བོད་རང་བཙན་སློབ་ཕྲུག་ཚོགས་པས་།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས་བསྒྱུར།
དང་པོ།
བདུན་རེར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་གསར་འགྱུར་དང་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགྱུར། ནོར་ལྦེའི་རླུང་འཕྲིན་གྱི་གསར་འགྱུར་བཅས་ལ་ཉོན། ལྷག་པར་དུ། ཨ་རིའི་རླུང་འཕྲིན་གྱི་ཀུན་གླེང་གསར་འགྱུར་ལ་བདུན་རེར་ཐེངས་གཉིས་ལ་གཟིགས་རོགས།
གཉིས་པ།
བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན། ཁ་བརྡ་དྲ་བ་བཅས་ནས་བོད་ཡིག་གི་གསར་འགྱུར་ཉུང་མཐར་ཡང་བདུན་རེར་ཐེངས་གཅིག་ཀློགས། དེ་བཞིན། མནར་གཅོད་འོག་ཡོད་པའི་བོད་ཀྱི་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་དང་ཀུན་དགའ་ཚངས་དབྱངས། སྐལ་བཟང་ཚུལ་ཁྲིམས། སྒྲོལ་མ་སྐྱབས། འཇམ་དབྱངས་སྐྱིད། ཞོགས་དུང་བཅས་ཀྱི་སྙན་ངག་དང་རྩོམ་ཡིག་རྣམས་ཀློགས་རོགས།
གསུམ།
ཁྱེད་ཀྱི་གློླག་ཀླད་སྟེང་། བོད་ཡིག་གཅིག་གྱུར་མཛུབ་གནོན་ཕབ་ལེན་གནང་དང་། སྐུ་ཉིད་ཀྱིས་བོད་ཡིག་འབྲི་ཐུབ་གི་རེད། བོད་ཡིག་གི་མཉེན་ཆས་འདི་ནས་ལེན་རོགས། དེ་ནི་ཀ་ཁ་ག་ང་ཞེས་འབྲི་བ་བཞིན་ཧ་ཅང་ལས་སླ་བོ་ཡིན་པ་མ་ཟད། ཀུ་ཤུ་རྟགས་ཅན་(Mac)དང་བིན་སྒྲོ་རྟགས་ཅན་(Windows)གཉིས་ཀའི་ཐོག་ལ་བེད་སྤྱོད་གཏོང་ཐུབ།
བཞི།
རེས་གཟའ་ལྷག་པ་རྟག་པར། ངོ་དེབ་(Facebook)ཀྱི་འགོ་བརྗོད་དུ་བོད་ཡིག་འབྲི་རོགས། རྒྱུ་མཚན། བོད་ནང་གི་སློབ་ཕྲུག་མང་པོས་སྐད་ཡིག་རང་དབང་ཆེད་སྐད་འབོད་བྱེད་ཀྱིན་འདུག སྐུ་ཉིད་ཀྱིས་་སོ་སོའི་གློག་ཀླད་དུ་བོད་ཡིག་ཕབ་ལེན་བྱས་མེད་ན། ཁྱེད་ནས་བོད་ཡིག་གི་མཛུབ་གནོན་འདི་བེད་སྤྱོད་བཏང་ཆོག་གི་རེད།
ལྔ་།
མཚམས་མཚམས་ལ། བོད་ཡིག་ནང་སོ་སོའི་ཕ་མ་དང་གྲོགས་པོ་སོགས་ལ་གློག་འཕྲིན་་ཐོངས་དང་། དེས་ཕ་མ་རྣམས་ལ་ཡ་མཚན་བསྐྱེད་ཅིང་གྲོགས་པོ་རྣམས་ལ་དགའ་བ་འཕེལ་གི་རེད། ད་དུང་། གནས་ཚུལ་རྐུན་མ་རྒྱག་མཁན་རྣམས་མགོ་འཐོམས་པར་བྱེད་གི་རེད།
དྲུག
བོད་ཡིག་གི་དག་ཆར་སེམས་ཁྲལ་མ་བྱེད་རོགས། མི་རིང་བར། བོད་ཡིག་གི་དག་ཆར་ཞུས་དག་གཏོང་ཐུབ་པའི་མཉེན་ཆས་ཤིག་ཀྱང་གློག་ཀླླད་དྲ་བའི་ངོས་སུ་ཐོན་གི་རེད། ད་ལྟའི་གནས་སྐབས་སུ། བོད་ཡིག་མ་བྲིས་བ་ལས་དག་ཆ་ནོར་ནས་བྲིས་རུང་དེ་ལ་དགེ་མཚན་ཡོད། ཞོར་ལ། སྨོན་ལམ་གློག་ཀླད་ཀྱི་བོད་ཡིག་ཚིག་མཛོད་བེད་སྤྱོད་ཐོངས། འདི་ནས་ཕབ་ལེན་བྱོས།
བདུན།
བོད་པའི་སློབ་ཕྲུག་ཆུང་ཆུང་ཚོར། བོད་ཡིག་གི་སྒྲུང་དེབ་དང་བརྙན་དེབ་སོགས་ལེགས་སྐྱེས་ཀྱི་ཚབ་ཏུ་སྤྲོད། གལ་སྲིད་ཁྱེད་ལ་བུ་ཕྲུག་ཡོད་ན། བུ་ཕྲུག་གཉིད་མ་ཁུག་སྔོན་ལ་བོད་ཡིག་གི་སྒྲུང་ཀློག་ནས་བྱིས་བ་གཟིམས་འཇུག་རོགས།
