བསྟན་འཛིན་རྡོ་རྗེ། ཨ་རི།
བསོད་ནམ་སྟོབས་རྒྱལ་གྱིས་བོད་བསྒྱུར་བྱས།
གལ་སྲིད་བདག་ཉིད་ཆེན་པོ་གྷན་དྷི་ཡི་བདེན་པའི་ཨུ་ཚུགས་ཀྱི་ཐབས་ལམ་དེ་བོད་དུ་ལག་བསྟར་བྱུང་ན་ཇི་ལྟར་འགྱུར་རམ་ཞེས་ང་ལ་ལོ་ངོ་དུ་མའི་རིང་དྲི་བ་འདྲི་མཁན་འདུག དེར་བརྟེན་འདི་ལ་ལྷག་དཀར་ཟེར་ཞེས་ལན་འདེབས་བྱས་པ་ཡིན། རྒྱ་ནག་གིས་བོད་ཡོངས་སུ་དབང་བསྒྱུར་བྱས་ནའང་བོད་མི་ཚོས་འཚེ་བ་མེད་པའི་ཐབས་ལམ་གྱི་ནུས་ཤུགས་ལ་བརྟེན་ནས་ལས་འགུལ་སྤེལ་གྱི་ཡོད། འཕོ་འགྱུར་ཆེན་པོའི་གཞི་རྩ་འདི་ལ་ལྷག་དཀར་ཞེས་གྲགས་ལ་དེ་ནི་རེས་གཟའ་ལྷག་པ་དཀར་པོའམ་ཡང་དག་པའི་རེས་གཟའ་ལྷག་པ་ཞེས་པའི་དོན་ཡིན། ཉིན་དེ་ནི་༧གོང་ས་མཆོག་གི་སྐུའི་བླ་གཟའ་ཡིན་པས་རེས་གཟའ་ལྷག་པ་ལ་དེ་ལྟར་ཆེ་བསྟོད་བྱས་པ་ནི་འོས་འཚམས་རེད།
གཟའ་ལྷག་པ་ནམ་ཡིན་ལ་སྲོལ་རྒྱུན་གྱི་གྱོན་ཆས་སྤྲས་པ་དང་བོད་སྐད་བཤད་པ། བོད་རིགས་ཀྱི་ཟ་ཁང་ནང་ཁ་ལག་ཟ་བ། བོད་རིགས་ཀྱིས་བདག་གཉེར་བྱེད་པའི་ཚོང་ཁང་ནས་ཅ་ལག་ཉོ་རྒྱུར་དམིགས་བསལ་གྱིས་འབད་བརྩོན་བྱེད་མཁན་བོད་མི་ཇེ་མང་རེད། དེ་ནི་རྒྱ་ནག་ལ་གདོང་གཏུག་ནས་ངོ་རྒོལ་བྱས་པ་ཞིག་མ་ཡིན་པར། བོད་ཀྱི་སྐད་ཡིག་དང་རིག་གནས་གོང་མཐོར་གཏོང་རྒྱུའི་ཆེད་དུ་ཡིན། ད་དུང་མཉམ་ལས་མི་བྱེད་རྒྱུ་དེ་ནི་རྒྱ་ནག་གི་འཛིན་སྐྱོང་ལས་ཁུངས་ཁག་དང་གཞུང་འབྲེལ་གྱི་ཚོང་ལས་ལ་རྒྱབ་སྐོར་མི་བྱེད་རྒྱུའི་ཆེད་དུ་ཡིན། ༢༠༠༨ ལོ་ནས་བཟུང་སྟེ་ངོ་རྒོལ་བ་རྣམས་འཇིགས་སྐུལ་འོག་ཞི་འཇགས་གཏོང་རྒྱུའི་དོན་དུ་པེ་ཅིང་ནས་རྒྱ་ལམ་ཡོངས་རྫོགས་བཀག་པ་རེད། འོན་ཀྱང་དེ་ལས་ལྡོག་སྟེ་ཕར་རྒོལ་གྱི་སྙིང་སྟོབས་མ་ཞུམ་པར་ནང་གི་བློ་སྒོ་ཕྱེ་བ་ལྟ་བུར་གྱུར། ལྷག་དཀར་ལ་མཉམ་ཞུགས་པ་ཚོས་རང་གི་ཁྱིམ་དང་ཉིན་རེའི་འཚོ་བའི་ཁྲོད་དུ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དར་འཕེལ་དུ་གཏོང་བ་མ་ཟད། སོ་སོའི་རིག་གནས་ཀྱི་ངོ་བོ་དང་ཆབ་སྲིད། སྤྱི་ཚོགས་ཀྱི་འབྲེལ་ལམ་སྔར་ལས་དམ་ཟབ་ཏུ་གཏོང་གི་ཡོད། ཁོང་ཚོས་ལྷག་དཀར་བརྒྱུད་ནས་ང་ཚོ་བོད་པ་ཡིན་ཞེས་སྒྲོག་གི་ཡོད།
