སྐད་གྲགས་ཆེ་བའི་བོད་རིག་པའི་མཁས་དབང་དང་ལོ་ཙཱ་བ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་ཟུར་པ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ལོངས་སྤྱོད་པའི་ཆེད་མཁས་རྒན་སངས་རྒྱས་ལགས་ནད་གཞི་བྱུང་སྟེ་བཅོས་ཐབས་མ་བྱུང་བར་བརྟེན། 2023ལོའི་ཟླ2ཚེས26ཉིན་གྱི་དགོང་མོའི་དུས་ཚོད23དང་སྐར་མ38སྟེང་མདོ་སྨད་རེབ་གོང་ནས་སྐུ་ཚེའི་འཕེན་པ་རྫོགས། དགུང་ལོ་དོན་གཅིག་ཡིན།
སངས་རྒྱས་ལགས་ནི་མཚོ་སྔོན་ཞིང་ཆེན་ཐུན་རིན་གྲོང་ཁྱེར་དུ་འཁྲུངས་ཤིང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ལོངས་སྤྱོད་པའི་
ཆེད་མཁས་བཅས་ཡིན་ལ། དེ་སྔ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོའི་གོ་གནས་བཞེས་ཤིང་། 《མཚོ་སྔོན་མི་རིགས་སློབ་ཆེན་རིག་གཞུང་དུས་དེབ》བོད་ཡིག་མའི་གཙོ་སྒྲིག་པའི་འགན་ཡང་བཞེས། སྔ་ཕྱིར་མཚོ་སྔོན་ཞིང་ཆེན་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་དང་མཚོ་སྔོན་ཞིང་ཆེན་སྤྱི་པའི་སློབ་གྲྭ་སོགས་འགྲིམས་ཤིང་། 1975ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་ཡིག་ཆེད་ལས་ནས་དངོས་གཞི་སློབ་མཐར་ཕྱིན་རྗེས་དེ་གར་དགེ་རྒན་བྱས། 1981ལོར་སློབ་གྲྭ་དེ་གར་བོད་ཀྱི་གནའ་རབས་རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་མཐར་ཕྱིན་དམ་བཅའ་བཞག་ཅིང་། མཚོ་སྔོན་ཞིང་ཆེན་གྱིས་སྐྱེད་སྲིང་བྱས་པའི་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ་རབས་དང་པོའི་སྐོར་དུ་ཚུད། 1986ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སྡེ་ཁག་གི་ཀྲུའུ་རིན་གྱི་འགན་བཞེས། 1986ལོ་ནས་བཟུང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་གདན་ཞུ་བྱས་པ་ལྟར། རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་བསླབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་མི་དང་། རྒྱལ་ཡོངས་བོད་སྐད་བརྡ་ཆད་གསར་པ་ལོ་ཙཱ་ཞིབ་བཤེར་གཏན་འབེབ་བྱེད་པའི་ཆེད་མཁས། བོད་རྒྱ་རིག་ཚན་གསར་པའི་བརྡ་ཆད་གཏན་འབེབ་ཀྱི་དབུ་བཞུགས་ཆེད་མཁས་བཅས་ཀྱི་འགན་བཞེས་ཏེ་ལོ་རྒྱུས་དང་ས་ཁམས། གྲངས་རིག དངོས་ལུགས། རྫས་འགྱུར། རྩིས་འཁོར། ཁྲིམས་ལུགས་སོགས་རིག་ཚན་མི་འདྲ་བའི་ཁྱབ་ཁོངས་ཀྱི་ཆེད་ལས་བརྡ་ཆད་འབུམ་བརྒྱད་ཡས་མས་ཙམ་ལོ་ཙཱ་གཏན་འབེབ་གནང་ཞིང་། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ལས་གཞི་ཉི་ཤུ་ལྷག་གཙོ་སྐྱོང་གིས། བྱ་དགའ་སྣ་ཚོགས་བཅུ་ཕྲག་ལྷག་གི་བདག་རྐྱེན་བཞེས། 2001 ལོར་ཞིང་ཆེན་རིམ་པའི་གནད་ཆེའི་ལས་གཞི་སྟེ《དེང་རབས་རྒྱ་ཡིག་ཚིག་མཛོད》(པར་ཐེངས་དྲུག་པ།)ཀྱི་རྒྱ་བོད་ལོ་ཙཱའི་དབུ་བཞུགས་ཆེད་མཁས་པའི་འགན་བཞེས་ཏེ་ལེགས་འགྲུབ་པར་སྐྲུན་གནང་ཡོད། 2022ལོར་རྒྱལ་ཁབ་ལོ་ཙཱ་པའི་མཐུན་ཚོགས་ཀྱིས“བསླབ་པ་ཟབ་པའི་ལོ་ཙཱ་པ”ཞེས་པའི་མཚན་སྙན་གནང་། 