུངས་ནས་བསྒྱུར་ཡོད་མོད། ས་བཅད་མ་སྟོང་ཙམ་མ་གཏོགས་བསྒྱུར་མ་ཐུབ་པ་ནི་ཧ་ཅང་ཡིད་ཕངས་པའི་གནས་སོ།། འཆར་གཞི་དང་པོ་ལྟར་ན་ལེ་ཚན་འདི་རུ་བྷོར་ཧེ་སྀའི་དཔྱད་རྩོམ་ཐུང་ངུ་ཞིག་འགོད་འཆར་ཡོད་ནའང་ལེགས་འགྲུབ་མ་བྱུང་བས་དེའི་ཚབ་ཏུ་སྒྲུང་ཐུང་ལེ་ཚན་ལ་ཁོང་གི་སྒྲུང་གཉིས་བཀོད་པ་ཡིན།དེ་དག་ཕལ་ཆེ་བ་དབྱིན་ཡིག་གམ་དབྱིན་འགྱུར་མ་ལ་དཔེ་བལྟས་ནས་བསྒྱུར་ཅིང་ཞུ་དག་གནང་། བཅར་འདྲི་ལེ་ཚན་དུ་ཐུར་ཁེ་ཡི་རྩོམ་པ་པོ་ཨོར་ཧན · ཕ་མུག(Orhan Pamuk)དང་ཨི་ཐ་ལི་ཡི་རྩོམ་པ་པོ་ཨུམ་བྷེར་ཏོ · ཨེ་ཁོ(Umberto Eco)གཉིས་ལ《ཕ་རི་སྀ་བསྐྱར་ཞིབ》(The Paris Review)ཀྱིས་བཅར་འདྲི་ཞུས་པ་ལས་ཚན་པ་ཁག་ཅིག་ཁོལ་དུ་ཕྱུངས་ནས་བསྒྱུར་བའོ། །གལ་སྲིད་ཁྱེད་ཅག་གིས་དཔྱད་ཞིབ་དང་བཅར་འདྲི་འདི་དག་བཀླགས་པ་ཡིན་ན་རྩོམ་རིག་དང་འབྲེལ་བ་ཡོད་པའི་བརྗོད་གཞི——ཐ་སྙད་གསར་པ་དང་། སྐྱོ་གར། བརྩམས་སྒྲུང་ནང་གི་དུས་ཚོད། རང་གི་བྱུང་བ་བརྗོད་པ་དང་མི་ཆོས་ཀུན་སྤྱོད། རྩོམ་རིག་ལ་བརྟེན་པའི་སྤྱི་ཚོགས་ཤིག་གི་འགོག་རྒོལ་དང་མཚུངས་བསྒྱུར། ད་དུང་རྩོམ་པ་པོ་ཞིག་གི་འཚོ་བ་དང་རྩོམ་པའི་བར་གྱི་འབྲེལ་བ་བཅས——འདི་དག་གི་སྐོར་ནས་ཁྱེད་ཅག་ལ་ངེས་ཤེས་གསར་པ་རེ་སྐྱེ་ཐུབ་ཀྱང་སྲིད་སྙམ།
དེབ་འདིར་འཁོད་པའི་རྩོམ་དག་ལེ་ཚན་སོ་སོའི་རྩོམ་གྱི་མ་ཡིག་སྤེལ་བའི་དུས་ཀྱི་སྔ་ཕྱི་ལྟར་བསྒྲིགས་ཤིང་། དབྱིན་བོད་སྒྲ་བསྒྱུར་གྱི་ལག་ལེན་བླང་དོར་སོགས་ཀྱང་དེབ་སྔོན་མ་ནང་བཞིན་ཡིན། དེབ་ཀྱི་མཇུག་གི་མཐུན་རྐྱེན་སྦྱོར་མཁན་གྱི་ངོ་སྤྲོད་ནི་རྩོམ་པ་པོ་དང་ལོ་ཙཱ་བ(ཞུས་ཆེན་ལོ་ཙཱ་བའང་འདུ)སོ་སོར་གསལ་བྱེད་ཀ་མད་ཀྱི་རིམ་པ་ལྟར་བྱས། དེབ་དང་པོའི་མཐུན་རྐྱེན་སྦྱོར་མཁན་གྱི་གྲས་སུ་ལོ་ཙཱ་བ་གཅན་མེ་ཏོག་དང་དཔལ་རྒྱམ་གཉིས་མ་བཅུག་པར་ལྷག་ལུས་སོང་བ་ནི་རྩོམ་སྒྲིག་པའི་ལས་ཀའི་འཐུས་ཤོར་ཤ་སྟག་ཡིན་རྐྱེན་འདིར་ཆེད་དུ་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། མཐར་དེབ་དང་པོའི་ནང་དུ་ཡིག་ནོར་ཚིག་ལྷག་བྱུང་ཡོད་པ་མཐའ་དག་ཀློག་མཁན་ལྷན་རྒྱས་ལ་དགོངས་འགལ་མ་བཞེས་རོགས་ཞེས་ཞུ་རྒྱུ་དང་། དེབ་འདིའི་ཁ་ཤོག་ཇུས་འགོད་དང་ནང་དོན་བཀོད་སྒྲིག ལོ་ཙཱའི་བཟང་ངན་སོགས་གང་ཅིའི་ཐད་དགོངས་འཆར་ལྷུག་སྩོལ་གནང་བའི་རེ་བ་ཞུ་རྒྱུ་ཡིན།
