བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་རྡོར་ལགས་ཀྱིས་གསུངས་དོན།
ལྷག་དཀར་ནི་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་བྱུང་བའི་མི་མང་གི་ལས་འགུལ་ཞིག་ཡིན། ལོ་སྔོན་མར། བོད་ནང་གི་ས་ཁུལ་མི་འདྲ་བར།
མི་མང་ཚོས་ལྷག་དཀར་དམ་བཅའ་བཞག་སྟེ། གཟའ་ལྷག་པའི་ཉིན་བོད་ཟས་ཟ་བ་དང་བོད་ལ་གྱོན་པ། བོད་སྐད་བཤད་པ། བོད་ཀྱི་ཟ་ཁངལ་འགྲོ་བ།
བོད་ཀྱི་ཚོང་ཁང་ནས་ཅ་དངོས་ཉོ་བ་དང་དཀར་ཟས་ལ་རོལ་བ་སོགས་བྱས་ཤིང་། འདི་ནི་ས་གནས་སྲིད་གཞུང་དང་མཉམ་ལས་མི་བྱེད་པའི་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ཁྱད་པར་བ་ཞིག་ཡིན།
འདི་ལོའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་ལོངས་ཤོག་ལོ་འཁོར་མཛད་སྒོའི་སྟེང་དུ། ད་ལྟ་རྒྱ་ནག་གི་བཙོན་འཇུག་དང་བཀག་ཉར་འོག་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་བཞི་ལ་རྒྱལ་གཅེས་དཔའ་བོའི་མཚན་སྙན་གྱི་ལྷག་དཀར་གཟེངས་རྟགས་དེ་ཕུལ་འདུག
འདི་ལོར་རྒྱལ་གཅེས་དཔའ་བོའི་མཚན་སྙན་གྱི་ལྷག་དཀར་གཟེངས་རྟགས་འཐོབ་མཁན་བཞི་ནི། ཞོགས་དུང་ (དངོས་མིང་བཀྲ་རྒྱལ) དང་རོང་རྒྱས་ཨ་གྲགས། སྨན་པ་ཡེ་ཤེས་ཆོས་སྒྲོན། ནོར་འཛིན་དབང་མོ་བཅས་ཡིན།
ཞོགས་དུང་གི་རིག་སྟོབས་ཀྱི་ལེགས་སྐྱེས་སྟེ། བོད་མིའི་གསར་བརྗེའི་ཐད་ཕུལ་བའི་གནམ་ས་གོ་འབྱེད་ཞེས་བའི་བརྩམས་ཆོས་དེ་འདོན་སྤེལ་བྱས་བར་ལྷག་དཀར་གཟེངས་རྟགས་ཕུལ་འདུག
གནམ་ས་གོ་འབྱེད་ལ་འདི་ནས་གཟིགས། རོང་རྒྱས་ཨ་གྲགས་ཀྱིས་ཕྱི་ལོ་༢༠༠༧ལོའི་སྤྱི་ཟླ་༨པའི་ཚེས༡ཉིན་གནང་བའི་རྒྱལ་གཅེས་ཀྱི་གསུང་བཤད་དེར་གཟེངས་རྟགས་འདི་ཕུལ་འདུག
ཁོང་གི་གསུང་བཤད་དེར་འདི་ནས་གཟིགས། ཡེ་ཤེས་ཆོས་སྒྲོན་དང་ནོར་འཛིན་དབང་མོ་གཉིས་ཀྱིས་བོད་ནང་དུ་སྨྲ་བརྗོད་རང་དབང་གི་ཆེད་དུ་འཐབ་རྩོད་བྱས་བ་དེར་གཟེངས་རྟགས་འདི་ཕུལ་འདུག
ཞོགས་དུང་ལགས་ད་ལྟ་རྒྱ་ནག་གི་བཙོན་འཇུག་བཀའ་ཉར་འོག་ཡོད། རོང་རྒྱས་ཨ་གྲགས་ཀྱིས་ལོ་བརྒྱད་ཀྱི་ཁྲིམས་ཆད་དང་ནོར་འཛིན་དབང་མོས་ལོ་ལྔའི་ཁྲིམས་ཆད། སྨན་པ་ཡེ་ཤེས་ཆོས་སྒྲོན་གྱིས་ལོ་བཅོ་ལྔའི་ཁྲིམས་ཆད་བཅས་ཁུར་བཞིན་ཡོད།