བརྒྱད།
བོད་ཀྱི་དེང་རབས་གླུ་གཞས་ཁག་ལ་ཉོན། སོ་སོའི་དགའ་ཕྱོགས་ལྟར། དཔེར་ན། རང་བཙན་གཞོན་ནུ་དང་བཙན་བྱོལ་སྤུན་ཟླ། ཡར་དུང་། ཀུན་དགའ། ཤེར་བསྟན། བཀྲས་ཆུང་། ཕུར་བུ་བཀྲིས་རྣམ་རྒྱལ་སོགས་ཀྱི་གླུ་གཞས་ཁག་ལ་ཉོན།
དགུ
བོད་ཡིག་གི་ནང་བཏོན་པའི་དཔེ་དེབ་དང་དུས་དེབ། འོད་སྡེར་སོགས་ཉོས། བོད་ཀྱི་རྩོམ་པ་པོ་དང་སྒྱུ་རྩལ་བ་རྣམས་ཀྱིས་རྩོམ་རིག་དང་སྒྱུ་རྩལ་ཐོག་ཕྱག་ལས་རྒྱ་ཆེར་གནང་གི་ཡོད། ང་ཚོས་ཁོང་ཚོའི་དེབ་སོགས་འགྲིམས་སའི་རྒྱལ་སྤྱིའི་ཁྲོམ་རྭ་ཞིག་བསྐྲུན་ཐབས་ལ་འབད་དགོས། ཁོང་ཚོས་བྲིས་བའི་བོད་ཡིག་ལ་ང་ཚོས་རང་གི་སྒོར་ཁུག་ནས་རྒྱབ་སྐྱོར་གནང་དགོས།
བཅུ།
ས་འོག་གི་མེ་འཁོར་ནང་དུ་ཕན་ཚུན་ལ་གསང་གཏམ་ཤོད་སྐབས་ཙམ་མ་ཡིན་པར། དུས་ནམ་ཡིན་ལ་བོད་སྐད་བསྐྱོན་རོགས།
(བོད་རང་བཙན་བོད་ཕྲུག་ཚོགས་པའི་བོད་པའི་ལས་བྱེད་རྣམས་ནས་ཕུལ།)
དགོངས་འཆར་ཧ་ཅང་ཡག་པོ་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཆུང་ས་ནས་གོམ་པ་རིམས་བགྲོད་བྱས་ན་གྲུབ་འབྲས་ཆེན་པོ་ཐོབ་ངེས་པ་ཡིན།
ཐབས་ལམ་ཞེ་དྲག་ཡག་པོ་འདུག ཕར་བལྟས་ཚོད་ལ་ལས་འགུལ་བཅུ་པོ་འདི་དག་ཆུང་སའི་ལས་རིམ་ལྟ་བུ་ཞིག་དང། ལས་སླ་པོ་ཞིག་ཏུ་མཐོང་རུང། འོན་ཀྱང་འདི་དག་ཐབས་ལམ་མེད་དུ་མི་རུང་བ་ཞིག་ཡིན། འདི་དག་འགྲུབ་དཀའ་སེ་ཡོད། འདི་ནི་གཙོ་བོ་སློབ་ཕྲུག་ཚོགས་པའི་འགན་འཛིན་རང་བཙན་འཐབ་རྩོད་པ་བསྟན་འཛིན་རྡོ་རྗེའིབསམ་འཆར་ཞིག་རེད་འདུག་པས་ཡག་པོ་འདུག གལ་སྲིད་ཁྱེད་ཀྱིས་དྲ་རྒྱ་འདི་གིན་ཡོད་ན་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། བསྟན་རྡོར་ནི་བཙན་བྱོལ་ནང་ནས་མིག་དཔེ་བལྟ་ས་འོས་པའི་གཞོན་སྐྱེས་ཞིག་ཡིན་པས་ཁོང་ལྟ་བུ་གང་མང་ཐོན་ཐུབ་པའི་རེ་བ་དང་ཡིད་ཆེས་བཅས།
བསམ་འཆར་ལེགས་སོ། མངོན་པར་བསྟོད་དོ། གཙོ་བོ་སྐད་ཡིག་ནི་བཟའ་བཏུང་ཉལ་འགྲོ་འདུག་གསུམ་དང་འབྲེལ་བ་ཡོད་དགོས། དེས་ན། རིགས་ཀྱི་བུ། བཟའ་མ་ཟ་བའི་སྐབས་བོད་སྐད་ཤོད་དང་། དགོངས་མོ་ཉལ་བའི་སྐབས་སུ་བོད་སྐད་ཤོད་དང་། ཕྱི་ལ་འགྲོ་བའི་སྐབས་སུ་བོད་སྐད་ཤོད་དང་། ནང་ལ་འདུག་པའི་སྐབས་སུ་བོད་སྐད་ཤོད་དང་།
ཞོགས་པ་སྨོན་ལམ་བོད་སྐད་ནང་ལ་འདོན་དང་།
ཉིན་མོ་ལས་ཀ་བོད་སྐད་ནང་ལ་བྱེད་དང་།
xxxxx
ཨེ་རེད།
བསམ་འཆར་ཧ་ཅང་ཡག་ཀྱང་ཆད་སྐྱོན་ཞིག་ཡོད་པས་ཁ་སྣོན་དུ་བཀོད་ན་འདི་ལྟར་ཏེ།
བཅུ་གཅིག གྲྭ་འབོར་ཉུང་དུ་བཏང་ནས་མི་འབོར་འཕེལ་རྒྱས་ལ་རེམ་དང་། བོད་མི་མང་ན་བོད་སྐད་བཤད་མཁན་གྱི་སྤྱི་ཆོགས་ཤིག་རང་བཞིན་གྱིས་གྲུབ་ངེས་ལ་གཞན་གྱིས་ཀྱང་་དོ་སྣང་རང་བཞིན་གྱིས་སླེབས་ངེས་རེད། མི་འབོར་མེད་ན་བོད་སྐད་སྤྱོད་མཁན་དཀོན་པས་བོད་ཡིག་བཀོད་སྤྱོད་ཞན་ཞིང་ནུས་པ་དབེན་པས་བོད་སྐད་ཀྱི་ཁོར་ཡུག་ལ་འགོག་རྐྱེན་ཐེབས་ངེས་ཡིན།
