ཕ་ཡུལ།
ཚིག སྨན་བླ་སྐྱབས།
དབྱངས། སྒྲོལ་མ་སྐྱབས།
ལེན་མཁན། སྒྲོལ་མ་སྐྱབས།
སྲིད་པའི་གངས་རི།
ས་ཆེན་མཁའ་ལ་འཕགས་པའི་གཤོག་པ།
སུ་ཡི་རྨི་ལམ་གང་ལ་འཁྱེར་སོང་།
ག་རེ་ལུས་སོང་།
སུ་ཡི་ལྷམ་ཆུང་རླུང་གིས་ཟད་སོང་།
རང་ཡུལ་དྲན་སོང་།
ཨོ་་ ཧོ། གངས་རི།
སྐྱེས་དུས་མིག་ལ་ཐོགས་པའི་གངས་རི།
རྒས་དུས་ཞེ་ལ་ཐོགས་པའི་གངས་རི།
ཨོ་ ཧོ་། ཕ་ཡུལ།
ས་མཐའི་ཁ་བ་ཆར་དུ་གྱུར་སོང་།
ཆར་ཆུ་མིག་ལ་འཁྱིལ་སོང་།
ཕ་མ་སྤུན་མཆེད་སྙིང་ནས་དྲན་བྱུང་།
ཨོ་ ཧོ། ཡུལ་ལ་ལོག་ན་བསམ་བྱུང་།
གངས་ཆབ་སྔོན་མོ།
བརྩེ་ཆེན་ས་ལ་བཀྲམས་པའི་ཉིང་ཁུ།
སུ་ཡི་སྨོན་འདུན་གང་ལ་འཁྱེར་སོང་།
ག་རེ་ལུས་སོང་།
སུ་ཡི་ཞེ་རྩ་འཁྱགས་པས་བསྡམས་སོང་།
མགྲིན་པ་བརྣངས་སོང་།
ཨོ་ ཧོ། གངས་ཆུ།
སྐྱེས་དུས་ཁ་ལ་བཏུངས་བའི་གངས་ཆུ།
རྒས་དུས་ཡིད་ལ་འཁོར་བའི་གངས་ཆུ།
ཨོ་ཧོ། ཕ་ཡུལ། ཕ་ཡུལ།
ས་མཐའི་ཁ་བ་ཆར་དུ་གྱུར་སོང་།
ཆར་ཆུ་མིག་ལ་འཁྱིལ་སོང་།
ཕ་མ་སྤུན་མཆེད་སྙིང་ནས་དྲན་བྱུང་།
ཡུལ་ལ་ལོག་ན་བསམ་བྱུང་།
ཨོ་ ཕ་ཡུལ།
ས་མཐའི་ཁ་བ་ཆར་དུ་གྱུར་སོང་།
ཆར་ཆུ་མིག་ལ་འཁྱིལ་སོང་།
ཕ་མ་སྤུན་མཆེད་སྙིང་ནས་དྲན་བྱུང་།
ཡུལ་ལ་ལོག་ན་བསམ་བྱུང་།
http://www.youtube.com/watch?v=IqQI67MfnWs&feature=related
རྩམ་པ།
ཚིག ཅོ་ནེ་ཡུམ་ཚེ་རིང་།
དབྱངས། སྒྲོལ་མ་སྐྱབས།
ལེན་མཁན། སྒྲོལ་མ་སྐྱབས།
ཡར་ྐླུང་ནས་འཁྲུངས་བའི་ནས་འབྲུ་རྡོག་གཅིག
གཏམ་རྒྱུད་ཅིག་གི་ཤ་རུས་ལ་ཟུག་པས།
སྦྲང་དཀར་རྩམ་པས་གསོས་བའི་མི་རིགས་ཤིག
མཁའ་མཐའ་ན་ཉི་ཟེར་བཞིན་དུ་འཕྱོ།
མགོ་ནག་བོད་པ། མགོ་ནག་བོད་པ།
གངས་དང་འདྲ་བའི་སྦྲང་དཀར་རྩམ་པ།
འབྲི་མར་སེར་པོའི་བཅུད་དང་འགྲོགས་མྱོང་ལ།
ཆུ་འཁྱགས་སྔོན་མོས་གྲོགས་ཀྱང་གནངས་མྱོང་བས།
ཞིམ་མངར་གྱི་རྩམ་དྲི།
བདག་གི་ཚེ་སྲོག་གི་གཞི་རྟེན་དུ་གྱུར།
ཨོ་ཧོ། ཨོ་ཧོ། ཨོ་ཧོ།
ཞིམ་མངར་གྱི་རྩམ་དྲི།
བདག་གི་ཚེ་སྲོག་གི་གཞི་རྟེན་དུ་གྱུར།
བྱང་ཐང་ནས་བོར་བའི་རྩམ་ཁུག་རལ་བོ།
ཁ་ཆར་དང་བུ་ཡུག་གིས་འགེམས་ཀྱང་།
མི་རིགས་ཤིག་གི་སྐྱིད་སྡུག་ལོ་ཟླ།
ཨ་མས་ནས་འབྲུ་བཞིན་དུ་བརྔོ་།
