བོད་ཡིག་ནང་ལ་ད་ལྟ་དང་མ་འོངས་པའི་སྐོར་ལ་འབྲི་མཁན་ཉུང་དྲག་འདུག
བསྟན་འཛིན།
བོད་ཡིག་ནང་ལ་རྩོམ་རིང་པོ་དང་མང་པོ་འབྲི་མཁན་འདུག འོན་ཀྱང་མང་ཆེ་བ་ཆོས་ལུགས་དང་།་ཆོས་འབྱུང་། ལོ་རྒྱུས། རྣམ་ཐར། རིག་གནས་བཅུའི་སྐོར་ལ་གཏོགས། བོད་ཡིག་ནང་ལ་ད་ལྟ་དང་མ་འོངས་པའི་སྐོར་ལ་འབྲི་མཁན་ཤིན་དུ་ཉུང་། དེ་ལས་ལྡོག་ཏེ། དབྱིན་ཡིག་དང་རྒྱ་ཡིག་སོགས་ཀྱི་ནང་ལ། རྩོམ་མང་ཆེ་བའི་ད་ལྟ་དང་མ་འོངས་པའི་སྐོར་ལ་རེད། དཔེར་ན་དཔལ་འབྱོར་གྱི་གནས་ཚུལ་མང་ཆེ་བ་ད་ལྟ་དང་མ་འོངས་པའི་སྐོར་ལ་རེད། དེ་བཞིན་ཆབ་སྲིད་དང་། ཚན་རིག ཚོང་ལས། སྒྱུ་རྩལ་དང་ལྟད་མོ་སོགས་ད་ལྟ་དང་མ་འོངས་པའི་བརྗོད་བྱ་རེད།
ང་ཚོ་བོད་པ་ཚོས་བསམ་བློ་བཏང་ནས། ཁ་ཕྱོགས་དེ་ད་ལྟ་དང་མ་འོངས་པར་སྤོ་ཐུབ་ན་བོད་མི་རིགས་ལ་ཁེ་ཕན་ཆེ་བ་འདུག འདས་པའི་སྐོར་ལ་བརྩད་གཅོད་བྱ་རྒྱུ་མང་དྲགས་ན། དེ་ལ་མགོ་འཁོར་ནས། ད་ལྟ་དང་མ་འོངས་པའི་དོན་ཆེན་ཤོར་འགྲོ་བ་དང་། དུས་ཚོད་མང་པོ་ཆུད་ཟོས་འགྲོ་བར་བྱེད།
འདི་འདས་པའི་ཟླ་ཤས་ནང་ལ། སྐད་འཕྲིན་དང་། དྲ་རྒྱ། ངོ་དེབ། འཕྲིན་ཕྲན་སོགས་ཀྱི་ནང་ལ་བོད་ཡིག་རྩོམ་ཡིག་ཁག་ལ་བམ་ཀློག་བྱས་པའི་མྱོང་བ་ཡིན། དེ་དག་བཀླགས་པའི་རྗེས་ལ་དུས་ཚོད་ཆུད་ཟོས་ཕྱིན་པའི་ཚོར་བ་བསླེབས་སོང་། དབྱིན་ཡིག་ནང་ལ་གསར་འགྱུར་དང་མ་འོངས་ཀྱི་སྲིད་དཔལ་གྱི་ཁ་ཕྱོགས་སྐོར་བཀླགས་རྗེས་སྤྱི་ཚོགས་འཕོ་སྒྱུར་ཆེན་པོ་འགྲོ་བཞིན་པ་རྟོགས་ནས། སེམས་ནང་ལ་མ་སྐྱིད་པ་དང་སེམས་ཁྲལ་བསླེབས་ནས། ལམ་སེང་རིག་པ་འགྲིམས་དགོས་པ་དང་། གོ་སྐབས་ཆུད་ཟོས་ལ་ཤོར་མི་ཉན་སྙམ་ནས་སེམས་ཤུགས་སླེབས། དུས་ཚོད་ཆུད་ཟོས་སུ་ཕྱིན་པའི་ཚོར་བ་མི་སླེབས།
དེས་ན་ང་ཚོ་བོད་པའི་རྩོམ་པ་པོ་དང་རིགས་པ་སྨྲ་བ་ཚོས་ད་ལྟ་དང་མ་འོངས་པའི་བོད་དང་འབྲེལ་བའི་གནས་བབ་ཀྱི་བརྗོད་བྱའི་ཐོག་རྩོམ་བྲིས་ན། བོད་ཕྱི་ནང་གཉིས་ལ་ཕན། ལྷག་པར་དུ་བོད་ནང་ལ་མ་འོངས་པའི་གནས་བབ་ཀྱི་སྐོར་འབྲི་བའི་ཁོར་ཡུག་བཟང་པོ་མེད་པར་བརྟེན།་ཕྱི་ནས་འདི་ལ་ཤུགས་བརྒྱབ་ཐུབ་ན་གཏན་གཏན་ཕན་ཐོགས་ཡོང་སྙམ།