ཉི་མ་རེ་རེའི་རང་གི་ཆེད་ལས་ཆེ་ཆུང་ཚང་མའི་ནང་སྤྱོད་བཞིན་པའི་བྱ་ཚིག་དང་དངོས་པོའི་མིང་ཚིག་སོགས་ཕྱི་ཚིག་རྣམས་ཀྱི་སྒྲ་དོན་སོགས་ལ་གོ་བ་ཡག་པོ་བླངས་ནས། བོད་ཡིག་གི་མིང་ཚད་ལྡན་སྤྱོད་བདེ་རེ་འདོགས་ཨེ་ཐུབ་འབད་དགོས་ཀྱི་འདུག རང་ཉིད་ལ་ཕྲུ་གུ་གསར་བ་ཞིག་སྐྱེས་པ་དང་ནང་དོན་ཡོད་པའི་མིང་རེ་འདོགས་པ་དང་འདྲ་བོ་རེད། ཆེད་ལས་ཁག་གི་ནང་མིང་ཚིག་ཚད་ལྡན་བཟོ་ཐུབ་གལ་ཆེ།
ཁྱེད་ཀྱིས་འདོན་སྤེལ་གནང་བའི་ཐབས་ཤེས་བཅུ་པོ་དེ་དག་ཀློག་སྐབས་མཛེས་པོ་འདུག་ཀྱང་རང་ཅག་ཚོའི་སྤྱི་ཚོགས་ཀྱི་གནས་བབ་གང་འདྲ་ཞིག་ཡོད་པར་ཞིབ་འཇུག་མ་གནང་བར་གསུངས་པར་ཡ་མཚན་ཆེ། ཁྱེད་ཀྱི་ཐབས་ཤེས་དེ་དག་ནི་ཁྱིམ་ཚང་གི་དཔལ་འབྱོར་གང་མཚམས་ལེགས་པོ་དང། ཁྱིམ་ཚང་ནང་ཕ་མ་ཚོར་ཤེས་ཡོན་ཡོད་པ། རང་གི་མི་རིགས་ལ་ཤ་ཞེན་ཡོད་པ། ཕྲུ་གུ་ཚོའི་སྟེང་དབང་འཛིན་བྱེད་ཐུབ་པ་སོགས་ལྡན་པའི་འཁོར་ཡུག་དགོས་པ་ལས། དེང་སང་བོད་མི་ཕལ་ཆེ་བས་རང་གི་ཕྲུ་གུས་གང་བཤད་མ་གཏོགས་ཕ་མར་དབང་ཆ་རྩ་བ་ནས་མེད་སྡོད་པ་ཤ་སྟག་མཐོང་གི་འདུག་ན། ཁྱེད་ཀྱིས་བོད་མི་བརྒྱ་ཆ་ཉུང་མཐའ་བཞི་བཅུ་ཙམ་ལ་ཕན་པའི་ཐབས་ཤེས་གསུངས་ཐབས་གནང་ཐུབ་ན་དངོས་གནས་བོད་ཡིག་འཕེལ་རྒྱས་ཡོང་བའི་རེ་བ་ཆེ་ངེས་ལགས། ཐུགས་འཁུར་གྱིས་ཐབས་ཤེས་གསུངས་པར་ཐུགས་རྗེ་ཆེ། བཀྲིས་བདེ་ལེགས།
རིག་འབྱུང་རྒྱ་མཚོ་ལགས།
ཁྱེད་ཀྱི་ཁ་སྣོན་བསམ་འཆར་སྟོན་གནང་བ། གྲྭ་འབོར་ཉུང་དུ་བཏང་ནས་མི་འབོར་འཕེལ་རྒྱས་ལ་རེམ་དང་། གསུང་བ་ནི་སྔོན་མའི་བསམ་འཆར་ཞིག་ཡིན་ལེ་རེད་མ་ཏོག ད་ཆ་གདན་སར་གྲྭ་བ་ཉུང་དུ་ཕྱིན་པ་དང་། དེ་བས་ཀྱང་བོད་ཁྲུག་རང་། གསར་དུ་གྲ་བ་བྱེད་མཁན་མེད་པའི་གནས་ཚུལ་ཐོན་གི་འདུག ངས་བྱས་ན་ཁྱེད་སེམས་ཁྲལ་གནང་དགོས་དོན་མེད་བཟོ་འདུག
ཐབས་ལམ་དེ་དག་ནི་ཞེ་དྲག་ཡག་པོ་འདུག ཕར་བལྟས་ཚོད་ལ་ལས་འགུལ་བཅུ་པོ་འདི་དག ཆུང་སའི་ལས་རིམ་ལྟ་བུ་ཞིག་དང། ལས་སླ་པོ་ཞིག་ཏུ་མཐོང་རུང། འོན་ཀྱང་འདི་དག་ནི་ཐབས་ལམ་མེད་དུ་མི་རུང་བ་ཞིག་རེད། ཡིན་ནའང་དེ་དག་ཉན་ཀློག་བྱེད་བར་རྒྱུན་ལྡན་ནས་འཚོ་བའི་ནང་བོད་སྐད་སྤྱོད་དགོས་པ་ནི་ཆ་རྐྱེན་དང་པོ་དེ་རེད་སྗམ།། འདི་ནི་གཙོ་བོ་སློབ་ཕྲུག་ཚོགས་པའི་འགན་འཛིན་རང་བཙན་འཐབ་རྩོད་པ་བསྟན་འཛིན་རྡོ་རྗེའི་བསམ་འཆར་ཞིག་རེད་འདུག་པས་ཡག་པོ་འདུག བསྟན་རྡོར་ལགས་ནི་བཙན་བྱོལ་ནང་ནས་མིག་དཔེ་བལྟ་འོས་པའི་གཞོན་སྐྱེས་ཞིག་ཡིན་པས། ཁོང་ལྟ་བུ་གང་མང་ཐོན་ཐུབ་པའི་རེ་བ་ཡོད། བསྟན་རྡོར་ལགསུ་དམིགས་གསལ་བཀྲིས་བདེ་ལེགས་ཞུ་རྒྱུ་བཅས།། འཕན་པོ་བསྟན་དར་ནས།།
