ཨེ་མ་ཧོ།
ན་མོ་གུ་རུ་བིརྱ་དྷྰ་ར་ཨེ་མ་ཧོ།
ཀ་དག་རིག་པའི་གཏེར་མཛོད་རྫོགས་པ་ཆེན་པོ། །
ཁ་སྦྱོར་བདེ་བའི་ཏིང་འཛིན་ཕྱག་རྒྱ་ཆེན་པོ། །
ག་ཆད་སྟོང་པའི་སྤྲོས་བྲལ་དབུ་མ་ཆེན་པོ། །
ང་ཚོར་དགོས་པའི་ལྟ་སྒོམ་སྤྱོད་འབྲས་ཆེན་པོ། །
ཅ་ག་དག་པོའི་སོར་བྱང་སྔགས་སྡོམ་ཆེན་པོ། །
ཆ་རྐྱེན་འཇིག་རྟེན་སྒྲུབ་པའི་བཟོ་རྩལ་ཆེན་པོ། །
ཇ་སྨན་དུག་རིག་ཀུན་འཇོམས་གསོ་བྱེད་ཆེན་པོ། །
ཉ་གང་ཟླ་བཞིན་ཤེས་པའི་བརྡ་སྤྲོད་ཆེན་པོ། །
ཏ་ཐྰ་ག་ཏྰའི་བསྟན་པའི་ཚད་རིགས་ཆེན་པོ། །
ཐ་སྙེད་ཤེས་བྱའི་རྣམ་གྲངས་མངོན་བརྗོད་ཆེན་པོ། །
ད་འདས་མ་འོངས་མཁྱེན་པའི་རྩིས་རིག་ཆེན་པོ། །
ན་དའི་དབྱངས་གསལ་འཇལ་བའི་སྡེབ་སྦྱོར་ཆེན་པོ། །
པ་མེས་ཡང་མེས་བརྒྱུད་པའི་ཟློས་གར་ཆེན་པོ། །
ཕ་མས་བུ་ལ་གནང་བའི་སྙན་ངག་ཆེན་པོ། །
བ་གླང་ཕྱུགས་ལས་ལྷག་པའི་རྣམ་དཔྱོད་ཆེན་པོ། །
མ་སྨད་བསོད་ནམས་ལས་གྲུབ་དབང་ཕྱུག་ཆེན་པོ། །
ཙ་རི་སྦས་ཡུལ་ལ་སོགས་གནས་མཆོག་ཆེན་པོ། །
ཚ་གྲང་དུས་བཞི་ངོམས་པའི་ཞིང་ཁམས་ཆེན་པོ། །
ཛ་ཡའི་བསྟན་པའི་གདན་ས་དག་པ་ཆེན་པོ། །
ཝ་ལེར་འཛམ་གླིང་ཁྱབ་པའི་མཉམ་པ་ཆེན་པོ། །
ཞ་ལོང་ཉམས་ཐག་སྐྱོང་པའི་སྙིང་རྗེ་ཆེན་པོ། །
ཟ་མ་ཏོག་གི་བུམ་བཟང་ཤེས་རབ་ཆེན་པོ། །
འ་ཅག་ཡོངས་ལ་དབང་བའི་བཀའ་བསྟན་ཆེན་པོ། །
ཡ་རབས་དྲང་བདེན་མཛད་པའི་སེམས་དཔའ་ཆེན་པོ། །
ར་བ་འཁོར་ཡུག་མཛེས་པའི་གངས་རི་ཆེན་པོ། །
ལ་རྒྱའི་རྒྱབ་ཁབ་ཡོད་པའི་ལོ་རྒྱུས་ཆེན་པོ། །
ཤ་ཁྲག་རུས་རྒྱུན་ཟབ་པའི་བོད་རིགས་ཆེན་པོ། །
ས་སྟེང་འགྲོ་བའི་དེད་དཔོན་བླ་མ་ཆེན་པོ། །
ཧ་ཅང་སྙིགས་མའི་དུས་ཀྱི་ཆོས་པ་ཆེན་པོ། །
ཨ་ཧོ་ཆེ་བའི་ཆེ་མཆོག་ཤེས་རིག་བུམ་བཟང་། །
འཛམ་གླིང་འཛིན་མའི་རྒྱན་ལ་རྟག་ཏུ་འཚོ་ན། །
ཞི་བདེའི་རང་དབང་འབྱུང་བར་དངོས་པོའི་ཆོས་ཉིད། །
ཅེས་པ་འདི་ཡང་རབ་རྒྱན་སྨིན་དྲུག་ཟླ་བའི་ཀུ་མུད་གཉེན་གྱིས་ཉ་ཡོངས་སུ་གང་བའི་ཉིན་ལ་ལྷ་སའི་ལྷག་པ་སྒྲོན་མ་དང་སུརྱ་མུ་ཏྲི་འམ་ཡོ་གླིང་པ་ཞིག་གིས་ཡང་ཡང་བསྐུལ་བས་རང་ཡུལ་གངས་ཅན་རིག་པའི་ལེགས་བཤད་ཀྱི་བུམ་བཟང་ལ་འཇུག་པ་ཡངས་པའི་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་འམ་རིག་འཛིན་ཨེ་མ་ཧོས་གང་ཤར་བཅོས་བསྒྱུར་མེད་པར་ཨེ་ཝཾ་ཕྱག་རྒྱ་ཆེན་པོའི་རི་ཁྲོད ་ནས་གླུ་རུ་བླངས་པར་དགེའོ། །
སྙིང་རྗེ་ཀ་རྩོམ་ཆག་ཐོ་ཞིག ཀློག་རན་མི་འདུག་ལོ།
ཨེ་མ་ཧོ། །
ཀ་ཁའི་ལེགས་བཤད་རྩོམ་རྩལ་ཕུལ་ཏུ་བྱུང་། །
ཁ་བའི་ལ་རྒྱ་འཛིན་མཁས་རྨད་དུ་བྱུང་། །
ག་དུས་ཡིན་ཀྱང་བཤད་སྒྲུབ་ཕྲིན་ལས་ཅན། །
ང་ནི་བླ་མ་ཁྱེད་ལ་དུང་ནས་ཡོད། །
ཅ་ཅོའི་ཅོལ་ཆུང་དགའ་བའི་འབྲི་གཡག་ལུགས། །
ཆ་མེད་ཆོས་མེད་སྨྲ་བའི་དྲ་རྐུན་རིགས། །
ཇ་ལན་ཆུ་ཡིས་འཇལ་བའི་གྲོགས་ངན་དག །
ཉ་བ་ཤན་པ་ལས་ཀྱང་ཐ་ཆད་རེད། །
ཏྰ་ལའི་བླ་མ་བཀའ་དྲིན་ཆེ་ན་ཡང་། །
ཐ་མལ་འདི་ཚོར་ཕན་པའི་དུས་ཀྱིས་དབེན། །
ད་ལྟའི་དུས་རབས་གསར་བའི་ཀླད་སྟོང་གི། །
ན་གཞོན་འདི་ཚོ་མཐོང་ཚེ་སྙིང་ནས་སྐྱོ། །