ཨེ་མ་ཧོ།
ན་མོ་གུ་རུ་ཨརྱ་ཏྰ་ར་ཡེ། །
ཀ་ཡེ་གསོན་དང་གངས་ཅན་ཕོ་མོ་ཀུན། །
ཁ་བ་རི་བའི་སྣོད་བཅུད་ཕུན་ཚོགས་ལ། །
ག་དུས་ཡིན་ཀྱང་འཛིན་སྐྱོང་སྤེལ་བར་གལ། །
ང་ཚོའི་ཆོས་རིག་སྙིང་སྲོག་འདི་ཀ་ལགས། །
ཅ་དག་གཙང་མའི་འཁོར་ཡུག་སྲུང་སྐྱོབ་གཅིག །
ཆ་ལུགས་བཟང་པོའི་བོད་ཆས་གྱོན་པ་གཉིས། །
ཇ་རྩམ་གྲོ་རིགས་དཀར་ཟས་ལོངས་སྤྱོད་གསུམ། །
ཉ་ཚེས་ཟླ་བཞིན་གོང་འཕེལ་གནང་བར་མཁྱེན། །
ཏ་ཐྰ་ག་ཏའི་བསྟན་པ་རིན་ཆེན་གཅིག །
ཐ་སྙད་རིག་པའི་གནའ་དེང་ཤེས་བྱ་གཉིས། །
ད་ལྟའི་ཚན་རིག་གསར་བའི་ལེགས་ཆ་གསུམ། །
ན་ཚོགས་ཁྱད་མེད་དུང་དུ་ལེན་པར་འཚལ། །
པ་མའི་བཀའ་དྲིན་དྲན་པའི་ཡ་རབས་གཅིག །
ཕ་མེས་སྲོལ་རྒྱུན་འཛིན་པའི་བསམ་བཟང་གཉིས། །
བ་གླང་ཕྱུགས་ཀྱི་རྟུལ་ཞུགས་མི་འཛིན་གསུམ། །
མ་ལུས་བོད་རིགས་ཀུན་གྱིས་སྒྲུབ་པར་མཛོད། །
ཙ་ར་བརྟག་དཔྱོད་མེད་པའི་རྨོངས་རྒྱུག་གཅིག །
ཚ་བསྲེག་རང་གཞན་གནོད་པའི་ལས་འགུལ་གཉིས། །
ཛ་ཡའི་བསྟན་པར་གཤིག་པའི་ལས་ངན་གསུམ། །
ཝ་བཞིན་རྨོངས་པའི་བྱ་བྱེད་རྟག་ཏུ་སྤོངས། །
ཞ་ལོང་ཉམས་ཐག་སྨད་པའི་ཅོལ་ཆུང་གཅིག །
ཟ་འོག་རྒྱུ་ནོར་གཏོར་བའི་དྲོད་ཆུང་གཉིས། །
འ་ཅག་གཉིས་ཕན་མེད་པའི་ཐ་ཆད་གསུམ། །
ཡ་རབས་བསམ་སྤྱོད་མིན་པས་གཡུགས་ཤིག་ཨང་། །
ར་ལུག་རྟ་གཡག་འཚོ་བའི་ཞིང་འབྲོག་གཅིག །
ལ་རྒྱའི་སྤྱི་ཕན་སྒྲུབ་པའི་འབད་བརྩོན་གཉིས། །
ཤ་ཁྲག་རུས་པར་ཞེན་པའི་རྒྱལ་ཡོངས་གསུམ། །
ས་སྟེང་བོད་མིའི་དམ་ཚིག་དང་པོ་ཡིན། །
ཧ་ཅང་དཀའ་སྤྱད་གནང་བའི་ཉན་ཐོས་གཅིག །
ཨ་བུ་བྱང་སེམས་ལྡན་པའི་ཐེག་ཆེན་གཉིས། །
ཨོ་རྒྱན་རིག་འཛིན་བརྒྱུད་པའི་སྲོལ་འཛིན་གསུམ། །
ཨེ་མ་གངས་ཅན་བསྟན་པའི་སྲོག་ཤིང་ལགས། །
ཨུ་ཚུགས་འབད་པའི་ངལ་བར་མ་ལྟོས་པར། །
ཨི་ལ་བ་ཏིའི་རྒྱུན་ལྟར་ཤར་གྱིས་ཐལ། །
དགེ་བས་བསྟན་སྲིད་དབྱར་གྱི་མཚོ་ལྟར་རྒྱས། །
དགེ་ལེགས་འབྲས་བཟང་འཇིག་རྟེན་དཔལ་དུ་སྨོན། །
ཞེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་ཟླ་༨ཚེས་༡དགེ་བར་ཡུལ་གངས་ཅན་པ་ཡོངས་ལ་ཕན་བདེའི་ཐབས་སུ་སེངྒ་གླིང་གི་ཤྲྰི་མ་ཧྰ་བཛྲའི་ཆོས་ཚོགས་ཁང་ནས་གང་འཆར་དག་ཤྲྰི་ཨེ་མ་ཧོས་གདམས་པ་དོན་དང་ལྡན་པར་གྱུར་ཅིག་གུ། །
