རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་དྲ་དེབ་”མཐོང་མི་ཐུབ་པའི་བོད་”ཅེས་པར་དེ་རིང་གསར་འགྱུར་དུ་སྤེལ་བ་ལྟར་ན། (དྲ་དེབ་ཀྱི་གསར་འགྱུར་འདི་ནས་གཟིགས།http://woeser.middle-way.net/2014/07/elliot-sperling.html )བོད་རིག་པའི་མཁས་པ་གྲགས་ཅན་ཨེ་ལིའོ་སྤེར་ལིང་ལགས་(Elliot Sperling)ཁ་སང་ཕྱི་ཟླ་༧ ཚེས་༥ ཉིན་པེ་ཅིང་གི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་མ་ཐག་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་འདྲི་གཅོད་བཀག་ཉར་བྱས་རྗེས་རྒྱ་ནག་ཏུ་འཛུལ་རྒྱུ་བཀག་འགོག་དང་ཐོངས་མཆན་བརྩིས་མེད་བྱས་ཏེ་ཨ་མི་རི་ཀར་ཕྱིར་སློག་བྱས་ཡོད་པ་དང་། ད་ལྟ་ཨ་མི་རི་ཀའི་ནིའུ་ཡོག་གྲོང་ཁྱེར་ལ་ཕྱིར་འབྱོར་ཡོད་འདུག
པེ་ཅིང་གི་གནམ་ཐང་དུ་བཀག་ཉར་འདྲི་གཅོད་བྱས་རིང་ཁ་པར་སོགས་བེད་སྤྱོད་བྱེད་དུ་བཅུག་མེད་པ་མ་ཟད། ཅིའི་ཕྱིར་བཀག་འགོག་དང་ཐོངས་མཆན་བརྩིས་མེད་བྱས་པའི་རྒྱུ་མཚན་ཡང་འགྲེལ་བརྗོད་བྱས་ཡོད་མི་འདུག དགེ་རྒན་ཆེན་མོ་ཁོང་གིས་ཚོད་དཔག་བྱས་པ་ལྟར་ན། ཐེངས་འདིར་ཕྱིར་སློག་བྱས་པའི་རྒྱུ་མཚན་ནི་ཁོང་གིས་བོད་རིག་པའི་ཞིབ་འཇུག་བྱས་པ་དང་བོད་རྒྱའི་འབྲེལ་བའི་སྐོར་ལ་རྩོམ་ཡིག་སྤེལ་བ་སོགས་ལ་འབྲེལ་བ་མེད་མོད། ཁོང་ནི་ཡུ་གུར་བའི་དགེ་རྒན་ཆེན་མོ་ཨི་ལཱམ་ཐོའ་ཐི་(Ilham Tohti)དང་འབྲེལ་བ་ཡོད་པའི་དྭོགས་པའི་དབང་གིས་ཡིན་ཚུལ་བརྗོད་འདུག ཡུ་གུར་བའི་དགེ་རྒན་ཆེན་མོ་འདི་ནི་ཁ་བྲལ་བའི་ནག་ཉེས་འོག་བཙོན་འཇུག་བྱས་ཡོད་པ་རེད།
དགེ་རྒན་ཆེན་མོ་སྤེར་ལིང་ནི་ཨིན་ཌི་ཡ་ནཱ་སློབ་གྲྭ་ཆེན་མོའི་བོད་རིག་པའི་དགེ་རྒན་ཡིན་པ་རེད། ཁོང་གིས་འགྲེལ་བརྗོད་གནང་དོན་ལྟར་ན། པེ་ཅིང་གནམ་ཐང་དུ་འབྱོར་རྗེས་འགག་སྒོ་དང་པོ་དེ་ལག་འཁྱེར་བརྟག་དཔྱད་བྱེད་མཁན་ཡིན་པ་དང་། དེ་དག་གིས་ཁོང་གི་ལག་འཁྱེར་ལ་བརྟགས་རྗེས་ཟུར་འགུག་གིས་ཁང་ཆུང་ཞིག་ཏུ་འཁྲིད་དེ་ལས་སྣེ་གང་ཡིན་སོགས་འདྲི་བརྩད་བྱས་པ་དང་། ཁོང་གིས་དགེ་རྒན་གནང་སའི་སློབ་གྲྭ་ཆེན་མོ་དེ་ཨིན་ཌི་ཡཱ་ནཱ་སློབ་གྲྭ་ཆེན་མོ་ཡིན་མིན་སོགས་འདྲི་ཞིབ་བྱས་རྗེས་ལག་འཁྱེར་ཕྱིར་སྤྲད་ཡོད་ཅིང་། སྐབས་དེར་ལག་འཁྱེར་ཐོག་གི་ཐོངས་མཆན་སྟེང་བསྒྱུར་རྟགས་ནག་པོ་བཀོད་དེ་བརྩིས་མེད་བྱས་པའི་བརྡ་ཐོ་བཀོད་པ་དང་། དེའི་མཉམ་དུ་ཕྱིར་ལོག་པའི་གནམ་གྲུའི་འཛིན་བྱང་བཅས་སྤྲད་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
འདི་སྐོར་གྱི་གནས་ཚུལ་ཞིབ་གསལ་འོད་ཟེར་ལགས་ཀྱི་དྲ་དེབ་འདི་ནས་གཟིགས་འཚལ།
(http://woeser.middle-way.net/2014/07/elliot-sperling.html )
ཨ་རི་བས་བོད་པ་རྣམས་ལ་རྒྱ་ནག་ནང་ཁྲིམས་མཐུན་འགན་ལེན་ལ་བརྩི་བཀུར་བྱས་ཏེ་བོད་མི་རྣམས་འཚོ་བ་ཡག་པོ་རོལ་དགོས་ཟེར་གྱི་འདུག་ག ད་རྒྱ་ནག་གི་ཁྲིམས་མཐུན་དབང་ཆ་ལ་བརྩི་བཀུར་བྱས་ནས་ཡག་པོ་སྡོད་ཅིག ཧ་ཧ་ཧ་
རྒྱ་ནག་གིས་རྐང་བཙུགས་ནས། ཁོང་ལ་གནམ་གྲུའི་པ་སེ་ཉོ་བཅུག དེ་ནས་རྒྱ་ནག་བར་ལ་ཆུ་ཚོད་༡༤ལྷག་འགྲུལ་སྐྱོད་བྱེད་བཅུག དེ་ནས་ཕྱི་ལ་ལོག་བཏང་པ་རེད། དངུལ་དང་དུས་ཚོད་ཚང་མ་དོན་མེད་འཕྲོ་བརླག་བཏང་བཅུག རབ་བྱུང་ན། མཁས་དབང་མཆོག་ནས་རྒྱ་གཞུང་ཁྲིམས་ལ་གཏུགས་དགོས། དུས་ཚོད་དང་སྒོར་མོ་ཕྱིར་སློག་བྱེད་བཅུག་དགོས། དེ་ལྟར་བྱུང་ན། མ་འོངས་པ་ན་གཞན་ལ་འདི་ལྟར་བརྙས་བཅོས་བྱེད་མི་ཐུབ།