ཕྲན་ནས་བོད་ནང་གི་མཁས་དབང་མཁྱེན་རབ་དབང་ཕྱུག་མཆོག་གི་གསུང་བཤད་འདི་སྒྲ་འཛིན་འཁོར་ཐག་ནས་སྒྲ་སྐད་ཡིག་ཐོག་ཕབ་པ་ཞིག་ཡིན་པས་ངས་མཆན་གྱི་ཚུལ་དུ་དུམ་བུ་རེ་འདོན་སྤེལ་ཞུ་རྒྱུ་ཡིན་ན་དྲ་གྲོགས་རྣམ་པས་ལྗགས་ཀློག་གནང་བ་ཞུ། ཐུགས་ཕན་གསོ་བའི་རེ་བ་ཡོད། བཀྲིས་བདེ་ལེགས།
མཁས་དབང་ངོ་སྤྲོད་པའི་གསུང་བཤད།
ང་ཟླ་བ་ཡེ་ཤེས་ཀྱིས་བོད་ཡིག་ཚན་ཁག་གི་སྐུ་ཚབ་ཞུས་ནས་དེ་རིང་འདི་ལ་ཕེབས་པའིསློབ་མ་དང་དགེ་རྒན་རྣམས་པ་ཚོ། བློ་མཐུན་རྣམ་པ་ཚོ་ལ་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ་ཡིན། ཅི་ཡིན་ཞེ་ན་ང་ཚོའི་སྤྱི་ཚོགས་ནང་ཐོག་མར། ང་ཚོ་ལ་དེ་འདྲ་ཡི་རེ་བ་འཆའ་བཞིན་ཡོད། ཐོག་མ་ཡིན་ན་དགེ་རྒན་རྣམ་པ་ཚང་མས་རྒན་ཁྱེད་རང་ལ་ཆེད་དོན་གཅིག་གི་གསུང་བཤད་ཀྱི་སྐལ་བ་གཅིག་ཁོ་ཚོར་སྤྲོད་རོགས་བགྱི་ཟེར་ནས། ང་ཚན་པ་ཡི་སློབ་མའི་ཚོགས་པ་གཙོ་བོ་བཟུང་སྟེ་བསྐལ་བ་བཟང་པོ་དེ་བརྙེས་བྱུང༌། དེ་རྙེད་པའི་སྐབས་ལ་ང་ཚོའི་རང་སྐྱོང་གཞུང་ནང་ལ་སྤུན་ཟླ་སློབ་གྲྭ་དང༌། བློ་མཐུན་དང༌། དགེ་རྒན་རྣམ་པ་ཚོ་གདན་འདྲེན་ཞུས་པ་ཡིན། ངས་རྒན་ཁྱེད་རང་ངོ་སྤྲོད་ཞུ་མི་དགོས་པ་འདྲ་བྱུང༌། ཁ་ཤས་ཀྱིས་ད་རུང་མ་བཤད་ན་ཧ་གོ་ཡི་མ་རེད། རྒན་ཁྱེད་རང་ནི་བོད་གངས་ཅན་ལྗོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རེད་ལ། སྐད་གྲགས་དང་བྱས་རྗེས་བཞག་པའི་མཛད་རྗེས་བླ་ན་མེད་པ་བཞག་པའི་དེ་འདྲའི་རྒན་རབས་ཤིག་རེད། ཁྱེད་ལ་ང་ཚོར་བསྐལ་བ་བཟང་པོ་དེ་འདྲ་ཞིག་གནང་རོགས་ཞུས་པ་ཡིན། རྒན་གྱིས་དཀའ་ངལ་ཁྱད་བསད་བཏང་ནས་འདི་ལ་ཕེབས་ནས་ང་ཚོ་ལ་ཉིན་མ་བཟང་པོ་བསྐལ་པ་བཟང་པོ། དུས་ཚོད་བཟང་པོ་དེ་འདྲ་ཞིག་གི་སྐལ་བ་འདི་འདྲ་ཞིག་སྤྲད་པར་ང་ཚོ་སྙིང་ཐག་པ་ནས་རྒན་ལགས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དགའ་བསུ་མཚོན་བྱེད་དུ་ཚང་མས་ཕྱག་བརྡབ་པ།
ད་ང་ཚོ་ལོ་རྒྱུས་ཆེད་དོན་གསུང་བཤད་འགོ་འཛུགས་རྒྱུ་ཡིན། ཡང་བསྐྱར་ཕྱག་བརྡབ་པ།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་རེ་བ་དེ་དག་ཡག་པོ་འདུག སོ་སོའི་མི་རིགས་ལ་ལྷག་བསམ་དེ་འདྲ་ཡོད་ན་ང་ཚོ་ལ་རེ་བ་མེད་པ་ག་ལ་སྲིད།
འདིའི་ཞོར་དུ་ང་ལ་ཡང་བོད་མི་ཡོངས་ལ་རེ་བ་ཞིག་ཞུ་རྒྱུ་ཡོད། ད་ལྟའི་བོད་ནང་དུ་འཆར་ལྡན་བུ་བཙའ་ཞེས་པའི་ཁྲིམས་ལུགས་བཟོས་ནས་སྐྱེ་སྒོ་འགོག་བཞིན་ཡོད་པས་བོད་མིའི་གྲངས་འབོར་ཉུང་དུ་གཏོང་གི་ཡོད། དེ་ནི་གཙོ་བོ་རང་དབང་མེད་པའི་རྐྱེན་གྱིས་ཡིན་པས་བྱེད་ཐབས་དཀའ། འོན་ཀྱང་བཙན་བྱོལ་ནང་ཕོ་སར་མོ་སར་ཚོ་ལོ་སུམ་ཅུ་བརྒལ་འགྲོ་ཡི་ཡོད་ཀྱང་ད་དུང་ཆང་ས་རྒྱག་གི་མི་འདུག་ལ། ཆང་ས་བརྒྱབ་ཀྱང་ཕྲུ་གུ་སྐྱེ་མཁན་དཀོན་པོ་རེད་འདུག