ཡོང་ཁུངས། བོད་ཀྱི་བང་ཆེན།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་༧གོང་ས་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པར་དམིགས་བསལ་གྱི་བཀའ་དྲིན་རྗེས་དྲན་སླད་འདི་ལོ་ནས་བཟུང་འཛིན་རིམ་བཅུ་གཉིས་ཀྱི་བོད་ཡིག་ཡིག་རྒྱུགས་ཨང་དང་པོ་ལོན་མཁན་གྱི་བོད་རིགས་སློབ་མར་༼བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས།༽ཞེས་པའི་མིང་ཐོག་ནས་ཧིན་སྒོར་ཁྲི་གཉིས་སྤྲོད་ཀྱི་ཡིན་པ་རེད།
དེ་ཡང་གཞོན་ལྷན་གྱིས་ཟླ་འདིའི་ཚེས་༥ འཁོད་པའི་གསལ་བསྒྲགས་སྤེལ་བའི་ནང་གཟེངས་རྟགས་དེ་སྤྲོད་དགོས་དོན་སྐོར་འཁོད་དོན། “བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པར་དམིགས་བསལ་གྱི་བཀའ་དྲིན་རྗེས་དྲན་སླད། འདི་ལོ་ནས་བཟུང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ལོ་ལྟར་རྒྱ་བལ་འབྲུག་གསུམ་ནང་གི་འཛིན་རིམ་བཅུ་གཉིས་ཀྱི་བོད་ཡིག་ཡིག་རྒྱུགས་ཨང་དང་པོ་ལོན་མཁན་གྱི་བོད་རིགས་སློབ་མར་༼བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས།༽ ཤིག་འབུལ་རྒྱུ་དང་། འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་བོད་ཡིག་ཡིག་རྒྱུག་རྩེ་ཕུད་ལོན་མཁན་སློབ་མར་ཧིན་སྒོར་ཁྲི་གཉིས་འབུལ་རྒྱུ་ཡིན་”ཞེས་འཁོད་འདུག
འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་མཐུན་མོང་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་དུས་བཟང་དང་སྟབས་བསྟུན་མགོན་པོ་གང་ཉིད་སྐུ་འཚོ་སྐལ་བརྒྱར་བརྟན་པའི་ཆེད་དུ་བརྟན་བཞུགས་ཞིག་ཀྱང་འབུལ་གཏན་འཁེལ་ཡོད་པ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོས་ “བོད་ཀྱི་ཐུན་མིན་སྐད་ཡིག་རིག་གཞུང་སྲུང་སྐྱོབ་དང་། རྒྱུན་འཛིན་དར་སྤེལ་བྱེད་རྒྱུ་དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ཞིག་ཆགས་ཡོད། ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་འཛུགས་གནང་བ་ནས་བཟུང་ད་བར་གཞོན་ལྷན་སྒྲིག་འཛུགས་ངོས་ནས་རང་རིགས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་རྒྱུན་འཛིན་ཡོང་ཐབས་སུ་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་པ་དང་། ད་ལྟའི་དུས་སྐབས་འདིར་ང་ཚོ་བོད་མི་རིགས་ཀྱི་ངོ་བོ་གསོན་གནས་ཐུབ་ཐབས་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པས། དེ་ནི་གཙོ་བོར་བོད་ཀྱི་སྐད་ཡིག་ལ་ཐུག་ཡོད།” ཅེས་གསུངས་འདུག
