འཇམ་དཔལ་རྣོན་པོ།
དམར་སེར་སྐུ་ལ་མཚན་དཔེས་བརྒྱན། །
རྣོ་དབལ་ཤེས་རབ་རལ་གྲི་ཡིས། །
མི་ཤེས་རྨོངས་མུན་འཇོམས་མཛད་པའི། །
འཇམ་དཔལ་རྣོན་པོས་བདག་སྐྱོངས་ཤིག །
བསིལ་ལྡན་བོད་ཀྱི་རྒྱལ་ཁམས་སུ། །
ལུགས་གཉིས་ཉམས་པའི་རྒྱུ་རྐྱེན་དག །
གཟུར་གནས་བློ་ལྡན་རྣམས་ཀྱི་ཆེད། །
བདག་གིས་དྲང་པོའི་ངག་གིས་འབྲི། །
གཅིག ལོག་པར་ལྟ་བའི་རབ་བྱེད།
ཁ་བ་ཅན་འདིར་ནག་པོ་ཕྱོགས། །དམར་ཕྱོགས་རུ་དར་འཕྱར་བ་པོ། །སྡིག་ཅན་མའོ་དང་རྗེས་འབྲང་པས། །རིག་གནས་གསར་བརྗེའི་ལས་འགུལ་སྤེལ། །སྣོད་བཅུད་ཆོས་དང་རིག་གཞུང་དག །མིང་གི་ལྷག་མ་ཙམ་དུ་བྱས། །དེ་དག་རྒྱ་ལ་དགོས་པ་ཡི། །སྲིད་ཀྱི་དགོས་མཁོར་དམིགས་པ་ལས། །དོན་ལ་སྐྱོན་དུ་མཐོང་བ་འམ། །རྒྱུ་འབྲས་མེད་པའི་ལྟ་གྲུབ་མིན། །
དེ་རྗེས་བོད་ཕྲུག་ཤེས་མེད་འགས། །དམར་པོའི་གཏམ་ལ་རྗེས་ཟློས་ནས། །ཆོས་དང་རིག་གཞུང་འགོག་པ་མཐོང་། །ད་དུང་དམར་ཕྱོགས་སྲིད་གཞུང་གི །གསང་བའི་ལས་དོན་སྒྲུབ་པ་པོ། །ཞོགས་དུང་སེང་རྡོར་ལ་སོགས་པས། །བོད་ཀྱི་ཆོས་དང་རིག་གཞུང་ལ། །ཁ་རྡུང་དམའ་འབེབས་བྱེད་པ་ཡི། །ཡིག་ཆ་འགའ་རེ་བྲིས་པ་ཡོད། །
དེ་དག་སྲིད་གཞུང་ཆེ་གེ་མོར། །དགོས་པའི་ལག་ཆ་གཅིག་པུ་སྟེ། །སྡིག་པ་ར་ཙའི་ཕྲུ་གུ་དག །རང་གི་མ་ལ་ཟས་སུ་མཐོང་། །དོན་རྒྱལ་ཞོགས་དུང་ལ་སོགས་པས། །མེས་པོའི་རིག་གཞུང་དགྲ་རུ་མཐོང་། །འདི་དག་སྲིད་གཞུང་ལས་དོན་དང་། །བོད་པའི་ངོ་བོ་ཆོས་རིག་དག །རྩ་མེད་བཟོ་བའི་གཤེད་མ་ཡིན། །
བོད་ཀྱི་བཅུ་ཕྲག་རིག་པ་ལ། །སྦྱངས་པ་མཐར་སོན་དུང་དཀར་དང་། །ཐུབ་བསྟན་ཕུན་ཚོགས་ལ་སོགས་པ། །གནའ་དེང་ཤེས་རིག་བང་མཛོད་ཡིན། །བཟོ་རྩིས་སྨན་དང་ཚད་མའི་གཞུང་། །ནང་ཆོས་ཤོག་ལྡེབ་གཅིག་ལ་ཡང་། །སྤྱངས་བརྩོན་བྱེད་མ་མྱོང་ན་ཡང་། །ལྔ་རིག་མིང་ཙམ་ཐོས་མྱོང་ཞིང་། །ལོ་རྒྱུས་ཐར་ཐོར་ཙམ་རེ་ཤེས། །རྒྱ་ཡིག་ཉུང་ཟད་ཤེས་པ་ཡི། །ཞོགས་དུང་ལ་སོགས་བླུན་པོ་འགས། །བོད་ཀྱི་རིག་གཞུང་འགོག་པ་ནི། །ལོང་བས་གླང་པོའི་གཟུགས་བྱད་ལ། །དཔྱོད་པའི་ངང་ཚུལ་ཙམ་དུ་ཟད། དེ་སྐད་ལོག་པར་ལྟ་བའི་རབ། ཉུང་ངུས་ངག་གིས་སྤེལ་བ་འདི། །བློ་ཆུང་བྱིས་པ་བན་གཟུགས་སོགས། །ཐོས་ཆུང་འགའ་ལ་ཕན་ཕྱིར་བྲིས། །
བོད་ཡུལ་ཕུང་བའི་ངན་སྤྱོད་རབ་བྱེད་བཅུ་པ་ལས་ལྟ་བ་ལོག་པའི་རབ་ཏུ་བྱེད་པ་སྟེ་དང་པོའོ། ། ། ། ༢༠༡༥ ། ༡ ། ༡༣
༼མུ་འགོད།༽
གླང་གོག་སྨྱོན་པ་ཞིག་བསླེབས་ཤག
བོང་གཟུགས་ཞོགས་དུང་གི་གདོན་གཟུགས་སུ་རེམ་ཡང་བ་སྤུ་རྐང་གཅིག་གི་ལྗིད་མེད་པ་ད་དུང་ཅིག་ཡིན་ཁུལ་འདྲ།
ཞོགས་དུང་རང་གིས་རང་ཉིད་ལྗི་མོ་ཡིན་ཟེར་གྱི་མེད། ཁོང་གིས་རང་གི་བསམ་ཚུལ་ཐར་ཐོར་རེ་བཤད་པ་དེ་ཡིན། མཁའ་ཁྱབ་སེམས་ཅན་ཐམས་ཅད་མ་རུ་སྒོམ་མཁན་གྱི་ཆོས་པ་ཁྱེད་རྣམས་ཀྱིས་ཞོགས་དུང་གི་བསམ་ཚུལ་ཐར་ཐོར་དེ་བློ་ལ་མ་ཤོང་སྟེ་ཞེ་སྡང་གི་མེ་འབར། ཚིག་མཚོན་གྱི་ཆར་ཕབ་སྟེ་ཁོང་ཇེ་ལྗི་ནས་ཇེ་ལྗིར་བཏང་བ་རེད།