ལྷོ་ཕྱོགས་ཉི་ཟླ།
སྐད་དང་ཡི་གེ་སྲུང་སྐྱོབ་ང་ཚོ་དགོས།།
བོད་སྐད་གཙང་མ་བཤད་དགོས་རང་ཉིད་འགན།།
རང་གི་སྐད་ཡིག་རང་གིས་ཆེ་འཇོག་དགོས།།
འདི་དག་ཐུགས་ལ་འཛིན་དགོས་བོད་པ་ཚང་།།
བོད་མི་རང་གི་ཆ་ལུགས་གོམ་གཤིས་སོགས།།
གཞན་དུ་མ་བསྒྱུར་མགོ་ནག་བོད་པ་ཚོ།།
ང་དང་ཁྱེད་ཀྱི་བར་གྱི་འགྲན་སེམས་མིན།།
འདི་དག་ཐུགས་ལ་འཛིན་དགོས་བོད་པ་ཚང་།།
ཆོལ་གསུམ་བོད་མིའི་ལྡོག་རྩ་གཅིག་ཏུ་དགོས།།
ཆོལ་ཁ་ཆོས་ལུགས་དགོས་གལ་ཆེ་ན་ཡང་།།
འཐེན་འཁྱེར་ཕྱོགས་རིས་གནས་སུ་མ་ལྷུང་དགོས།།
འདི་དག་ཐུགས་ལ་འཛིན་དགོས་བོད་པ་ཚང་།།
དུས་རབས་ཉེར་གཅིག་ཁ་ཕྱོགས་འཚོལ་དགོས་ན།།
རིག་གནས་རྟ་ཕོའི་བང་རྩལ་འགྲན་པར་ཀྱེ།།
གཤོག་པ་གཉིས་ལྡན་ཞིག་ལ་མྱུར་དུ་རེམ།།
འདི་དག་ཐུགས་ལ་འཛིན་དགོས་བོད་པ་ཚང་།།
རང་གི་རྒྱལ་ཁབ་རང་ལ་དགོས་བའི་ན།།
མི་རིགས་ལ་རྒྱའི་དུང་ཞེན་ངེས་པར་དགོས།།
གྲ་སྒྲིག་སྔ་ནས་བྱས་ན་མདུན་བསྐྱོད་ཡིན།།
འདི་དག་ཐུགས་ལ་འཛིན་དགོས་བོད་པ་ཚང་།།
༢༠༡༡.༥.༢༧
དུས་རབས་གསར་པའི་གོམས་སྟབས་སྒྱུར་བའི་ཁྲོད།།
བོད་མིའི་ལུགས་སྲོལ་རྙིང་པས་ཕན་མི་ཐོགས།།
འཛམ་གླིང་ཁྱོན་ཡོངས་འགྱུར་ཞིང་གཡོ་བའི་དུས།།
བོད་པ་བརྟན་པོར་གནས་ན་ལྐུགས་པ་ཡིན།།
རང་དབང་བདེ་སྐྱིད་ཉི་མ་འཆར་འདོད་ན།།
རིག་གསར་སྒྱུ་མའི་འཕྲུལ་ལ་རང་དབང་དགོས།།
གང་འདོད་འཕྲུལ་གྱིས་བསྒྱུར་བའི་དུས་རབས་འདིར།།
རང་ལུགས་གཙོ་བོར་འཛིན་ན་ལྐུགས་པ་ཡིན།།
རིག་གསར་སྒྱུ་མའི་འཕྲུལ་གྱི་ཆ་ཤས་ཙམ།།
ཤེས་མཁན་དཀོན་ཞིང་འཆད་མཁན་མེད་དུས་འདི།།
སྔོན་ནས་ད་བར་རྨོངས་ཞེན་བྱས་པས་ལན།།
དེ་དོན་རྒྱུན་སྐྱོང་བྱས་ན་ལྐུགས་པ་ཡིན།།
ཤ་ཁྲག་གདོས་བཅས་ཕུང་པོ་བོད་མིའི་རིགས།།
ལྷག་བསམ་བཅོས་མིན་བོད་ལ་ལྡན་གྱུར་ན།།
བོད་སྐད་སྣ་གཅིག་ཤེས་པར་མ་གྱུར་ཀྱང་།།
རིག་གསར་གནས་ལ་མཁས་ན་གནད་ལ་ཕན།།
དེང་དུས་འགྲོ་ཀུན་རིག་གསར་ལམ་དུ་རྒྱུ།།
གནའ་བོའི་སྲོལ་རྒྱུན་དེ་ཡི་ལྡོག་ཕྱོགས་ཉིད།།
དེས་ན་གནའ་བོའི་སྲོལ་ལུགས་རྒྱུན་སྐྱོང་ཙམ།།
བྱས་ཀྱང་གནད་ལ་ཐུག་དུས་ནུས་པ་མེད།།