གངས་སྐྱིད་ཀྱི་ལས་བྱེད་ཚོ་ཅིག་ལྟོས་དང་། ཁ་དང་རྐུབ་ལ་སྤུ་སྐྱེས་ཚར་བའི་ཕོ་སར་མོ་སར་རྐྱང་རྐྱང་ཡིན་ཡང་། ད་དུང་དགའ་རོགས་མཚམས་རེ་ཡོད་པ་འདྲ། མཚམས་རེ་མེད་པ་འདྲ་ཞིག་མ་གཏོགས་ཆང་ས་བརྒྱབ་ནས་བུ་ཕྲུག་གསོ་སྐྱོང་བྱེད་རྒྱུའི་འདོད་པ་ཡོད་མཁན་ཕལ་ཆེར་ཡོད་བཟོ་མི་འདུག་པས། ང་ཚོས་རྐང་བཙུགས་ནས་བོད་མི་རིགས་འདིའི་གྲངས་འབོར་ཉུང་དུ་གཏོང་བ་མ་ཡིན་ནམ། ཚང་མས་གཟབ་དགོས།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གཙོས་པའི་ཐབས་ལམ་པ་བཅུ་ཀའི་ནང་ལ་བོད་ཡིག་བོད་སྐད་ཡར་རྒྱས་གོང་འཕེལ་རྒྱུན་འཁྱོངས་མཐར་ཕྱིན་ཡོང་བའི་སྨོན་འདུན་དང་། མཛད་རྗེས་ལ་རྗེས་སུ་ཡི་རང་ཞུའོ། །
རྒྱུ་མཚན་ཡག་པོ་འདུག་སྟེ་ལག་ལེན་བྱེད་རྒྱུ་ཁག་ཙམ་འདུག དཔེར་ན་གསར་འགྱུར་དེ་རིགས་དང་ཚགས་པར་དེ་རིགས། དཔེ་དེབ་དེ་རིགས་ཀྱིས་དེང་སང་བོད་ཀྱི་གཞོན་སྐྱེས་ཚོའི་ཡིད་སེམས་འཕྲོག་ཐུབ་རྒྱུ་ཕར་ཞོག་སུན་སྣང་སྦྱིན་བཞིན་ཡོད། དེ་ལས་ངས་བསམ་ཚུལ་ཞིག་བཤད། བོད་ལྗོངས་བརྙན་འཕྲིན་ཁང་ནས་བསྒྱུར་བའི་བོད་སྐད་གློག་བརྙན་མང་ཙམ་ལྟོས། སྦྲང་ཆར་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གཉིས་ཀྱི་ཐོག་གི་བརྩེ་དུང་གི་སྙན་ངག་དང་བརྩེ་དུང་གི་སྒྲུང་གཏམ་མང་ཙམ་ཀློགས། ངོ་དེབ་དང་ཡ་ཧུ་ཕོ་ཉ་བཅས་ཀྱི་ནང་ནས་གྲོགས་པོ་ཚོ་དང་བོད་ཡིག་གིས་གཏམ་གླེང་བྱོས། མཚམས་མཚམས་སུ་བརྗོད་གཞི་འདྲ་མིན་དང་ལྷག་པར་དུ་བརྩེ་དུང་སྐོར་གྱི་སྙན་ངག་འདྲ་བྲིས། དཔེ་དེབ་བསླུ་བྲིད་དང་མི་རབས་གསུམ་གྱི་རྨི་ལམ། སྒྲོལ་མ་ཉེར་གཅིག སོགས་སྒྲུང་གཏམ་གྱི་དཔེ་དེབ་གཙོ་བོར་ཀློགས། དེ་ལྟར་བྱས་ནས་ཡར་རྒྱས་ཏོག་ཙམ་སོང་ན་༧གོང་ས་མཆོག་གི་བཀའ་སློབ་འདྲ་ཀློགས། བོད་སྐོར་གྱི་གསར་འགྱུར་སོགས་ཀྱང་ཀློགས།
རེད།
རང་བཙན་སློབ་ཕྲུག་ཚོགས་པ་འདིས་རང་དབང་ཆེད་ལས་འགུལ་སྤེལ་བ།རང་གི་སྐད་ཡིག་གི་ཆེད་དུའང་འདི་ལྟར་བསམ་ཚུལ་བཏོན་པ། འདི་ལྟར་ཐབས་ལམ་འཚོལ་བ་ནི་ང་ཚོས་ཁོང་ཚོར་མིག་དཔེ་བལྟས་ནས་རྒྱབ་སྐྱོར་ཞུ་བ་དང་སེམས་ཤུགས་སྤར་དགོས་གི་རེད།
རང་བཙན་སློབ་ཕྲུག་ཚོགས་པ་འདི་བཞིན་སྒྲིག་གཞི་ལེགས་བཅོས་ཐོག་འཛམ་གླིང་གི་བོད་མི་གནས་སྡོད་རང་དབང་རྒྱལ་ཁབ་ཡོངས་ལ་རྩ་འཛུགས་རྒྱ་བསྐྱེད་གཏོང་ཐུབ་ན་མ་འོང་བར་རེ་བ་ཆེན་པོ་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་ནུས་ཤུགས་ལྡན་པ་ཀྱང་སྤེལ་ཡོད་རེད། དེ་ལ་དགའ་བསུ་དང་བསྔགས་བརྗོད་ཡོད། མཚམས་མཚམས་ལ་ཁ་ཕྱོགས་ལོགས་སུ་ཆགས་ནས་ ཧཧཧ ན་ནིང་ལོ་གསར་དགོས་མི་དགོས་སྐོར་ལྟ་བུ། དེ་སྐབས་བསྟན་རྡོར་གྱི་འགྲེལ་བཤད་སྔ་ཕྱི་དེ་ཚོ་ལ་དགོད་བྲོ་པོ་བྱུང༌། ཧཧཧ ད་དུང་ཁོང་ཚོས་བོད་པའི་སྤྱི་ཚོགས་ནང་གི་རྙོག་དྲ་མང་པོ་དེ་ཚོའི་ནང་མགོ་འཐོམ་ནས་རྩོད་པ་རྒྱག་གིན་མེད། དེ་ལ་ཡང་དགའ་བསུ་ཡོད། གཞན་ལ་མགོ་བརྙས་པ་མ་ཡིན་པར་རང་དབང་ཅན་གྱི་ཚོགས་པ་མཚན་ཉིད་ཚང་བ་ཞིག་རེད། དེ་ལ་ཡང་དགའ་བསུ་ཡོད། ལྷག་པར་བསྟན་འཛིན་རྡོ་རྗེ་ཁོ་རང་གི་མི་གཤིས་དེ་ལ་ཡང་དགའ་པོ་ཡོད། འོན་ཀྱང་དྲི་བ་ཞིག་གམ་དོགས་པ་ཞིག་ཡོད་པ་ནི་སྔོན་མ་རང་མ་ཞིག་ལ་རང་དབང་སློབ་ཕྲུག་ཚོགས་པ་ཟེར། དེང་སང་རང་བཙན་སློབ་ཕྲུག་ཚོགས་པ་ཟེར། དེ་ག་རེ་ཡིན་ནམ།
བསམ་ཚུལ་བཅུ་པོ་དེ་དག་ལ་ཆེད་ལས་པའི་དྲོ་བ་དམིགས་བསལ་ཁ་རྒྱུ་ཡོད་པ་ཞིག་བྱུང་འདུག དྲང་པོ་བཤད་ན་བོད་ནང་གི་རྩོམ་གསར་དེ་ཚོར་མ་གཏོགས་འདི་འདྲའི་ཁྱད་ཆོས་ཡོད་པའི་གཏམ་ཞིག་དྲྭ་ལམ་དུ་མངོན་རྒྱུ་ཁག་ཙམ་མཐོང་སོང་། བཙན་བྱོལ་བའི་ཁྲོད་དུ་བསམ་བློ་རླབས་ཆེན་གཏོང་མཁན་དཀོན་ཙམ་ཡོད་སྲིད་པ་ཞིག་རེད་མོད་མེད་པ་རེད་མིན་འདུག ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་ལའང་ཕབ་བསྒྱུར་གནང་བར་རྗེས་སུ་ཡི་རངས་ཞུ་གིན་ཡོད།
ཐུགས་རྗེ་ཆེ་རྗེས་སུ་མཇལ་ཡོང་།།
རེད། བོད་ཡིག་གི་རྨང་གཞི་ཡོད་མཁན་ཚོས་འདི་ལྟར་བྱས་ན་འཕེལ་རྒྱས་འགྲོ་སྲིད། འོན་ཀྱང་༼ད་ལྟའི་གནས་སྐབས་སུ། བོད་ཡིག་མ་བྲིས་བ་ལས་དག་ཆ་ནོར་ནས་བྲིས་རུང་དེ་ལ་དགེ་མཚན་ཡོད། ཞོར་ལ། སྨོན་ལམ་གློག་ཀླད་ཀྱི་བོད་ཡིག་ཚིག་མཛོད་བེད་སྤྱོད་ཐོངས།༽ཟེར་བ་འདི་གཟབ་དགོས་པའི་གནས་ཤིག་ཡིན། བོད་ཡིག་ཚིག་མཛོད་བེད་སྤྱོད་ཀྱིས་འབྲི་མཁན་ཞིག་ཡིན་ན་འབྲི་མཁན་དེའི་སེམས་ན་ཡིག་ནོར་ཤོར་མི་རུང་སྙམ་པའི་ལྟ་ཚུལ་ཡོད་པས། གནས་སྐབས་ཡིག་ནོར་ཕྲན་བུ་རེ་ཤོར་ནའང་སྐྱོན་མེད། རིམ་པས་ཡིག་ནོར་ཇེ་ཉུང་དུ་འགྲོ་ངེས་ཡིན། འོན་ཀྱང་དག་ཆ་རང་མགོ་མི་འཕེར་ནའང་ཚིག་མཛོད་བེད་སྤྱོད་མི་གཏོང་བར་ཅི་འདོད་དུ་འབྲི་མཁན་རིགས་ཤིག་ཡོད། དེ་ཚོས་ཟླ་བ་དང་ལོ་མཐུད་ནས་བྲིས་ཀྱང་རང་ཉིད་ཀྱི་བོད་ཡིག་ཆུ་ཚད་ཡར་རྒྱས་མི་འགྲོ་བར་མ་ཟད། བོད་ཡིག་གི་ཁོར་ཡུག་ནང་ཡིག་ནོར་བརྡ་ནོར་མང་པོ་ཞིག་སྤུངས་ཏེ། བོད་ཀྱི་སྐད་ཡིག་ལ་གནོད་པ་ཚབས་ཆེན་བཟོ་བཞིན་ཡོད་པས། འདི་རིགས་ངེས་པར་འགོག་དགོས།
གཞན་ཡང། ད་ལྟའི་གཞོན་སྐྱེས་ཚོས་བྲིས་པའི་བོད་ཡིག་གི་རྩོམ་དང་གླུ་གཞས་སོགས་ཀྱི་ནང་དག་ཆ་ནོར་བ་དང་། ཚིག་སྦྱོར་སྤེལ་སྟངས་ནོར་བ། བོད་མི་རིགས་ཀྱི་ཁྱད་ཆོས་ཀྱི་རྩམ་དྲི་མི་བྲོ་བར། མི་རིགས་གཞན་གྱི་བསམ་སྤྱོད་ཀྱི་པར་བཤུས་ལྟ་བུ་ཤིན་ཏུ་མང་བས། ཕྲུ་གུ་ཚོ་བོད་རང་གི་རིག་གཞུང་དང་མི་རིགས་ཀྱི་ཁྱད་ཆོས་ཚང་བའི་ཕྲུ་གུ་ཞིག་ཏུ་སྐྱེད་སྲིང་བྱེད་འདོད་ཚེ། རྩོམ་དང་གླུ་གཞས་དེ་རིགས་ཕྲུ་གུ་ཚོའི་མདུན་དུ་འཇོག་མི་རུང།
tenzin dhargayLa.