ཙ་ར་བརྟག་དཔྱོད་མེད་པའི་རྨོངས་རྒྱུག་གཅིག །
ཚ་བསྲེག་རང་གཞན་གནོད་པའི་ལས་འགུལ་གཉིས། །
འདིའི་ཐད་རྒྱ་ནག་གཞུང་དང་ཨེ་མ་ཧོའི་འདོད་ཚུལ་མཐུན་པ་འདྲ་མོ་འདུག་པས་གསལ་བཤད་ཅིག་ཡོང་བའི་རེ་བ་ཆེ།
ཁྱེད་ཅག་གིས་ཡང་རྒྱ་གཞུང་གིས་སྤྱོད་པ་ཤེས་ན་རེད། རྒྱ་ནག་གི་གཞུང་གིས་ཆོས་སྲིད་ཟུང་འབྲེལ་གྱིས་ཡིད་ཚིམ་དང་ཁུལ་མ་བྱེད་ལགས།
༸ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཁྱེན་ནོ།།
ཨེ་མ་ཧོ།
ན་མོ་མ་ཧཱ་གུ་རུ་པདྨ་ཀ་ར་ཡེ།
༡༽ བཀའ་དྲིན་མཚུངས་ཟླ་དང་བྲལ་བའི། །
ཕན་བདེ་ཡི་གཏེར་མཛོད་དང་འཁོར་ཡུག །
འབྲོག་པའི་འཚོ་རྟེན་དང་ཞིང་ལས་ཀྱི། །
དྲིན་ཆེན་ཕ་མ་དངོས་དང་འདྲ་བའི་རྟ་ནོར་ལུག་སོགས་འགྲོ་བ་སྲོག་ཆགས་ཕྲ་མོ་སེམས་ཅན་ཡོངས་ཀྱི་མགོན་དཔུང་དམ་པ་རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཀུན་མཁྱེན་བླ་མ་མཁྱེན་ནོ། །
༢༽ བླུན་པོ་ཚོའི་མིག་ནང་གི་ལིང་ཏོག །
ངན་པ་ཚོའི་སེམས་ནང་གི་ཆག་སྒོ།
འཛམ་གླིང་ཞི་བདེ་སྲོག་རྩ་བརྟན་པའི། །
གངས་ཅན་ཆོས་ལྡན་གྱི་ཞིང་ཁམས་སུ་ཞི་བདེ་མཚན་ཉིད་པའི་རྒྱལ་མཚན་བསྒྲེང་བའི་བརྩེ་དུང་རྒྱུན་ཆད་མེད་པའི་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཁྱེད་མཁྱེན་ནོ། །
༣༽ མཐོན་པོའི་ཁྲི་ལ་མ་ཆགས། །
བཙན་པོ་གནམ་ལ་མ་འཇིགས། །
སྨུག་པོ་གདུང་གི་ལྷ་སྲས། །
དཔའ་མཛངས་བློ་གྲོས་སྟོབས་བཅུ་མངའ་བའི་རྒྱལ་བ་གཉིས་པ་བླ་རུང་པ་འམ་དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཁྱེད་མཁྱེན་ནོ། །
༤༽ སྔོན་མའི་ཆོས་རྒྱལ་དམ་པ་དང་། །
འཕགས་བོད་ཀྱི་མཁས་གྲུབ་ཐམས་ཅད་། །
གྲུབ་བརྙེས་ཀྱི་རིག་འཛིན་ཚང་མ། །
ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ། །
རྒྱལ་ཀུན་ཐུགས་ཀྱི་སྙིང་པོ་དགེ་བཅུའི་ཁྲིམས་བཟང་ངམ་ལས་རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པར་ཕྱག་ལེན་དུ་འདེབས་པའི་ཆོས་རྒྱལ་ཆེན་པོ་ཀུན་མཁྱེན་བླ་མ་མཁྱེན་ནོ། །
༥༽ གྲྭ་བས་འཁོར་གཡོག་མི་དགོས། །
དམག་དམངས་ཀྱིས་སྐུ་བསྲུང་མི་དགོས། །