མགོ་ནག་བོད་པ། མགོ་ནག་བོད་པ།
གངས་དང་འདྲ་བའི་སྦྲང་དཀར་རྩམ་པ།
འབྲི་མར་སེར་པོའི་བཅུད་དང་འགྲོགས་མྱོང།
ཆུ་འཁྱགས་སྔོན་མོའི་གྲོགས་ཀྱང་གནངས་མྱོང་བས།
ཞིམ་མངར་གྱི་རྩམ་དྲི།
བདག་གི་ཚེ་སྲོག་གི་གཞི་རྟེན་དུ་གྱུར།
ཨོ་ ཧོ། ཨོ་ ཧོ།
ཞིམ་མངར་གྱི་རྩམ་དྲི།
བདག་གི་ཚེ་སྲོག་གི་གཞི་རྟེན་དུ་གྱུར།
ཨོ་་ ཧོ། ཨོ་ ཧོ།
ཞིམ་མངར་གྱི་རྩམ་དྲི།
བདག་གི་ཚེ་སྲོག་གི་གཞི་རྟེན་དུ་གྱུར།
http://www.youtube.com/watch?v=KEzWS_iuPXU&feature=related
རྩམ་པ་ཟ་མཁན་ཇེ་ཉུང་ཇེ་ཉུང་རེད། རྩམ་དྲི་དྲོ་མཁན་དེ་ལས་ཇེ་ཉུང་རེད། རྩམ་གཟན་བོད་ཀྱི་མིང་ཚིགས་མཛེས་ན་ཡང་་་་
གླུ་ཚིག་ནི་ཡིན་མདོག་ཁ་བོ་ཞིག་བྲིས་འདུག ཅོ་ནེ་ཡུམ་ཚེ་རིང་རང་གིས་རྩམ་པ་ཟའམ།
དེང་སང་མི་རིགས་དང་འབྲེལ་བའི་བྱ་དངོས་གང་ཞིག་རང་ལ་མི་མཁོ་ན་ཡང་དེ་ལ་ཞེན་སེམས་བརྗོད་པ་འདི་ཡང་དར་སོ་ཞིག་ཡིན་པའི་ཚོར་སྣང་སྟེར།
ད་ལོའི་ཕྱི་ཟླ་གཉིས་པའི་ནང་ལ། ངེད་ཀྱིས་བོད་ཕྱི་ནང་གི་གླུ་གཞས་གཏོང་མཁན་དང་གླུ་གཞས་རྩོམ་མཁན། དབྱངས་རྩོམ་མཁན་དང་སྒྲིག་སྦྱོར་བྱེད་མཁན་སོགས་ཀྱི་སྐོར་ལ་ཞིབ་འཇུག་ཆུང་ཆུང་ཞིག་བྱེད་རྒྱུའི་འགོ་བསླངས་པ་ཡིན། འོན་ཀྱང་། ངེད་ཀྱི་ལས་ཀ་དེ་བདུན་ཕྲག་གཅིག་ནང་ཚུན་ལ་མཚམས་འཇོག་དགོས་ཐུག་སོང་། རྒྱུ་མཚན།
བོད་ནང་ལ་མཚོན་ན། ཉིན་རེར་གླུ་གཞས་གསར་བ་བཅུ་གྲངས་རེ་ཐོན་གྱི་འདུག་ལབ་ན་ཡང་རྫུན་དུ་མི་འགྲོ་བའི་ཚད་ལ་སླེབས་འདུག གླུ་གཞས་རྣམས་ཀྱང་དྲ་ཐོག་ན་ཡོད་པ་དང་མེད་པ་གཉིས་ཀ་འདུག་ལ་འཁོར་ཐག་ཏུ་ཡང་ཡོད་མེད་གཉིས་ཀ་རེད།
དེར་བརྟེན། གླུ་གཞས་ཚང་མ་ཕྱོགས་བསྒྲིགས་ཤིག་བྱས་ཏེ་དེའི་སྐོར་ནས་ཞིབ་འཇུག་གི་རྩོམ་ཐུང་ཞིག་འབྲི་རྒྱུ་ལས་སླ་བོ་ཞིག་མ་རེད།
བཙན་བྱོལ་ཏུ་དེ་འདྲ་རེད་མི་འདུག ལོ་གཅིག་གི་ནང་ཚུན་ལ་གླུ་གཞས་ཀྱི་འཁོར་ཐག་གསར་བ་བཅུ་གྲངས་རེ་ཐོན་གྱི་ཡོད་མེད་ཙམ་རེད།
བཙན་བྱོལ་ནང་གི་གླུ་གཞས་ཁག་གི་ཁ་ཕྱོགས་དེ་ཡང་གཏད་ས་གསུམ་ལྟ་བུ་ཞིག་རེད། ༧གོང་ས་མཆོག་དང་བོད་ཀྱི་རྩ་དོན། ཕོ་མོའི་བརྩེ་དུང་གི་སྐོར་ནས་རེད། ཕོ་མོའི་བརྩེ་དུང་གི་སྐོར་གྱི་གཞས་རྣམས་ཁྱབ་རྒྱ་ཆེ་བ་མ་ཟད་དེ་ལ་དགའ་མཁན་གྱི་བོད་རིགས་ན་གཞོན་ཡང་མང་ནས་མང་དུ་འགྲོ་གིན་འདུག
