སྐྱེས་སར་ཀླུ་སྒྲུབ།
བོད་རིག་པ་ཞེས་པའི་གོ་དོན་འཚོལ་བ།
བོད་རིག་པ་ཞེས་པའི་ཐ་སྙད་དེ། ཡུན་རིང་བོ་ཞིག་ནས་མིག་ལམ་དང་། རྣ་བར་སླེབས་ན་ཡང་། ད་བར་དེར་དོ་སྣང་ཆེན་པོ་བྱེད་མ་མྱོང་། ངའི་སེམས་ངོར་”བོད་རིག་པ་”ཟེར་བའི་བརྡ་ཆད་འདི། ཕྱི་རྒྱལ་པ་བོད་ཀྱི་ཤེས་རིག་ལ་དོ་སྣང་བྱེད་མཁན་འགས་བེད་སྤྱོད་བྱེད་བཞིན་པ་ཞིག་ལས། ཐ་སྙད་དེ་བོད་རང་གི་བརྡ་ཆད་ཅིག་མིན་པར་སེམས། དེར་བརྟེན། ཐ་སྙད་གསར་པ་དེ་བོད་པའི་སྤྱི་ཚོགས་ནང་། ད་དུང་
ཤེས་བརྗོད་འཇུག་གསུམ་ཆ་ཚང་བའི་ཐ་སྙད་ཚད་ལྡན་ཞིག་ཏུ་གྲུབ་ཨེ་ཡོད་སྙམ།
གང་ལྟར། ཕྱི་རྒྱལ་གྱི་བོད་པའི་ཤེས་རིག་སྐོར་ཞིབ་འཇུག་བྱེད་མཁན་ཚོའི་ངོས་འཛིན་ལྟར་ན། བོད་རིག་པ་ནི་ཞིབ་འཇུག་བྱེད་ཡུལ་གྱི་ཆ་ནས་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་ཡོད་ཚད་དང་། ཞིབ་འཇུག་བྱེད་ཐབས་ཀྱི་ཆ་ནས་དངོས་ཡོད་དང་རྒྱུ་མཚན་ཡང་དག་གི་སྒོ་ནས་ཞིབ་འཇུག་བྱེད་པའི་རིག་པ་ཞིག་ལ་ཟེར་བ་ཡིན་འདུག དེ་ལྟར་ན། བོད་རིག་པ་ཟེར་བའི་ཐ་སྙད་འདི་སྒྲ་རིག་པ་ལ་སོགས་པར་སྦྱར་པའི་རིག་པའི་དོན་དང་མཚུངས་པར་གོ་དགོས་པར་བཤད། དེར་བརྟེན་འདིར་འཁྲུལ་སེལ་ཞིག་ཡོད་པ་ནི། བོད་རིག་པ་ཞེས་པའི་སྐབས་ཀྱི་བོད་དང་རིག་པ་གཉིས་ཀ་ཞིབ་འཇུག་བྱེད་ཡུལ་ལས། བོད་དང་རིག་པ་གཉིས་ཡུལ་དང་ཡུལ་ཅན་ལྟ་བུར་གོ་མི་རིགས་པར་བཤད། དེས་ན་ཚན་རིག་གི་ཞིབ་འཇུག་ཐབས་ལམ་བེད་སྤྱོད་ཀྱིས་བོད་ཀྱི་སྣོད་བཅུད་གཉིས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་པར་བོད་རིག་པའི་ཞིབ་འཇུག་ཟེར་བ་འདྲ། གང་ལྟར་བོད་རིག་པ་ཟེར་དུས་བོད་ཀྱི་ཤེས་རིག་ལྟ་བུར་གོ་མི་རུང་བར། བོད་དང་རིག་པ་གཉིས་ངོ་དབྱེར་མེད་དུ་བཞག་ནས་གོ་དགོས་ཞེས་མགོ་སེར་ཚོས་བཀའ་འདུག་ལ། ད་དུང་། ཐུན་མོང་མཐུན་སྣང་གཙོར་བཟུང་ལས། པདྨ་འབྱུང་གནས། ནང་རེ་དགོང་རེ་བོད་ཀྱི་དོན་ལ་ཇི་ལྟར་བྱོན་ཚུལ་དང་།། རྭ་ལོ་ཙཱ་བ་འཕགས་ཡུལ་དུ་ཕེབས་སྐབས་ནམ་མཁའ་ནས་འཕུར་རབས་སོགས་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ན་མེད་རབས་ཀྱི་ས་མཚམས་ཆུ་མཚམས་ཡང་ཡོད་པར་བཤད། གང་ལྟར་ཡང་། ཞིབ་འཇུག་བྱེད་ཡུལ་དང་། ཞིབ་འཇུག་བྱེད་ཐབས། ཞིབ་འཇུག་གི་དགོས་པ་སོགས་ཕྱོགས་ཡོངས་ནས་གོམ་གང་མདུན་སྤོས་ཀྱིས་ཡར་རྒྱས་སུ་གཏོང་རྒྱུའི་དམིགས་ཡུལ་དང་འབྲེལ་ནས་ཡོད་སྟབས། ཐ་སྙད་དེའི་རྒྱབ་མདུན་གྱི་བྱ་གཞག་ཚང་མ་བཀུར་འོས་པ་ཞིག་དང་། ཁ་ཚ་དགོས་གཏུགས་ཤིག་ཡིན་པར་རྩོད་པ་ཅི་ཞིག་ཡོད།
བོད་རིག་པ་ཞེས་པའི་དྲྭ་རྒྱ་གླེང་བ།
ཟླ་ཤས་གོང་འདི་ག་ཧྥ་རན་སིའི་རྒུན་ཆང་གི་ཕ་ས་ཕ་ཡུལ་ལྟ་བུའི་གྲོང་ཁྱེར་བྷོག་དྷོ་ན་གནས་བཞུགས་གནང་བའི་བོད་རིགས་རྩོམ་པ་པོ་དང་། ཞིབ་འཇུག་པ་བཀུར་འོས་སྙན་བཟང་གཡུང་དྲུང་ཚེ་རིང་ལགས་ཀྱིས། ཁོང་དང་མི་གཞན་ཁག་ཅིག་གིས་”བོད་རིག་པ་”ཞེས་པའི་དྲྭ་རྒྱ་གསར་པ་ཞིག་བཟོ་སྐྲུན་བྱེད་མུས་དང་། མི་རིང་བར་ཤར་གཏོང་བྱེད་འདུན་ཡོད་སྐོར་སོགས་ཀྱི་ནང་མའི་བཀའ་མོལ་བྱུང་། དེར་བརྟེན་དེ་སྔོན་ཐག་རིང་ཙམ་ན་གནས་པའི་བོད་རིག་པ་ཞེས་པའི་ཐ་སྙད་དེ། ད་ཆ་ང་དང་འབྲེལ་ཡོད་ཅིག་ཏུ་ཆགས་མགོ་བརྩམས། བོད་རིག་པ་སོགས་ཐ་སྙད་ཅི་ཞིག་བཀོལ་ཡང་། ཡང་སྙིང་བོད་ཀྱི་སྣོད་བཅུད་གཉིས་དང་འབྲེལ་བའི་ཤེས་རིག་དེ་ཉིད། དངོས་ཐོག་བདེན་འཚོལ་གྱིས་ཞིབ་འཇུག་བྱེད་རྒྱུ་དང་། ཞིབ་འཇུག་གི་གྲུབ་དོན་བོད་ཀྱི་ཤེས་རིག་ལ་ཐུགས་སྣང་གནང་མཁན་ཚང་མར་མཉམ་བསྐྱོད་ཆེད་དྲྭ་རྒྱ་འདི་འདྲ་ཞིག་གསར་སྐྲུན་བྱས་པ་ནི་དགའ་འོས་པ་ཞིག་རེད། ང་རང་ལ་ཆ་བཞག་ན་ཡང་། དགའ་ཕྱོགས་ཤིག་གིས་རྒྱ་གར་ནང་གི་ནང་བསྟན་གྱི་འཕེལ་འགྲིབ་དང་འབྲེལ་བའི་ས་གནས་གང་མང་ཞིག་ལ་སྔར་སོང་མྱོང་བ་དང་། མ་འོངས་པར་ས་གནས་མང་དག་ཅིག་ཏུ་སླེབས་རེ་བྱེད་མུས་ཀྱི་སྐབས་སུ། དེ་འབྲེལ་གྱི་ཆེད་རྩོམ་ཐན་ཐུན་རེ་སྤེལ་སའི་ཁོར་ཡུག་གཙང་མ་ཞིག་ཤིན་ཏུ་ནས་ཀྱང་མཁོ་ཆེ་བ་ཙམ་མ་ཟད། དེའི་སྐོར་ལ་བསམ་བློ་ཡང་གཏོང་མྱོང་། དེ་ཙམ་མ་ཟད་དྲྭ་རྒྱ་བཟོ་མཁན་དེ་འདྲར་གླེང་མོལ་སོགས་བྱས་ནས་དོན་ཐོག་ཏུ་མ་སླེབས་གོང་། བཀུར་འོས་སྙན་བཟང་གཡུང་དྲུང་ཚེ་རིང་ལགས་ཀྱིས། ཞིབ་འཇུག་དང་འབྲེལ་བའི་རིག་གཞུང་ཁོ་ནའི་རྩོམ་ཡིག་སྤེལ་སའི་གླེང་སྟེགས་ཤིག་སྐྲུན་བཞིན་པ་ཐོས་པ་དེ་འདོད་ཐོག་ལ་རྟ་རྒྱུག་པ་ཇི་བཞིན་བྱུང་། དེས་ན་ད་ཆ་ང་རང་ཉིད་ལ་རང་གིས་ཤེས་ཚོད་ཀྱིས་རྩོམ་ཐུང་རེ་འབྲི་ཐུབ་ན། འགྲེམ་སྤེལ་བྱེད་སའི་དྲྭ་རྒྱ་སྤུས་ལེགས་ཤིག་འཁྲུངས་ནས་ཡོད་པ་འདི། གཏམ་བཟང་ཞིག་ཅིས་མ་ཡིན། བཙན་བྱོལ་སྤྱི་ཚོགས་ནང་། ཚགས་པར་དང་། དུས་དེབ་སོགས་མེད་པ་ནས་ཡོད་པར་གྱུར་ཞིང་། ཡང་། ཡོད་པ་ནས་ཡལ་བར་གྱུར་ཏེ། ད་ཆ་བཙན་བྱོལ་སྤྱི་ཚོགས་ཀྱི་དུས་དེབ་མང་དག་ཅིག་ཨ་རིག་གླེན་པ་མིང་དང་མཉམ་དུ་ཆུས་ཁྱེར་སོང་ཟེར་བའི་དཔེ་ལྟར། ཚགས་པར་དང་དྲྭ་རྒྱ་མང་དག་ཅིག་དོ་བདག་དང་ལྷན་བཞུད་ཟིན་པས། ད་ཆ་རྩོམ་ཡིག་ཅིག་སྤེལ་དགོས་ཀྱང་རྩོམ་ཡིག་དེ་དང་འོས་འཚམས་ཀྱི་འགྲེམ་སྤེལ་བྱེད་ས་ཞིག་མེད་པར་མཐོང་།
བོད་རིག་པ་དང་། ཁ་བརྡ།
བཙན་བྱོལ་སྤྱི་ཚོགས་ན་ཡོད་པའི་བོད་རིགས་ཤེས་ཡོན་པ་ཚོས་བོད་ཡིག་ནང་རྩོམ་རེ་སྤེལ་ཚེ། ཐུན་མོང་གི་གླེང་སྟེགས་ལྟ་བུ་ཞིག་ཡོད་པ་དེ་ཁ་བརྡ་དྲྭ་རྒྱ་རེད། ཁ་བརྡ་ནི་ལྟོས་འཇོག་གིས་བཤད་ན་གུ་ཡངས་དང་། རང་དབང་ཆེ་ཙམ་པ་ཞིག་རེད། ཡིན་ན་ཡང་། ཁ་བརྡ་ནི་ཡོད་ཚད་ལ་དབང་བའི་གཞུང་ལམ་ལྟ་བུ་ཞིག་ཏུ་གྱུར་ཏེ། དེའི་སྟེང་ཁོང་རྣམ་པའི་གཞི་རྩའི་རྒྱ་རིམ་པ་ཁག་ལ་གུས་བརྩི་བྱས་ཚེ། སྙན་ངག་ཐན་ཐུན་སོགས་མི་སྤེལ་རྒྱུ་ཞིག་མེད་ཚོད་ལྟ་བུ་རེད། དེས་ན་དེའང་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཞིག་གི་ཁོར་ཡུག་ཁམས་གཙང་ཞིག་མིན་སྟབས། དེའི་སྟོང་ཆ་དེ། བོད་རིག་པ་དྲྭ་རྒྱས་ཁ་གསབ་བྱས་པ་ལྟ་བུ་རེད། ཡང་གཅིག་བྱས་ན། དེ་སྔོན་བཙན་པོ་དྲྭ་བ་ཟེར་བ་ཞིག་ཡོད་པ་དེ་བོད་ཕྱི་ནང་གཉིས་ཀར་བཞུགས་པའི་བོད་རིགས་རྩོམ་པ་པོ་ཚོས་རྩོམ་སྤེལ་ས་ཞིག་ཡིན་པ་དེ། ཉེ་ཆར་རྒྱ་གཞུང་གིས་བཀག་འགོག་བྱས་རྗེས་སུ། བོད་རིག་པ་འདི་སྐུ་འཁྲུངས་པ་ཡང་། དུས་དང་མཐུན་པའི་དྲྭ་རྒྱའི་ཡང་སྲིད་ཅིག་ཏུ་ངོས་འཛིན་ཞུ་འོས་པར་མཐོང་། གང་ལྟར་ཁ་བརྡ་དྲྭ་བས་ལོ་དུས་ངེས་ཅན་ཞིག་གི་རིང་། བཙན་བྱོལ་སྤྱི་ཚོགས་ཀྱི་ཤེས་ཡོན་ཅན་མང་དག་ཅིག་ལ་རིང་ཐུང་དང་། སྤུས་ཀ བརྗོད་དོན་སོགས་མི་འདྲ་བའི་རྩོམ་ཡིག་ཇི་སྙེད་ཅིག་སྤེལ་བའི་ཞབས་འདེགས་ཞུས་པར་བཀའ་དྲིན་ཆེ་ཞུ་འདོད་བྱུང་ལ། ད་ཆ་ཞིབ་འཇུག་གི་རྩོམ་ཡིག་ཆེད་དུ་སྤེལ་སའི་བོད་རིག་པ་གསར་དུ་སྐུ་འཁྲུངས་པར་དགའ་སྤྲོ་དང་བཅས་འཚམས་འདྲི་དང་། བཀྲ་ཤིས་པར་གྱུར་ཅིག་ཞུ་འདོད་བྱུང་།