རྒྱུ་ནོར་གྱི་རྫོང་བར་མི་དགོས་པར། །
འདོད་ཆུང་ཆོག་ཤེས་ཀྱི་གྲུབ་ཐོབ་ཆེན་པོ་མཆོག་གིས་སྐྱེ་འགྲོ་ཡོངས་ལ་འཚེ་མེད་ཞི་བདེའི་བྱིན་རླབས་གནང་བའི་འགྲོ་དོན་སྟོབས་ཆེན་མཛད་པའི་ཀུན་མཁྱེན་བླ་མ་མཁྱེན་ནོ། །
༦༽ ནམ་མཁའ་ལྟར་ཕན་བདེའི་གོ་འགྱེད་ཅིང་། །
ས་གཞི་ལྟར་དགེ་ཚོགས་ཀྱི་བརྟེན་བྱེད་པ། །
ཆར་སྤྲིན་བཞིན་དུ་ལེགས་བཤད་ཀྱི་སྦྲང་ཆར་འཇོ་བའི། །
དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་འདུས་པའི་ངོ་བོ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག
ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་དཔལ་བཟང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། སྐྱབས་སུ་མཆིའོ། །
༧༽རང་གཞན་སེམས་ཅན་གྱི་མགོན་པོ། །
བསྟན་དང་འགྲོ་བ་ཡི་དེད་དཔོན། །
སྐྱབས་གནས་བསླུ་བ་མེད་པའི་དཀོན་མཆོག་ཀུན་འདུས། །
དཔལ་རྒྱལ་བའི་དབང་པོ་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ལ་ཕྱག་འཚལ་ལོ། མཆོད་དོ། སྐྱབས་སུ་མཆིའོ། །
མ་གྱུར་འགྲོ་བ་སེམས་ཅན་ཀུན་གྱིས་རང་བྱུང་རྫོགས་པ་ཆེན་པོའི་གནས་ལུགས་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། །
ཨོཾ་ཛྙྰ་ན་གུ་རུ་བཛྲ་སིདྡྷི་ཧྰུྃ། །
ཞེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་ཟླ་ཚེས་དགེ་བར་མ་ལ་ཡའི་ཨེ་ཝྃ་འཐེབ་རྩ་འཚོགས་པའི་ཟས་ཁང་ནས་རིག་འཛིན་ཨེ་མ་ཧོས་སྙིང་ནས་གསོལ་བ་འདེབས་པར་དགེའོ། །
Posted by ཁ་བརྡ་ on September 6th, 2013 in རྩོམ། |
Trackback URI | Comments RSS
1 Comment to “ ༸ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཁྱེན་ནོ།། ”
# 1 ཀརྡོ་གཉེར་ཕྱག་པ་ Says:
September 6th, 2013 at 10:18 AM
རིག་འཛིན་ཨེ་མ་ཧོ་ལགས།
ཟས་ཁང་རེད། ཟ་ཁང་རེད། གང་དག་པ་རེད། ལགས།
ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།
ཀ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང་།།
ཁ་བའི་ཕན་བདེའི་བྱེད་པོ་སྤྱན་རས་གཟིགས།།
ག་སར་གང་འདུལ་མཛད་པའི་དབྱངས་ཅན་མ།།
ང་ཡི་མཐུན་པའི་གྲོགས་བཟང་རྒྱལ་གྱུར་ཅིག །