བསྟན་རྡོར་ལགས་ནས་གསུངས་དོན། བོད་རིགས་རྣམས་ཀྱིས་གཟའ་ལྷག་པ་ལ་ལྷག་པ་དཀར་པོ་ཞེས་འབོད་ཅིང་། རྒྱུ་མཚན། ༧གོང་ས་མཆོག་གཟའ་ལྷག་པའི་ཉིན་སྐུ་འཁྲུངས།
ད་དུང་། ནེའུ་ཡོག་ཏུ་གནས་སྡོད་བོད་རིགས་བསྟན་འཛིན་དབང་རྒྱལ་ལགས་ལ་ཡང་ལྷག་དཀར་གཟེངས་རྟགས་ཕུལ་འདུག འདིའི་སྐོར་བརྟན་རྡོར་ལགས་ནས་གསུངས་དོན།
བསྟན་འཛིན་དབང་རྒྱལ་ལགས་ཨ་རིར་ཕེབས་ནས་བཟུང་། གཟའ་ཉི་མ་ནམ་ཡིན་ལ་ནེའུ་ཡོག་གི་ཁོན་སུ་(Queens)རུ་འཚོགས་བཞིན་པའི་གཟའ་ཉི་མའི་བོད་ཡིག་འཛིན་གྲར། བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་དང་རོལ་དབྱངས་སོགས་
བསླབས་དང་སློབ་བཞིན་པ་མ་ཟད་དེས་བོད་རིགས་ན་གཞོན་མང་པོའི་མི་ཚེར་ཕན་ནུས་རྒྱ་ཆེར་འཐོན་ཡོད། ད་དུང་འདས་བའི་ལོ་ངོ་བཅུ་ལྷག་གི་རིང་ལ། བསྟན་འཛིན་དབང་རྒྱལ་ལགས་ནས་གཟའ་ཉི་མའི་གུང་གསེང་གཅིག་ཀྱང་བླངས་མྱོང་མེད་ཟེར།
འདི་ལོའི་བོད་རང་དབང་སློབ་ཕྲུག་ཚོགས་ཆུང་གི་ལོ་འཁོར་ལོངས་ཤོག་མཛད་སྒོའི་སྟེང་དུ། བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་ཆོས་འཕེལ་ལགས་དང་རང་བཙན་གཞོན་ནུ་བཙུགས་མཁན་དཔལ་འབྱོར་ལགས་སོགས་ཀྱིས་འཁྲབ་སྟོན་གནང་འདུག ད་དུང་། བོད་རིགས་སྒྱུ་རྩལ་བ་བློ་བཟང་ཆོས་འཕེལ་ལགས་ཀྱིས་ལྷག་དཀར་གྱི་ལྡེབས་ངོས་གསར་བ་ཞིག་བཟོས་འདུག་ཅིང་། དེའི་ཐོག་ཏུ་བོད་མི་ཚོས་སོ་སོའི་ལྷག་དཀར་དམ་བཅའི་མཚན་རྟགས་བསྐྱོན་ཆོག་པ་མ་ཟད།
མི་རིང་བར། ལྷག་དཀར་གྱི་ལྡེབས་ངོས་དེ་བྱང་ཨ་རིའི་ནང་དུ་སྐོར་བསྐྱོད་བྱེད་ཀྱི་ཡོད།
རྒྱ་ནག་གཞུང་གིས་། བོད་ནང་དུ་བོད་མིར་གཉའ་གནོན་དང་དྲག་གནོན་མུ་མཐུད་དུ་བྱེད་བཞིན་ཡོད་རུང་། བོད་མི་རྣམས་ཀྱི་ལྷག་དཀར་དམ་བཅའི་ལས་འགུལ་དེ། ངར་ཤུགས་ཆེ་ནས་ཆེ་རུ་དང་།
ཁྱབ་རྒྱ་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད།
གནས་ཚུལ་ཕྱོགས་སྒྲིག་པ། ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་།
གནས་ཚུལ་ཞིབ་ཕྲ་འདི་ནས་གཟིགས།
http://youngtibet.com/2010/08/gen-wangyal-of-new-york-awarded-lhakar-award-along-with-adak-shogdung-and-others/
