ཇཱོན་ ཧོསེ་ཝར། ༼བསྟན་འཛིན་གྱིས་བསྒྱུར།༽
བོད་རང་བཙན་སློབ་ཕྲུག་ཚོགས་པའི་འབྱུང་ཁུངས་ཀྱི་སྐོར་ལ་དྲི་བ་འགའ་ཡོད་པ་ང་ལ་ཤེས་རྟོགས་བྱུང་། ང་རང་སྒྲིག་འཛུགས་དེ་ཐོག་མར་འགོ་འཛུགས་མཁན་གྱི་གྲས་ནས་གཅིག་དང་། ལག་བསྟར་འགན་འཛིན་དང་པོ་དེ་ཡིན་པའི་ཆ་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཇི་ལྟར་བྱུང་བའི་ཐད་ལ་གསལ་བཤད་ཅིག་བྱེད་འདོད་བྱུང་།
བོད་རང་བཙན་སློབ་ཕྲུག་ཚོགས་པ་དེ་ཐོག་མར། ཨ་བོད་མཛའ་ཚོགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱི་ལས་འཆར་ཞིག་གི་ངོ་བོར་ཕྱི་ལོ་༡༩༩༤ ལོར་འགོ་ཚུགས་པ་རེད། བོད་ཀྱི་འཐབ་རྩོད་ནང་དུ་སློབ་ཕྲུག་ཚོ་ཞུགས་པའི་དམིགས་ཡུལ་དང་བཅས་ཐོག་མའི་འཆར་འགོད་དེ་ནིའུ་ཡོརྐ་དང་ཝ་ཤིང་ཊོན་ཌི་སི་རུ་བྱས་པ་རེད།
བོད་རང་བཙན་སློབ་ཕྲུག་ཚོགས་པ་གསར་འཛུགས་གནང་མཁན་གྱི་ནང་དུ་ཨ་བོད་མཛའ་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི། བསོད་ནམས་དབང་འདུས་དང་། བསོད་ནམས་རྫོགས་བཟང་། བློ་བཟང་རྒྱ་མཚོ་བཅས་ཐེ་བའི་གཞན་དག་འགའ་ཞིག་དང་། བོད་ཀྱི་ཐེབས་རྩའི་ལས་བྱེད་ཧེ་ཌི་ མེལྫ་དང་། ཨ་བོད་མཛའ་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་པི་ཊར་ བྲོན་དང་། ཨེ་ལི་ནོ་ར་ ཊེ་ཝིས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཇཱོན་ ཨེཀརལི་དང་ལེས་ལེ་ ཕྲེཌེལ་བཅས་བོད་དབྱིན་འདྲེས་མའི་སྡེ་ཚན་ཞིག་ཡོད། བོད་རང་བཙན་སློབ་ཕྲུག་ཚོགས་པ་བྱུང་བའི་རྗེས་སུ་ཨ་བོད་མཛའ་ཚོགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་འབྲེལ་བ་མེད་པ་མང་པོ་ཞིག་གིས་དོ་སྣང་བྱུང་སྟེ། དམིགས་བསལ་ཁེ་ན་ཌ་བོད་ཚོགས་ཀྱི་ཐུབ་བསྟན་བསམ་གྲུབ་གཙོས་རྒྱལ་སྤྱིའི་ལས་འགུལ་ནང་ཤུགས་རྐྱེན་ཆེ་བའི་མི་སྣས་ཀྱང་མཉམ་ཞུགས་གནང་ཡོད།