བོད་ཀྱི་གྲྭ་བ་ཉུང་དུ་འགྲོ་བཞིན་མེད། གལ་སྲིད་བོད་ལ་གྲྭ་བ་ཉུང་དུ་ཕྱིན་གྱིན་ཡོད་ན་དེ་ནི་བོད་མི་ཉུང་དུ་ཕྱིན་པའི་དཔང་རྟགས་ལས་ཅི་ཡང་མིན། གྲྭ་སར་དགེ་འདུན་པ་ཉུང་དུ་ཕྱིན་པའི་རྐྱེན་གཙོ་བོ་ནི་བོད་མིའི་ཚོར་གྲྭ་བ་བྱེད་འདོད་མེད་པ་མ་ཡིན་པ་བོད་ནས་ཡོང་མཁན་ཉུང་དུ་ཕྱིན་པའི་སྟེང་བཙན་བྱོལ་ནང་བོད་མི་རྣམས་ལ་ཕྲུ་གུ་སྐྱེས་རྒྱུ་ཉུང་ཕྱིན་པས་ཡིན། དེ་ནི་བོད་མི་རྣམས་དགེ་འདུན་པ་བྱེད་འདོད་ཞན་དུ་ཕྱིན་པ་ངོས་འཛིན་བྱེད་མི་རུང་བ་འདོད། བཙན་བྱོལ་ཁྲོད་དགེ་འདུན་པ་སུམ་ཁྲི་ཙམ་ཡོད་ཅིང་དེས་ལོ་ལྔ་བཅུའི་རྗེས་སུ་མི་འབོར་ཁྲི་བཞི་ཙམ་སྟོང་རྒྱུའི་ས་བོན་གྱུར་ཡོད། ཁྲི་བཞི་ནི་གྲངས་ཁ་ཉུང་ཉུང་ཞིག་མིན། དེ་ནི་བཙན་བྱོལ་གྱི་སུམ་ཆ་གཅིག་མ་ཡིན་ནམ།
གྲྭ་བའི་གྲངས་འབོར་ཉུང་དུ་སོང་བ་གཅིག་པོ་མ་ཡིན་པར། གྲྭ་བའི་ཀུན་སྤྱོད་ཀྱི་སྤུས་ཚད་དེ་བས་ཀྱང་ཉམས་ཆགས་འགྲོ་བཞིན་པ་འདི་ཡང་སེམས་ཁྲལ་བྱེད་རིན་ཡོད་པ་ཞིག་རེད།
དགོངས་འཆར་བཅུ་བོ་དེ་ཤིན་ཏུ་ལེགས། ཐུགས་རྗེ་ཆེ།
ང་ཚོ་ལ་དུས་ཁོམ་གང་བྱུང་དུ་བོད་ཡིག་སྦྱང་རྒྱུ་དང་། བོད་པ་ནང་ཁུལ་དུ་བོད་སྐད་གཙང་མ་བཤད་རྒྱུ། མཛད་སྒོའམ་སྤྲོད་སྐྱིད་གཏོང་སྐབས་སོགས་ལ་བོད་ཀྱི་ཡུལ་ལུང་ཁག་གི་གཞས་སྣ་ཁྲབ་སྟོན་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་མཐོང་།
ཐེངས་གཅིག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་དེ་ཤིས་ལུང་དུ་འཚོགས་ཤིང་། དེའི་སྐབས་སུ་ཕྲན་ཡང་ཚོགས་འདུར་ཞུགས་པ་ཡིན། ཚོགས་ཆེན་ཐོགས་གླེང་གཞི་ཁག་ནི་བོད་ཀྱི་རིག་གཞུང་གོམ་གཤེས་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོ་གཏོང་རྒྱུར་འབད་བརྩོན་གནང་སྒོ་ཁག་ཅིག་ལ་གྲོས་ཆོད་བཞག་སྟེ་ཚོགས་འདུ་ལེགས་པར་གྲུབ་པའི་མཇུག་སྡོམས་མཛད་སྒོའི་སྤྲོ་སྐྱིད་སྐབས་སུ། ཚོགས་གཙོ་དང་ཚོགས་མི་ཁ་ཤས་་ལ་གཟའ་ཕོགས་པ་ལྟར་བོད་ལུགས་སྲོལ་རྒྱུན་གྱི་གཞས་སྣ་ཁྲག་སྟོན་བྱེད་རྒྱུ་ཕར་ཞོག་དབྱིན་གཞེས་དང་། ཧིན་གཞས་ཁྲག་སྟོན་བྱེད་པ་དང་། བོད་པའི་རིག་གཞུང་ཁྲག་སྟོན་བྱེད་མཁན་ཧ་ཅང་གི་ཉུང་ཉུང་རེད་འདུག ཚོགས་འདུའི་མགོ་མཇུག་བར་གསུམ་དུ་ཁ་དོན་ཚིགས་ལ་གནས་མཁན་གྱི་མི་གཅིག་ཡོད་པ་དེ་ནི་གཞོན་ཚོགས་ཀྱི་དྲུང་ཡིག་སྐྱེ་ཡུལ་རྡོ་རྗེའི་གླིང་ནས་ཡིན་པའི་ཕོ་གསར་ལོ་ཆུང་ཞིག་འདུག