ཆེད་དུ་ཞུ་རྒྱུ་ཞིག་ལ།《འཛམ་གླིང་རྩོམ་རིག》དེབ་གཉིས་པ་འདི་ནི་དབྱིན་བོད་རྩོམ་རིག་ལོ་ཙཱའི་སྔ་རབས་པ་རྒན་རྡོ་དགོན་གསང་བདག་རྡོ་རྗེ(1946-2020)ལགས་ལ་རྗེས་དྲན་གྱི་ཚུལ་དུ་ཕུལ་བ་ཡིན།
མིག་སྔའི་ལས་ཀ
ད་ལྟ“འཛམ་གླིང་རྩོམ་རིག”ཅེས་བྱ་བའི་རྩོམ་སྒྲིག་ཚོགས་ཆུང་འདིས། འཛམ་གླིང་རྩོམ་རིག་དེབ་གསུམ་པའི་བསྒྱུར་གཞིའི་མ་རྩོམ་བདམས་ནས་ལོ་ཙཱ་བ་དག་ལ་བཀོད་སྒྲིག་བྱས་ཚར། དེབ་གསུམ་པ་སྤྱི་ལོ2021ལོའི་སྤྱི་ཟླ9པ་ལ་དཔར་བསྐྲུན་བྱ་འཆར་ཡིན།
ལོ་ཙཱ་བ་དང་ཞུས་ཆེན་འཚོལ་བསྡུ།
དེབ་འདི་ལ་རྩོམ་སྒྲིག་ཚོགས་མི་འདུས་པའི་ལོ་ཙཱ་བ་དང་ཞུས་ཆེན་ཁག་ཅིག་ཡོད་ནའང་། དབྱིན་བོད་སྐད་ཡིག་གཉིས་ལ་བྱང་ཆ་ཆེ་ཞིང་རྩོམ་རིག་གི་བློ་སྦྱོང་ཡོད་པར་མ་ཟད། རྩོམ་རིག་ལོ་ཙཱ་ལ་མོས་པ་ཆེ་བའི་སྐད་གཉིས་ལོ་ཙཱ་བ་ད་དུང་ཉུང་ངུར་སྣང་བས་ན། འདིར་འཛམ་གླིང་རྩོམ་རིག་ལས་སྤྱིར་དབྱིན་བོད་ཀྱི་རྩོམ་རིག་ལོ་ཙཱ་ཐུབ་ཅིང་། དམིགས་བསལ་ཧྥ་རན་སྀ་དང་འཇར་མན་སོགས་སྐད་རིགས་གཞན་གྱི་ལམ་ནས་རྩོམ་རིག་བརྩམས་ཆོས་བོད་ཡིག་ཏུ་བསྒྱུར་ཐུབ་མཁན་མཆིས་ཚེ། ངེད་རྩོམ་སྒྲིག་ཚོགས་ཆུང་གིས་དགའ་བསུ་གང་ལེགས་ཀྱིས། དེབ་འདིའི་ལོ་ཙཱ་བའམ་ཞུས་ཆེན་དུ་གདན་འདྲེན་ཞུ་བ་ལགས་ན། དེ་དོན་ཁྱེད་ཅག་ཐུགས་ལ་འཇགས་པར་ཞུ།
འགྲེམ་སྤེལ་དང་བརྒྱུད་འཚོང་ལྟེ་གནས།
དེབ་འདིའི་འགྲེམ་སྤེལ་བྱེད་མཁན་ནི་ཁྲིན་ཏུའུ་བོད་ཀྱི་བྲིན་རྩོམ་ཚང་ཡིན།
ཁ་པར། 13438313763
བརྒྱུད་འཚོང་དཔེ་ཁང་ཆེ་བཞི།
ལྷ་ས་གངས་ལྗོངས་དཔེ་ཀློག་ཁང་། 17808913375
རྔ་བ་ཆུ་མིག་དགུ་ཁྲའི་དཔེ་ཁང་། ཁ་པར། 13684393379
ཡུལ་ཤུལ་ཤེས་རིག་ཡར་སྐུལ་དཔེ་ཁང་། ཁ་པར། 18946862008
ཟི་ལིང་ཏི་སེ་དཔེ་ཁང་། ཁ་པར།15597063311
རྩོམ་སྒྲིག་ཁང་གི་འབྲེལ་བ་གནང་ཡུལ།
E-mail: vairochana@sina.com སྐད་འཕྲིན་སྤྱི་སྟེགས། World Literature
ཟུར་བཀོད། དཀར་ཆག
ཕྱི་རྒྱལ་ནས་དཔེ་ཆ་འདིའི་རིགས་རག་ཐབས་ཡོད་དམ།