ཨ་བོད་མཛའ་ཚོགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ང་ལ་སྒྲིག་འཛུགས་ཀྱི་རྟོག་འཆར་བྱུས་འགོད་དང་དངོས་སུ་ལག་བསྟར་བྱེད་པའི་ཆེད་དུ་ང་གླས་པ་རེད། ཐོག་མར་ངའི་ལས་འཆར་གྱི་དུས་ཡུན་དེ་ཟླ་བ་གསུམ་ལས་མེད་ཀྱང་། བོད་མི་གཞན་མང་པོ་དང་། ལྷག་པར་དུ་བསོད་ནམས་དང་ཆོས་སྐྱིད་དབང་འདུས་ཐུག་པས་ང་རང་བོད་མི་ཚོར་ཡིད་འཕྲོག་སྟེ་མགྱོགས་པོར་བསམ་བློར་འགྱུར་བ་ཐེབས་རྒྱུ་འགོ་བཙུགས་སོང་། ལོ་དང་པོ་མཇུག་རྫོགས་མཚམས་དེར། བོད་རང་བཙན་སློབ་ཕྲུག་ཚོགས་པ་ལ་བཙན་བྱོལ་ཙམ་དུ་མ་ཟད། བོད་ནང་དུའང་ནུས་ཤུགས་སྤེལ་ཐུབ་པའི་བྱེད་ནུས་ཡོད་པ་གསལ་པོ་ཆགས་པ་དང་། རང་ཉིད་ལའང་མཚོ་ནང་སྐྱེ་དངོས་དང་འབྲེལ་བའི་མི་ཚེའི་མདུན་ལམ་ནས་གནས་སྐབས་ཁ་བསྒྱུར་དགོས་བྱུང་བ་ལས་ལྷག་པ། བྱུང་རབས་ཀྱི་ཆ་ཤས་གལ་ཆེ་ཞིག་གི་ནང་དུ་ཆ་ཤས་ལེན་རྒྱུའི་གོ་སྐབས་བྱུང་བ་དེ་གཟི་བརྗིད་ཡིན་པའི་ཚོར་སྣང་ཤར་བྱུང་།
བོད་རང་བཙན་སློབ་ཕྲུག་ཚོགས་པ་ནི། ཐོག་མ་ཉིད་ནས་བོད་རང་དབང་འཐབ་རྩོད་ལས་འགུལ་གྱི་སྟོབས་ཤུགས་རྒྱ་སྐྱེད་དང་། བོད་དོན་གྱི་གོ་རྟོགས་སྤེལ་རྒྱུའི་ལམ་བུ་ལྟ་བུ་ཞིག་ལ་རྟག་ཏུ་ངོས་འཛིན་བྱས་ཡོད། སྐབས་དེ་དུས་ཨ་རིའི་ནང་བོད་པའི་སློབ་ཕྲུག་གི་གྲངས་འབོར་ཉུང་ངུ་ལས་མེད་ཀྱང་། ང་ཚོས་ཁོང་ཚོ་མཉམ་ཞུགས་བྱེད་རྒྱུར་ཨུ་ཚུགས་བརྒྱབ་སྟེ་བཅུག་པ་ཡིན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་བོད་མི་ཚོ་རྟག་ཏུ་དེའི་འགོ་ཁྲིད་དུ་བལྟས་པ་ལས། དབྱིན་ཇི་བ་གཅིག་པུའི་ཚོགས་པ་ཞིག་ཡིན་པ་ནམ་ཡང་ངོས་འཛིན་བྱས་མེད།
ནིའུ་ཡོརྐ་དོན་གཅོད་ཀྱི་ལས་ཁུངས་རྙིང་པའི་འོག་ཁང་ནང་། ལྟེབ་ཅོག་ལ་སྒོར་ནས་ལས་འཆར་གསར་པ་འདིར་མིང་ག་རེ་འདོགས་དགོས་མིན་ལ་བགྲོ་གླེང་བྱས་ཏེ་བསྡད་པ་ངས་དྲན་གྱི་འདུག ༼དེ་ནི་ཨ་བོད་མཛའ་ཚོགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཟུང་འབྲེལ་གྱི་ལས་འཆར་ཞིག་གི་ངོ་བོར་འགོ་ཚུགས་པས། ལོ་འགའ་ཤས་ཀྱི་རྗེས་སུ་མ་གཏོགས་རང་དབང་ལྡན་པའི་སྒྲིག་འཛུགས་ཞིག་ལ་གྱུར་མེད།༽ རྒྱ་མཚོ་ལགས་ཀྱིས་ལས་རྟགས་དེ་ཕལ་ཆེར་ཇའི་ནག་ནོག་འགོས་པའི་ལག་ཕྱིས་ཤོག་བུ་ཞིག་གི་སྟེང་དུ་བཟོས་པ་རེད། ཚོགས་པའི་མིང་ཡང་༼བོད་དོན་སློབ་ཕྲུག་ཚོགས་པའམ།༽ ཡང་ན་དེ་དང་ཆ་འདྲ་བ་དེ་འདྲ་མ་ཡིན་པར། ༼བོད་རང་བཙན་སློབ་ཕྲུག་ཚོགས་པ་༽ ཞེས་རྐང་བཙུགས་ཏེ་བཏགས་པའི་ཐག་གཅོད་ཅིག་རེད། གང་ཡིན་ཟེར་ན་ཐོག་མ་ཉིད་ནས་ཀུན་སློང་དེ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དགོས་དོན་དེ་རིག་གཞུང་ཙམ་མ་ཡིན་པར་ཆབ་སྲིད་ཀྱི་ཆ་ནས་རེད།
གཞི་རིམ་མང་ཚོགས་ཀྱི་ནུས་ཤུགས་བཀོད་སྒྲིག་བྱེད་སྟངས་ཐོག་སློབ་སྦྱོང་བྱེད་པར་ལོ་ཤས་ཕྱིན་ཏེ། ཕྱི་ལོ་༡༩༩༨ ལོར་ང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལག་བསྟར་འགན་འཛིན་གྱི་ཚུལ་དུ་ཕྱིར་ལོག་སྐབས། ངས་སྒུལ་ཤུགས་ལྡན་བའི་བོད་པའི་གཞོན་སྐྱེས་ཐུབ་བསྟན་ཚེ་རིང་དང་། ལྷ་སྒྲོན་བཀྲེས་མཐོང་གཉིས་སྒྲིག་འཛུགས་ཀྱི་འགོ་ཁྲིད་བྱེད་པར་བསྐོ་བཞག་བྱས་པ་ཡིན། སྐབས་དེར་བྱང་ཨ་རིའི་ནང་བོད་མི་ཉུང་ངུ་ལས་མེད་ཀྱང་། ཁོང་ཚོ་ལས་འགུལ་གྱི་འགོ་ཁྲིད་དང་མ་འོངས་པ་ཡིན་ཙང་། ཐོག་མ་ཉིད་ནས་བོད་རིགས་ན་གཞོན་རྣམས་ཚོགས་མིར་འཇུག་རྒྱུ་དང་སྦྱོང་བདར་སྤྲོད་རྒྱུ་དེ་ང་ཚོའི་ལས་འགན་དང་པོ་དེ་ཡིན། བོད་རང་དབང་ཆེད་ཀྱི་གཞི་རིམ་མང་ཚོགས་ཀྱི་ལས་འགུལ་ཞིག་གི་ནང་དུ་། སློབ་ཕྲུག་ལས་འགུལ་བ་ཚོ་མཉམ་ཞུགས་བྱེད་པར་སྐུལ་བའི་སེམས་ཤུགས་དང་ཧུར་བརྩོན་དེ་བོད་མི་ལས་མང་བ་སུ་ལ་ཡོད་དམ།
ཨ་རི་དང་། ཁེ་ན་ཌ། ཡོ་རོབ་གཙོས་འཛམ་གླིང་ཁྱོན་ཡོངས་ནས་བོད་རིགས་མིན་པའི་སློབ་ཕྲུག་དང་གཞོན་སྐྱེས་གྲངས་ལས་འདས་པ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་མཉམ་ཞུགས་བྱེད་མཁན་ཚོ་ལ། འཛམ་གླིང་གི་ཕྱོགས་གཞན་ཞིག་ཏུ་གནས་པའི་མི་རིགས་ཞིག་གི་རང་དབང་གི་བསམ་བློ་གསལ་ཁ་བྲལ་བ་ཞིག་གི་ཆེད་དུ་འཐབ་རྩོད་བྱེད་པ་ཙམ་མ་ཡིན་པར། རང་ཉིད་དང་ལྷན་དུ་ཉིན་ལྟར་སློབ་སྦྱོང་དང་ལས་ཀ་བྱེད་མཁན་གྱི་སློབ་གྲོགས་དང་ལས་རོགས་ངོ་འདྲིས་ཅན་རྣམས་ཀྱི་ཆེད་དུ་འཐབ་རྩོད་བྱེད་ཀྱི་ཡོད་པའི་ཚོར་སྣང་དེ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་བོད་རིགས་ཚོགས་མི་དང་འགོ་ཁྲིད་ཚོས་བསྐྲུན་གྱི་ཡོད།
དེས་ན། བོད་རིགས་དང་བོད་རིགས་མ་ཡིན་པའི་ན་གཞོན་མཉམ་སྡེབ་ཀྱི་ནུས་མཐུ་འདི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྙིང་པོ་དེ་རེད། དེས་འཛམ་གླིང་ནང་གི་གཞོན་སྐྱེས་གྲངས་ལས་འདས་པ་ཞིག་ལ་༼ཁོང་ཚོའི་དོ་སྣང་འདྲེན་པར་གལ་ཆེའི་གནད་དོན་དུ་མ་ནང་ཁུལ་འགྲན་བསྡུར་བྱེད་བཞིན་པའི་སྐབས་འདིར་༽ བོད་དོན་འཐབ་རྩོད་ཀྱི་དོན་དུ་ནུས་པ་དང་དུས་ཚོད་གཏོང་བར་སྐུལ་སློང་དང་། སྒྲུབ་མི་ཐུབ་པའི་བྱ་བ་གཅིག་ཀྱང་མེད་པ་ལྟ་བུའི་འགོས་སླ་བའི་ཚོར་ཤུགས་ཞིག་བསྐྲུན་གྱི་ཡོད།
གནས་བབ་འདི་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཅིག་པུ་མ་ཡིན་པར། བོད་དོན་ཐོག་ལས་ཀ་བྱེད་མཁན་སྒྲིག་འཛུགས་ཚང་མར་གཅིག་མཚུངས་སུ་ཡོད། ང་ལ་༡༩༩༤ ནང་ནིའུ་ཡོརྐ་ཏུ་ཐུག་པའི་བོད་མི་ཚོས་འཐབ་རྩོད་ཀྱི་ཐད་ལ་ངའི་དམ་བཅའ་བརྟན་དུ་གཏོང་བའི་སྐུལ་མ་བྱས་དང་། དེའི་རྗེས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བོད་རིགས་ཚོགས་མི་ཚོས་ང་ལ་འཐབ་རྩོད་འདི་མི་ཚེ་ཧྲིལ་པོར་བྱེད་རྒྱུའི་དམ་བཅའ་འཇོག་པར་སེམས་འགུལ་ཐེབས་སུ་བཅུག་བྱུང་། ༼ཉེ་ཆར་རང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ལྷན་ཚོགས་སུ་ལས་ཡུན་ལོ་གཉིས་ཚར་བ་བ་ཟད། མུ་མཐུད་ངས་དུས་ཚོད་དང་དཔལ་འབྱོར་གྱི་མཐུན་འགྱུར་བྱེད་ཀྱི་ཡོད།༽ འཛམ་གླིང་ནང་གི་རྒྱབ་སྐྱོར་བ་མང་པོས་འདི་ལྟར་བྱེད་ཀྱི་ཡོད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། ཁེ་ན་ཌ་བོད་ཚོགས། ཨོས་ཊྲི་ལི་ཡའི་བོད་དོན་ཚོགས་པ་གཙོས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཚང་མའི་ནང་གི་བོད་རིགས་འགོ་ཁྲིད་དང་ཚོགས་མི་ཚོས། དངོས་ཡོད་དཀའ་ངལ་ལ་ལྟོས་མེད། རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་། འབད་བརྩོན། སེམས་ཤུགས་བཅས་ལ་བརྟེན་ནས་རྒྱབ་སྐྱོར་བ་གསར་འཇུག་བྱེད་པར་རམ་འདེགས་དང་། ཁོང་ཚོར་སེམས་ཤུགས་སྤོར་བའི་རྒྱུ་བྱེད་ཀྱི་ཡོད།
བོད་མིའི་ཆིག་བསྒྲིལ་གྱི་ནུས་པས་རང་ཉིད་ཀྱི་རྒྱལ་ཁབ་སླར་གསོ་བྱེད་ཐུབ་པ་ང་ལ་ཡིད་ཆེས་ཡོད། འོན་ཀྱང་རྒྱའི་དབང་སྒྱུར་འོག་ཏུ་གནས་པའི་བོད་མི་ཚོའི་མི་ཚེའི་ཛ་དྲག་དང་འཇིགས་སུ་རུང་བའི་གནས་བབ་དེ་ལས་གྲོལ་ཐབས་སུ་ང་ཚོས་ག་རེ་བྱེད་ཐུབ་པ་མྱུར་དུ་བྱེད་དགོས། འཐབ་རྩོད་གཞན་ཁག་དང་། དམིགས་བསལ་ཨ་རིའི་ནང་གི་ཞི་བའི་མི་མང་གི་ཐོབ་ཐང་རྩོད་ལེན་ནས་ང་ཚོས་མཐོང་བ་བཞིན། གལ་ཏེ་སེམས་ཁུར་ལྡན་པའི་མི་རིགས་གཞན་གྱིས་དཔུང་པ་མཉམ་བརྡར་བྱས་ཏེ། མནར་གཅོད་ཕོག་པའི་མི་རིགས་ཞིག་དང་ལྷན་དུ་རང་འགུལ་གྱིས་གོམ་བགྲོད་བྱས་ན། མནར་གཅོད་ཕོག་པའི་མི་རིགས་དེ་རང་ཉིད་གང་དུ་འགྲོ་འདོད་ས་དེར་སླེབས་ཐུབ། འདིས་བོད་རིགས་ཚོས་བཙན་བྱོལ་བོད་གཞུང་དང་། བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྒྲིག་འཛུགས་ཁག་ཙམ་མ་ཟད། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། གོ་ལའི་གཞི་རིམ་མང་ཚོགས་ཀྱི་ལས་འགུལ་ཁག་གི་ནང་དུ་མཉམ་ཞུགས་དང་། འགོ་ཁྲིད་ཀྱི་འགན་ཁུར་དགོས་པ་དེ་དགོས་ངེས་ཅན་ཡིན་པ་མཚོན་གྱི་ཡོད།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་དུ་ལས་ཀ་བྱེད་སྐབས། ང་ལ་སྤོབས་པ་ཆེ་ཤོས་ཀྱི་ཉིན་མོ་དེ་ངས་ལས་མཚམས་བཞག་ཏེ་ལྷ་སྒྲོན་གྱིས་འགན་ཁུར་བླངས་པ་དེ་བྱུང་། ཐོག་མ་ཉིད་ནས་ང་ཚོས་འཛམ་གླིང་ལ་བཟོ་ལྟ་ཇི་ལྟར་བཟོ་མིན་དེ་གཞོན་སྐྱེས་ལ་རག་ལས་པ་ཤེས་པའི་སྒོ་ནས་ཁོང་ཚོར་འགོ་ཁྲིད་སྦྱོང་བདར་གྱི་ལག་ཆ་སྤྲོད་རྒྱུ་དེར་གལ་ནན་བྱས་པ་ཡིན། ལོ་མང་འདས་པའི་རིང་དེར་བོད་རང་བཙན་སློབ་ཕྲུག་ཚོགས་པས། སྒྲིག་འཛུགས་སྐྱེད་འཕེལ་དང་ལྷན་དུ་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་དེར་གདོང་ལེན་གྱིས་བོད་རང་དབང་ཆེད་ཀྱི་འཐབ་རྩོད་གསོན་གནས་ཡོང་བར་རམ་འདེགས་ནུས་པ་ལྡན་པ་ཇི་ལྟར་བྱས་དང་བྱེད་བཞིན་པ་དེར་ང་ལ་སྤོབས་པ་ཡོད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་དུ་བོད་རིགས་ཀྱི་ཚོགས་མིའི་གྲངས་འབོར་འཕེལ་རྒྱས་མུ་མཐུད་འགྲོ་བཞིན་པ་དེས་ཀྱང་ང་ལ་སྤྲོ་སྣང་འཕེལ་བྱུང་། ང་ཚོས་དང་ཐོག་ཉིད་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དེ་བོད་རིགས་ན་གཞོན་ཚོའི་ནུས་ཤུགས་སྤེལ་བའི་སྒོ་ནས་རང་གི་ལས་འགུལ་གྱི་འགོ་ཁྲིད་དུ་གྱུར་བའི་ལམ་བུ་ཞིག་ལ་བལྟས་པ་ཡིན།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་གྲུབ་འབྲས་ཤས་ཆེ་བ་དེ། བོད་རིགས་དང་བོད་རིགས་མ་ཡིན་པའི་སློབ་ཕྲུག་དང་། གཞོན་སྐྱེས་ཚོས་མཉམ་རུབ་ཀྱིས་རྒྱལ་སྤྱིའི་མདངས་བཞུའི་སྒོར་ཐིག་དེ་བོད་ཐོག་ཕབས་ཏེ། རྒྱ་ནག་དང་འཛམ་གླིང་སྲིད་གཞུང་ཁག་གི་སྟེང་དུ་གནོན་ཤུགས་སྤྲད་དེ་སྒྱུ་མ་ལྟ་བུའི་ལས་འགུལ་བསྐྲུན་པ་དེ་དག་ཡིན་པ་ཐེ་ཚོམ་མེད། བོད་ཀྱི་འཐབ་རྩོད་དེར་ཉིན་གཅིག་ལམ་ལྷོངས་ཡོང་རྒྱུ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་དེའི་ཐོག་གལ་ཆེའི་བསྡུ་ཆ་མཐུན་འགྱུར་ཡོང་རྒྱུ་ཡིན་པ་དེར་ངས་མུ་མཐུད་ཡིད་ཆེས་བྱེད་ཀྱི་ཡོད། ད་ལྟའི་ཆར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དེ་ང་ཚོའི་འགོ་འཛུགས་ཀྱི་འཆར་སྣང་དང་མཐུན་པ་མ་ཟད། ༡༩༩༤ ནང་རྨི་ལམ་དུའང་འཆར་མྱོང་མེད་པའི་རྒྱལ་སྤྱིའི་ནུས་པ་ལྡན་ལ། གཏིང་ཚུགས་པའི་བོད་མིའི་འགོ་ཁྲིད་དང་ལྡན་ཡོད། བོད་རང་དབང་སྐྱར་གསོ་བྱེད་པར་ལས་འགུལ་གཞན་ཁག་དང་ལྷན་དུ་ཁོང་ཚོས་མཉམ་རུབ་ཀྱིས་གང་སྒྲུབ་ཐུབ་པའི་སྐོར་ལ་མནོ་བསམ་གཏོང་རྒྱུ་དེ་སྤྲོ་སེམས་འཁོལ་བ་ཞིག་རེད།། །།