རིག་གནས་བསྐྱར་གསོ་འདི་ནི། ཡུ་རོབ་ཀྱི་རིག་རྩལ་བསྐྱར་དར་དང་མཚུངས་པར་བོད་རིགས་ལ་དར་བ་ཞིག་ཡིན། རོལ་མོ་བ་དང་རྩོམ་པ་པོ། རི་མོ་མཁན་རྣམས་ཀྱིས་རྫོགས་མཐའ་མེད་པའི་གླུ་གཞས་དང་འབྲི་རྩོམ་གྱི་ཆུ་རྒྱུན་རིང་མོ་བསྐྲུན་ཏེ་བོད་ཀྱི་སྒྱུ་རྩལ་དང་སྐད་ཡིག་གི་རྣམ་པ་ལ་འགྱུར་བ་གཏོང་བཞིན་ཡོད། ད་དུང་སྒྱུ་རྩལ་གྱི་བྱེད་ལས་གཞན་གྱི་ཐོག་ནས་ཀྱང་གཏིང་དཔོག་མི་ཐུབ་པའི་བོད་མིའི་ན་ཟུག་དང་བར་མི་ཆད་པའི་རེ་འདོད། སྐབས་འགའ་ཡི་སྤྲོ་སྣང་རྣམས་ཕྱིར་མངོན་པར་བྱེད་ཀྱི་ཡོད། སྙིང་སྟོབས་ཀྱིས་འབར་བའི་༢༠༠༨ ལོའི་སྒེར་ལངས་དང་འཛམ་གླིང་དུ་དྲག་ཏུ་འཕྱུར་བའི་བོད་ཀྱི་སྒྱུ་རྩལ་གསར་པ་འདིས་མིག་རྒྱང་གི་བློ་སྒོ་ཇེ་ཆེར་བཏང་ཡོད། ཆབ་སྲིད་ལས་འགུལ་གྱིས་སྒྱུ་རྩལ་གསོན་པོ་དང་སྒྱུ་རྩལ་གྱིས་ཀྱང་ལས་འགུལ་དེ་ཉིད་གསོན་པོ་བྱེད་ཀྱི་ཡོད།
བཙན་བྱོལ་བོད་མི་རྣམས་ཀྱིས་ལས་རིགས་འདི་རྣམས་ཕྱི་ལ་ཁྱབ་པའི་དོན་དུ་ལས་འགུལ་སྤེལ་འགོ་ཚུགས་ཟིན་པས། ཨ་རིའི་བྷོ་སི་ཊོན་དུ་ཡོད་པའི་བོད་མི་རྣམས་ཀྱིས་རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་དོན་ལས་འགུལ་སྤེལ་ནས་བོད་ལ་རང་དབང་མ་ཐོབ་བར་དུ་ལས་འགུལ་མུ་མཐུད་ནས་རྒྱུན་འཁྱོངས་བྱེད་རྒྱུའི་དམ་བཅའ་བཞག་ཡོད། བོད་དུ་བཀག་སྡོམ་གང་བྱུང་བ་རྣམས་ཁྱབ་བསྒྲགས་ཡོང་བའི་ཆེད་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་རིག་རྩལ་བསྐྱར་དར་གྱི་རྒྱུད་འབྲེལ་ཞེས་པའི་ཟླ་རེའི་ལས་འགུལ་ཞིག་སྤེལ་གྱི་ཡོད། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་སོ་སོའི་སྲིད་དོན་སྐུ་ཚབ་རྣམས་ལ་བོད་དོན་སྐོར་གྱི་སློབ་གསོ་སྤྲོད་རྒྱུའི་དམ་བཅའ་བཞག གཞན་པ་ཚོས་ཀྱང་རྒྱ་ནག་ནས་བསྐྲུན་པའི་ཅ་དངོས་ལ་འབྲེལ་ཐག་མཚམས་འཇོག་བྱེད་རྒྱུའི་དམ་བཅའ་བཞག་ཡོད། རིག་གཞུང་བསྐྱར་དར་དང་ཆབ་སྲིད་འཕོ་འགྱུར་ཟུང་འབྲེལ་གྱི་དྲག་ཆར་འདིས་མཐར་ཐུག་རྒྱ་ནག་གི་བཙན་གནོན་མ་ལུས་པར་མངོན་སུམ་མཐར་སྐྲོད་བྱས་ནས་བོད་དེ་བོད་མིས་སྐྱོང་བའི་དུས་ཤིག་འབྱུང་གི་རེད། གྷན་དྷིི་གཤེགས་ཏེ་དུས་རབས་ཕྱེད་ཀའི་རྗེས་སུ་ཁོང་གི་བདེན་པའི་ཨུ་ཚུགས་ཡང་བསྐྱར་བོད་དུ་འཁྲུངས་པ་རེད། སྐབས་འདིར་དེ་ལ་ལྷག་དཀར་ཞེས་འབོད་ཀྱི་ཡོད་པ་རེད།།
ཡག་པོ་གསུངས་འདུག