rརྗེས་སུ་ཡི་རངས་ཞུ།
བོད་རང་དབང་སློབ་ཕྲུག་ཚོགས་པའི་ལས་འགུལ་ལ་བསྔགས་བརྗོད་ཡོད།
བསྟན་འཛིན་རྡོ་རྗེ་འདི་ན་གཞོན་རེ་བ་ཅན་ཞིག་ཡིན།
བོད་རང་གི་དོན་དུ་ངལ་བ་ཁྱད་དུ་བསད་ནས་འབད་བརྩོན་གནང་མཁན་ཚོར་དུས་རྟག་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་ཡོད།
བཟང་པོ་ལ་ངོ་བསྟོད་དང་ངན་པ་ལ་སྐྱོན་བརྗོད་བྱེད་པ་འདི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་ལ། ད་ཐེངས་བོད་རང་བཙན་སློབ་ཕྲུག་ཚོགས་པས་ལས་འགུལ་འདི་འདྲ་ཞིག་གནང་བར་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། །
སློབ་ཕྲུག་ཚོགས་པའི་བོད་དོན་ལས་འགུལ་ལ་ངོ་མ་རྒྱབ་སྐྱོར་ལོས་ཞུ།
བོད་རང་དབང་སློབ་ཕྲུག་ཚོགས་པ་འདི་ང་ཚོ་ལ་མཚོན་ན་དུས་རབས་ཉེར་གཅིག་པའི་བོད་མིའི་ཚོགས་པ་ཞིག་གི་ཚབ་བྱེད་ཆོག་པ་ལྟ་བུ་འདུག
སྐུ་ཞབས་བསྟན་རྡོར་ལགས། ཕ་བཟང་གི་བུ་རང་རེད། ད་ལྟ་ནས་ཉམས་མྱོང་གང་མང་བསགས་ཏེ་༢༠༡༦ལོར་བཀའ་བློན་ཁྲི་པའི་འོས་གཞིར་ཕེབས་ཆོག་གནང་རོགས། བཀྲིས་བདེ་ལེགས། ལས་དོན་ཚང་མ་ལམ་ལྷོངས་ཡོང་བའི་སྨོན་ལམ་ཡོད།
འཇམ་དབྱངས་བསྟན་འཛིན་ལགས་ཀྱི་དགོངས་པར་མོས་མཐུན་ཡོད།
བོད་རང་དབང་སློབ་ཕྲུག་ཚོག་པའི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས།
ཕ་བཟང་གི་བུ། བོད་རང་དབང་ཆེད་ལས་འགུལ་ག་ཚོད་ཅིག་སྤེལ་ཐུབ་ན། ཁྱོད་ཀྱི་བྱ་བ་ལམ་ལྷོང་ཡོངས་
བཀྲ་ཤིས་བདེ་ལེགས་ཞུ
བོད་རང་དབང་སློབ་ཕྲུག་ཚོགས་པར་དགའ་གུས་དང་། ཁྱེད་ཅག་གིས་རང་ཅག་བོད་མི་ཡོངས་ཀྱི་ཆེད་བདེ་སྡུག་ཆེད་རང་སྲོག་བློས་གཏོང་ཕོད་པའི་གངས་ལྗོངས་བོད་མིའི་དཔའ་བོ་དང་། དཔའ་མོ་ཁག་ཅིག་ལ་བཟང་སྟེགས་ཕུལ་བར་དགའ་བསུ་ཡོད།
བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས། དངོས་གནས་ཕ་བཟང་པོའི་བུ། གངས་ཅན་བོད་པའི་ཕོ་རྒོད་ཁྱེད་ལ་ངས་སྙིང་ནས་སྨོན་གི་ཡོད། ཁྱེད་ཀྱི་གཏམ་བཤད་དང་ཕྱག་ལས་གང་ཐད་ནས་ཁ་བཤད་ཆུ་རྦུ་ཅན་དག་དང་མི་འདྲ་བར་ངོ་མ་གངས་རིའི་ལ་རྒྱ་འཛིན་མཁན་གྱི་ན་གཞོན་ཞིག་འདུག ཁྱེད་རང་གི་བྱ་བ་ཐམས་ཅད་ལམ་ལྷོང་ཡོང་བའི་སྨོན་ལམ་ཞུ་རྒྱུ་ཡིན།