གསར་འགོད་པ་ཆོས་ཉིད་འོད་ཟེར།
དེ་ནི་བཟང་ཆ་དང་གསར་འགྱུར་ལེགས་ཤོས་རེད། ཡི་རང་དང་བསྔགས་བརྗོད་ཞུ།
གོང་ས་མཆོག་ལ་བརྟན་བཞུགས་དང་བོོད་ཡིག་རྩེ་ཕུད་ལ་གཟེངས་རྟགས་གནང་རྒྱུ་དེ་ཚོ་ལེགས་པའི་ཆ་རེད་ལ། གལ་ཆེ་ཤོས་དེ་གཞོན་ནུ་ཁག་གཉིས་འདུག་པ་དེ་བོད་ཀྱི་གཞོན་ནུའི་སྒྲིག་འཛུགས་གཅིག་བཟོས་ན་གོང་ས་མཆོག་ལ་བརྟན་བཞུགས་ཞུགས་ཕུལ་ལས་དེ་བརྒྱ་སྟོང་མང་པོའི་ཡག་གི་རེད་དོ་།
ལས་འགུལ་འདི་ལ་དགའ་གུས་ཆེན་པོའི་ངང་བསྔགས་བརྗོད་་ཡོད། དེ་ནི་བོད་པ་རང་གིས་ངེས་པར་དུ་སྤེལ་དགོས་པའི་ལས་འགུལ་བཟློག་མེད་ཅིག་ཡིན་པ་དེ་བཞིན། བོད་པའི་ངོ་རྟགས་མཚོན་བྱེད་བོད་ཡིག་འདི་ཉིད་སྲུང་སྐྱོབ་དང་བཀོལ་སྤྱོད་ཡོང་ཐབས་ལ་སྒོ་སྣ་ཚོགས་ནས་འབད་བརྩོན་གནང་དགོས་པ་ནི་ཁ་ཚ་དགོས་གཏུག་ཅིག་རེད།
གཞོན་ལྷན་གྱི་ལས་འགུལ་འདི་ནི་སྐབས་སུ་བབས་པའི་བོད་ཀྱི་སྤྱི་དོན་གལ་ཆེན་ཞིག་རེད་འདུག་པས། ཕྱིན་ཆད་ཀྱང་ལས་འགུལ་འདི་འདྲ་ཡང་ཡང་སྤེལ་ཐབས་གནང་ན་དགེ་མཚན་ཆེ་བར་མཐོང་།
ཧ་ཅང་གི་བྱ་བ་བཟང་པོ་ཞིག་རེད། ད་དུང་ཚོགས་པ་ཁག་དེ་ཚོས་དབུ་མ་དང་རང་བཙན་ཟེར་ནས་ཁྱི་གཞུང་པ་སྟོངས་པའི་ཐོག་དགྲ་ཁ་གཏད་བྱས་ཏེ་ནང་འཛིང་རྐྱང་རྐྱང་གིས་དུས་ཚོད་བསྐྱལ་ནས་བསྡད་པ་ལས་ཁ་ཡོད་ལག་ཡོད་ཀྱི་འཕྲལ་ཕུགས་གཉིས་ལ་ཕན་པའི་ལས་འགུལ་དེ་འདྲ་རེ་སྤེལ་ཐུབ་ན་ཡག་ཤོས་རེད། ལེགས་གསོའི་བསྔགས་བརྗོད་རྒྱ་ཆེར་ཞུ་བཞིན་ཡོད།
དྲྭ་གྲོགས་ཚོ། མགོ་ཅན་ཡིག་གེ་དུ་ཡོད། མདོགས་ཅན་ག་ཚད་ཡོད། ཝ་བཏགས་ག་ཚོོད་ཡོད། ཅིང་ཅེས་ཅེའོ་ཅེ་ན་ཅིག་གི་འཇུག་ཚུལ། བོད་ཡིག་གི་མགོ་འདྲེན་དབུ་ཁྱུད་ཀྱི་འབྱུང་ཁུང་དང་གོ་དོན། ཤད ལ་ ཆིག་ཤད་དང ཉིས་ཤད་དང་ བཞི་ཤད་རིན་ཆེན་སྤུངས་པ་སོགས་ཀྱི་གོ་དོན་དང། བོད་ལ་བྷོ་ཀྲ་ཞེས་མིང་གི་གོ་དོན་སོགས་གསུངས་ན་། བོད་ཡིག་ལ་ཞལ་འདེབས་ཅུང་ཡོང་བར་སེམས།
དབུ་མ་རང་བཙན་ཁ་བརྩོད་མང་དྲག་ནས་།
བོད་ཀྱི་གཞོན་ནུ་ལྟ་བའི་ལངས་ཕྱོགས་འཁྲུགས་།
དགྲ་ངོ་མ་ལོང་ནང་འཁྲུགས་ཐུུག་པ་བསྐོལ་།
བོད་ཀྱི་གཞོན་ནུའི་རྔོན་ལོ་མ་འཕྱར་ཨ་།