ཁོས་བོད་སྐད་གཙང་མ་ལས་སྐད་ཡིག་གཞན་བེད་སྤྱོད་གཏོང་གི་མི་འདུག ཁོ་བཙན་བྱོལ་སྤྱི་ཚོགས་ནང་མཚར་ལོང་བྱུང་བའི་གཞོན་ནུ་ཞིག་ཡིན་པའི་དབྱིན་སྐད་དང་ཧིན་དྷི་སོགས་མ་ཤེས་པ་མ་རེད། བོད་ཀྱི་རིག་གཞུང་ལ་དོ་སྣང་བྱས་པ་ཞིག་རེད།
ནོར་བཅོས། ཚོགས་ཆེན་ཐོག
ཐོག་མར་སློབ་ཕྲུག་ཚོགས་པ་རང་ཉིད་ནས་ཉམས་ལེན་བྱོས། སྣེ་ཁྲིད་མཛོད། དེ་ནས་གཞན་དང་གཞན་ལ་བརྒྱུད་སྤེལ་ག་ཚོད་ཐུབ་མིན་འབད་བརྩོན་གྱིས། དེ་མིན་འུ་ཚང་ལ་དོན་ཐོག་ཏུ་མེད་པ་ཙམ་ལས། ཁ་ཐོག་དང་ཡིག་ཐོག་ཏུ་ཡག་ཐག་ཆོད་ཡོད།
ཉེ་ཆར་སློབ་ཕྲུག་ཚོགས་པ་རང་ཉིད་ནས་བཀྲམས་པའི་སྙན་ངག་དང་གླུ་དབྱངས་ཞེས་པའི་གསལ་བསྒྲགས་ཐུང་ངུ་དེར་ལྟོས་དང་། ཡིག་ནོར་སྐར་མ་ཤར་ཤར་རེད།
ཡིན་ནའང་། འདི་ལྟར་བསམ་པ་ཙམ་གྱིས་ཀྱང་དགའ་སྤོབས་ཆེན་པོ་ཡོད།
རིག་ལྡན་ལེགས་ཀྱི་དགོང་ཚུལ་ལ་རྒྱབ་སྐྱོར་ཡོད་། ཐབས་ལམ་བཅུ་བོ་དེས་ཐོགས་མར་། བོད་རང་དབང་སློབ་ཕྲུག་ཚོགས་པའི་དྲ་ཐོག་ལ་ཡང་བོད་ཡིག་གི་ཚིག་འབྲུ་རྐང་གཅིག་རེ་གཉིས་མཐོང་རྒྱུ་ཡོད་པ་བྱས་ནས། ད་བཟོད་བོད་ཀྱི་སྐད་ཡིག་གི་ཡར་རྒྱས་ཀྱི་ཐད་ནས་ཕར་སླབས་བྱ་རྒྱག་པ་རན་པོ་ཞིག་དུ་མཐོང་སོང་།
གོང་གི་བསམ་ཚུལ་གཉིས་པོ་དེ་བཤད་ས་འདི་མ་རེད། བསམ་ཚུལ་བཤད་དགོས་པ་དང་བཤད་ཆོག་པ་རེད་མོད་དུས་དང་གནས་མ་ནོར་བ་དེར་བཤད་དགོས་པ་གལ་ཆེན་པོ་ཡིན་མོད་འུ་ཚང་ལ་གཤིས་ཀ་དེ་མེད། གཅིག་བྱས་ན་ཤེས་ཡོན་ཉུང་དྲག་པ་དང་དུས་ཚོད་མང་དྲག་པས་ཡིན་རྒྱུ་རེད། གང་ལྟར་བསྒྱུར་རྩོམ་འདི་ལ་བསྒྱུར་རྩོམ་དང་འབྲེལ་བ་ཡོད་པའི་མཆན་རྒྱག་ཐུབ་ན་ཀློག་པ་པོའི་དུས་ཚོད་འཕྲོ་རླགས་མི་འགྲོ་བའི་ཁྱད་པར་ཡོད་པས། འོག་གི་དྲྭ་རྒྱ་འདིར་བསམ་ཚུལ་འདོན་རོགས་གནང་། http://studentsforafreetibet.org/
དྲ་གྲོགས་རིག་ལྡན་ཟེར་བ་ཞིག་གིས་སྙན་ངག་དང་གླུ་དབྱངས་ཞེས་པའི་གསལ་བསྒྲགས་དེ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡིན་རབས་བཤད་འདུག དེ་མ་རེད། སྙན་ངག་དང་གླུ་དབྱངས་ཞེས་པའི་ལས་འགུལ་དེ་དཔེ་མཛོད་ཁང་དང་། ན་གཞོན་དང་བླངས་ཚོགས་པ་ཟེར་བ་སོགས་རེད་མ་གཏོགས་དེའི་ནང་དུ་སློབ་ཕྲུག་ཚོགས་པའི་ལས་བྱེད་གཅིག་ཀྱང་ཡོད་མརེད།