ཇཱོན་ ཧོསེ་ཝར་ནི་ཨ་རིའི་གྷི་རིན་པིས་ཚོགས་པའི་ནང་དུ་རྒྱ་མཚོའི་ལས་འགུལ་གྱི་ངེས་སྟོན་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལག་བསྟར་ངེས་སྟོན་པ་དང་པོ་དེ་རེད།
་་་་་་་་ བོད་རང་བཙན་སློབ་ཕྲུག་ཚོགས་པ་ནི། ཐོག་མ་ཉིད་ནས་བོད་རང་དབང་འཐབ་རྩོད་ལས་འགུལ་གྱི་སྟོབས་ཤུགས་རྒྱ་སྐྱེད་དང་། བོད་དོན་གྱི་གོ་རྟོགས་སྤེལ་རྒྱུའི་ལམ་བུ་ལྟ་བུ་ཞིག་ལ་རྟག་ཏུ་ངོས་འཛིན་བྱས་ཡོད། སྐབས་དེ་དུས་ཨ་རིའི་ནང་བོད་པའི་སློབ་ཕྲུག་གི་གྲངས་འབོར་ཉུང་ངུ་ལས་མེད་ཀྱང་། ང་ཚོས་ཁོང་ཚོ་མཉམ་ཞུགས་བྱེད་རྒྱུར་ཨུ་ཚུགས་བརྒྱབ་སྟེ་བཅུག་པ་ཡིན། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་བོད་མི་ཚོ་རྟག་ཏུ་དེའི་འགོ་ཁྲིད་དུ་བལྟས་པ་ལས། དབྱིན་ཇི་བ་གཅིག་པུའི་ཚོགས་པ་ཞིག་ཡིན་པ་ནམ་ཡང་ངོས་འཛིན་བྱས་མེད། ་་་་་་་་
་་་་་་་་་་ བོད་རང་བཙན་སློབ་ཕྲུག་ཚོགས་པའི་གྲུབ་འབྲས་ཤས་ཆེ་བ་དེ། བོད་རིགས་དང་བོད་རིགས་མ་ཡིན་པའི་སློབ་ཕྲུག་དང་། གཞོན་སྐྱེས་ཚོས་མཉམ་རུབ་ཀྱིས་རྒྱལ་སྤྱིའི་མདངས་བཞུའི་སྒོར་ཐིག་དེ་བོད་ཐོག་ཕབས་ཏེ། རྒྱ་ནག་དང་འཛམ་གླིང་སྲིད་གཞུང་ཁག་གི་སྟེང་དུ་གནོན་ཤུགས་སྤྲད་དེ་སྒྱུ་མ་ལྟ་བུའི་ལས་འགུལ་བསྐྲུན་པ་དེ་དག་ཡིན་པ་ཐེ་ཚོམ་མེད། ་་་་་་་་་་་་་
བསྟན་འཛིན་ལགས་ཀྱི་ཡིག་འགྱུར་ཧ་ཅང་གསལ་པོ་དང་ཀློག་བདེ་པོ་ཞིག་གནང་འདུག་པས་ང་རང་དགའ་ཤོས་ཀྱི་ཚོགས་པ་དེའི་བྱུང་རིམས་གསལ་པོ་ཞིག་ཤེས་སོང་རྩོམ་པ་པོ་དང་འགྱུར་མཁན་གཉིས་ཀར་ལ་ཤིན་ཏུ་ནས་ཐུགས་རྗེ་ཆེ་ཞུ་ ང་རང་ཚོགས་པ་དེར་དགའ་ཤོས་བྱེད་དགོས་པ་ནི་ཚོགས་པ་དེར་ལམ་ཕྱོགས་དང་འབོད་ཚིག་གསལ་པོ་ཞིག་ཡོད་པའི་ཐོག་་སུས་ཀྱང་བེད་སྤྱོད་དང་འགྱུར་སྡོག་གཏང་མ་ཐུབ་པར་བོད་མིའི་རྩ་དོན་ཁོ་ན་འཛིན་ནས་ཕྱག་ལས་གནང་བ་དེ་ཡིན་ མ་འོངས་པར་ཡང་བོད་མིའི་ཚོགས་པ་མང་པོ་ཡོད་པའི་ནང་ནས་རེ་བ་ཆེ་ཤོས་དེ་དེ་ཡིན་།།