1991ལོ་ནས2001ལོའི་བར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པའི་འགན་བཞེས་ཤིང་། བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་དང《གངས་རྒྱན་ན་ཆུང་ཚགས་པར》གྱི་གཙོ་སྒྲིག་པ། 《སྦྲང་ཆར 》གྱི་གཙོ་སྒྲིག་པ་སོགས་ཀྱི་འགན་ཡང་ཞར་ལ་བཞེས་ཏེ《ཨ་མདོའི་དམངས་ཁྲོད་རྩོམ་རིག》དང《རྗེ་ཙོང་ཁ་པའི་གསུང་འབུམ》 《རྗེ་ཤར་གདོང་རིན་པོ་ཆེའི་གསུང་འབུམ》 《དམུ་དགེ་བསམ་གཏན་ཚང་གི་གསུང་འབུམ》 《བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ》 《བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ》སོགས་བོད་ཡིག་དཔེ་དེབ་དང་དུས་དེབ་སྟོག་ཕྲག་ལྷག་ཅིག་པར་སྐྲུན་གནང་བ་ལ། “རྒྱལ་ཡོངས་དཔེ་སྐྲུན་ལས་མཛད་ཕུལ་བྱུང་པ་བརྒྱ”ཞེས་པའི་ཆེས་མཐོའི་མཚན་སྙན་ཐོབ།
སྐུ་ཞབས་སངས་རྒྱས་ལགས་ཀྱིས་མི་ཚེ་གང་བོ་བོད་ཀྱི་ཚིག་རྒྱན་རིག་པ་དང་ཡིག་ཚང་དག་སྒྲིག རིག་གཞུང་ཞིབ་འཇུག་བཅས་ཀྱི་ལས་ཀར་བསྟིམས་ཡོད་ཅིང་། བོད་ཀྱི་རྩོམ་རིག་དང་ལོ་རྒྱུས་ཡིག་ཚང་། རིག་གནས། ལོ་ཙཱ་སོགས་ཀྱི་ཐད་ནས་གྲུབ་འབྲས་འབུར་དུ་ཐོན་པ་བླངས་ཏེ་ཆེད་དེབ་བཅུ་ཕྲག་ལྷག་པར་དུ་བསྐྲུན་པ་དང་དཔྱད་རྩོམ་ལྔ་བཅུ་ལྷག་སྤེལ། དེ་བཞིན་སློབ་གསོའི་ལས་དོན་ལའང་ཤ་ཐང་དུ་འབད་པར་བརྟེན་ཁོང་གིས་སྐྱེད་སྲིང་བྱས་པའི་སློབ་མ་རྒྱལ་ཁབ་ཕྱི་ནང་ཀུན་དུ་ཁྱབ། འཐུས་ཚབ་བརྩམས་ཆོས་ལ《དེང་རབས་རྒྱ་ཡིག་ཚིག་མཛོད》དང《ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག》 《སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ་མུན་སེལ་སྒྲོན་མེ》 《མཛངས་བླུན་ཞེས་བྱ་བའི་མདོ་བསྒྱུར་ཅིང་ཞུས་མཆན་བཏབ་པ》 《བོད་ཀྱི་གནའ་རབས་རྩོམ་རིག་གི་ལོ་རྒྱུས་མདོར་བསྡུས》《ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་སྤྱིའི་དཀར་ཆག་གནད་བསྡུས་ལས་བོད་རིགས་བམ་པོའི་ཟི་ལིང་གི་སྐོར》 《དུས་རབས་བཅུ་དགུ་པའི་དབྱིན་ཇིའི་རང་མོས་རིང་ལུགས》 《རྒྱའི་ཡིག་གསུམ་མདོ》 《ང་མཚོ་སྔོན་ལ་དགའ》 《གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྙན་ཚིག་འདྲ་བཤུས》སོགས་མཆིས། སྐུ་ཞབས་སངས་རྒྱས་ལགས་མཐོ་སྒང་ལ་དུངས་ཤིང་སློབ་གསོའི་ལས་དོན་ལ་མོས་པར་མ་ཟད། རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་འཕེལ་རྒྱས་ལ་བྱས་རྗེས་ཆེ་ཞིང་། རྒྱ་བོད་རིག་གནས་བརྗེ་རེས་དང་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལའང་སྐུ་ཚེ་མཐའ་མ་ཟིན་གྱི་བར་དུ་མཛད་འཕྲིན་བསྐྱངས། སྐུ་ཞབས་སངས་རྒྱས་ལགས་སྐུ་གཤེགས་པ་ནི་རིག་གནས་པའི་སྡེའི་གྱོང་གུད་ཆེན་པོ་ཞིག་ཡིན་ཏེ། ཁོང་གིས་ཚེ་གང་བློ་ཐག་རྦད་ཆོད་ཀྱིས་རང་འགན་དང་དུ་བླངས་ཤིང་གཟབ་ནན་ཞིབ་ཚགས་ཀྱིས་རིག་གཞུང་ཞིབ་འཇུག་མཛད་ལ། གྲགས་སྐམ་རིང་དུ་དོར་ཏེ་སློབ་གསོའི་ལས་དོན་སྒྲུབ་པས། ཀུན་གྱི་གུས་བཀུར་ཐོབ་ཅིང་། མི་རབས་རྗེས་མ་དག་ལ་རིག་གཞུང་གི་སྐྱེས་དང་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་བསྐྱུར་ཡོད་དོ། །