ཅ་དག་བོད་ཀྱི་བུ་མོ་མཛེས་མཛངས་མས།།
ཆ་ལུགས་ལེགས་པའི་གནའ་དེང་རྒྱན་བཟང་གསོལ།།
ཇ་རྩམ་བྲོ་བ་ངོམས་པའི་རིགས་བཟང་མ།།
ཉ་གང་ཟླ་བའི་སྲས་མོ་རྒྱལ་གྱུར་ཅིག །
ཏ་ཐྰ་ག་ཏའི་བསྟན་འཛིན་ཡོངས་ཀྱི་རྗེ།།
ཐ་དག་རིག་པའི་རྒྱན་གཅིག་པདྨ་འབྱུང་།།
ད་ལྟའི་མུན་པ་བསལ་བའི་བཤེས་གཉེན་ལ།།
ན་མོ་སད་དབྱངས་འདེབས་པར་རྒྱལ་གྱུར་ཅིག །
པ་ལགས་བཀའ་དྲིན་དྲན་པའི་གངས་ཅན་པ།།
ཕ་མེས་སྲོལ་རྒྱུན་འཛིན་པའི་རྣམ་དཔྱོད་ཅན།།
བཛྲ་གུ་རུ་ཛབ་དབྱངས་མགུར་མཁས་པའི།།
མ་སྨད་བསོད་ནམས་དཔལ་སྒྲོན་རྒྱལ་གྱུར་ཅིག །
ཙྭ་རི་ཀོང་པོར་འཁྲུངས་པའི་ཚེ་རིང་མ།།
ཚྭ་མཆོག་སྨན་བཟང་ཇི་བཞིན་ཀུན་མཐུན་མ།།
ཛ་ཡའི་བསྟན་པ་སྲུང་པའི་ཆོས་སྐྱོང་མ།།
ཝ་ལེར་འཛམ་གླིང་གླུ་མ་རྒྱལ་གྱུར་ཅིག །
ཞྭ་དམར་མཁས་གྲུབ་བརྒྱུད་པར་གསོལ་འདེབས་ཕྱིར།།
ཟ་ཧོར་མཁན་སློབ་ཆོས་རྒྱལ་དད་གུས་ཅན།།
འ་ཅག་དད་དམ་གཅིག་པའི་མཆེད་ལྕམ་མ།།
ཡ་མཚན་ཀུན་མཛངས་དབང་མོ་རྒྱལ་གྱུར་ཅིག །
ར་རུ་བྲེད་མོ་གཏམ་འཆལ་དབེན་པའི་གསུང་།།
ལ་བཞེས་སྙན་པའི་འགྱུར་ཁུག་སྟོང་ལྡན་ཁྲོལ།།
ཤ་ཞེན་དད་གུས་དག་སྣང་འོད་གསལ་མ།།
ས་སྟེང་གོ་ལའི་བདག་མོ་རྒྱལ་གྱུར་ཅིག །
ཨ་དབྱངས་གླུ་བྲོ་མཛའ་བརྩེའི་རྒྱན་དུ་བཞད།།
ཧ་ཅང་དགའ་བའི་རྣལ་འབྱོར་སྒེག་མཛེས་མས།།
དུས་གསུམ་སངས་རྒྱས་མགུར་བའི་དབྱངས་ཅན་མ།།
ལྷུན་གྲུབ་ཀུན་བཟང་ལྷ་མོ་རྒྱལ་གྱུར་ཅིག །
ཨི་ལྡན་དབྱངས་གསལ་རྒྱན་པའི་བསྟོད་པ་འདི།།
ཨུ་རྒྱན་པད་འབྱུང་འབོད་པའི་སྐལ་བཟང་ལ།།
ཨེ་མ་དཔལ་ཡོན་སྙན་པའི་ལེགས་སྐྱེས་འབུལ།།
ཨོ་ཌྰི་ཡ་ནའི་བསྟན་པར་རྒྱས་གྱུར་ཅིག །
རྒྱལ་ཀུན་སྤྱི་གཟུགས་མ་ཧྰ་གུ་རུ་རྗེར།།
ནམ་ཡང་འབྲལ་མེད་ཡང་གསང་བསྟན་པའི་དཔལ།།
ཕྱོགས་དུས་ཀུན་ཁྱབ་ཕན་བདེ་རིན་པོ་ཆེ།།
འཛམ་གླིང་འཛིན་མའི་རྒྱན་ཏུ་རྟག་འཆར་ཤོག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་སྦྲུལ་གྲོ་བཞིན་ཟླ་བའི་ཚེས་པ་བཅོ་ལྔ་ལ་དྲ་ཐོག་ནས་བོད་གངས་ཅན་གྱི་གླུ་མ་དབྱངས་ཅན་མས་རྒྱ་ནག་སྤྱི་མཐུན་རིག་པའི་ཟློས་གར་གར་སྟེགས་ཀྱི་གླུ་གར་འགྲན་རྩོད་ཨང་གཉིས་པ་ཐོབ་པའི་དགའ་ཚོར་དང་།ཁྱད་པར་གླུ་ཚིག་གི་ནང་དོན་ལ། སད་པར་གྱིས། ནམ་མགྱོགས་པོར་ལངས་རན། ལམ་ལ་ཆས། ལམ་ཐག་ད་རུང་རིང་། མཛའ་བརྩེའི་མི། ཁྱོད་སྐྲག་སྣང་མ་བྱེད། མུན་པ་ནི་འོད་ཟེར་འཆར་བའི་སྔ་རོལ་ཙམ། འོད་གསལ་བ་སྟེ། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ།། དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས།། བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ།། བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ།། བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།། སད་པར་གྱིས། སད་པར་གྱིས། སད་པར་གྱིས། ཞེས་བླངས་པ་མཐོང་ཐོས་ཀྱི་མོད་ལ་གང་དྲན་དུ་ཤྲྰི་སྨྱོན་ཨེ་མ་ཧོས་དབྱིན་ཡུལ་ཀུན་བཟང་དགའ་ཚལ་ལམ་ཨེ་ཝྃ་རྫོགས་ཆེན་ཆོས་ཚོགས་ཁང་ནས་དབྱངས་གསལ་རིག་པའི་སྣང་ཆ་རྣམས་རྟེན་འབྲེལ་བརྡ་རུ་ཕུལ་བར་དགེའོ། །
དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ།། དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས།། བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ།། ༼བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ།།༽ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།
ཞེས་པ་འདི།
དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ། །
དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས། །
བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ། །
ཕྱི་ནང་གསང་བའི་བར་ཆད་བསལ་བ་དང་། །
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །
མིན་ནམ་ལགས།
དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ། །
དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས། །
བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ། །
ཕྱི་ནང་གསང་བའི་བར་ཆད་བསལ་བ་དང་། །
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། ། འདི་ཡང་དག་པ་རེད་ལགས། བཀའ་དྲིན་ཆེ།
ཨོ་ད་ཤེས་ཐལ། དྲན་དཀར་དཔལ་ཡོན་འདི་དཔལ་དགྱེས་སང་རེད་འདུག་ག