བོད་ནང་དུ། “མའོ་ཀྲུའུ་ཞི་། གསེར་གྱི་ཉི་མ་”ནས་”པཎ་ཆེན་ལགས་། རིན་པོ་ཆེའི་”དབར་དང་། “རི་མཐོན་པའི་མགོ་ནས་བསང་ཞིག་ཕུད་”ནས་”གངས་ཅན་པའི་”དབར་།
བཙན་བྱོལ་དུ། “མི་མང་ལོངས་ཤོག”་ནས་”༧ཡིད་བཞིན་ནོར་བུའི་”དབར་དང་། “མཚམས་མཚམས་སེམས་ལ་དཀའ་ངལ་འཕྲད་དུས་”ནས་”མེ་ཏོག་ལྡུམ་རའི་ནང་དུ་ང་དང་མཉམ་དུ་འཆམ་འཆམ་ལ་འགྲོའི་”དབར།
སོགས་བོད་ཕྱི་ནང་གཉིས་ཀྱི་གླུ་གཞས་ཀྱི་ཁ་ཕྱོགས་དང་གཏད་སོ། རྒྱབ་ལྗོངས་གནས་ཚུལ་དང་བཅས་བ་ལ་རོབ་བལྟོས་ཙམ་བརྒྱབ་པ་ཡིན་ན།
གཞས་ཀྱི་ཚིག་དང་དབྱངས། གཞས་ཀྱི་ནང་དོན་དང་བརྗོད་བྱ། གཞས་ཀྱི་སྤུས་ཀ་དང་འགན་ཁུར་སོགས་ཀྱི་ངོས་ན་དབར་ཁྱད་ཆེན་པོ་ཞིག་ཤོར་ནས་ཡོད་པ་ནི་མིག་མཐོང་ལག་ཟིན་རེད་འདུག་སྙམ།
བཀུར་འོས་རབ་འབྱོར་ལགས་ཀྱིས་”ཅོ་ནེ་ཡུམ་ཚེ་རིང་གིས་རྩམ་པ་ཟའམ་”ཞེས་བའི་དྲི་བ་དེ་དང་གྲོགས་ལྷ་ྐླུ་གཉན་གསུམ་གྱིས་”རྩམ་པ་ཟ་མཁན་ཇེ་ཉུང་ཇེ་ཉུང་རེད། རྩམ་དྲི་བྲོ་མཁན་ཇེ་ཉུང་ཇེ་ཉུང་རེད་”ཞེས་བའི་སྐད་ཆ་འདི་གཉིས་ཀྱི་སྐོར་ལ། འཚོ་གནས་དང་སྤྱི་ཚོགས་ལ་དཔལ་འབྱོར་རིག་པའི་ལྟ་སྟངས་ཀྱི་སྒོ་ནས་བསམ་ཚུལ་རིང་པོ་ཞིག་འབྲི་རྒྱུ་བློ་ལ་སླེབས་སོང་།
འོན་ཀྱང་། དོ་དགོང་ངེད་ལ་འབྲི་ཁོམ་མེད། དོ་དགོང་ང་སྔ་ཙམ་ཉལ་ན་མ་གཏོགས་སང་ཞོགས་ལས་ཀར་འགྲོ་དགོས།
སང་ཉིན་ལས་ཀ་ནས་ནང་ལ་སླེབས་མཚམས། དཔལ་འབྱོར་རིག་པའི་ལྟ་སྟངས་ཀྱི་སྒང་ནས་བསམ་ཚུལ་ཅུང་ཙམ་རིང་པོ་ཞིག་ཁྱེད་གཉིས་ཀྱི་སྔུན་ལ་འཇོག་གི་ཡིན། དེ་དུས། ཁྱེད་གཉིས་ཀྱིས་བསྐྱར་དུ་བསམ་ཚུལ་རེ་བསྣམས་ནས་ཡོང་རོགས།
དེ་ཙམ་ཞུ།
རྩམ་པ་དང་རྒྱང་ཐག་ཇེ་རིང་ཡིན་ན། རྩམ་པ་ལ་དུངས་བ་ཇེ་ཟབ་ཡིན་སྲིད་དུ་ཆུག་ཀྱང་། འདིས་མཚོན་པའི་ད་བར་གྱི་བོད་ནང་གི་གླུ་གཞས་གསར་པ་མང་པོ་ཞིག་ང་ལ་མཚོན་ན་སེམས་ཚོར་དམིགས་བསལ་གང་ཡང་སྟེར་གྱི་མི་འདུག དུས་ཚོད་མང་ཆེ་བ་ངས་དམངས་གཞས་དང་སྒྲ་སྙན་རྡུང་ལེན་སོགས་ལ་གཏོང་གི་ཡོད།
གླུ་གཞས་གསར་རྩོམ་རིགས་དང་སྙན་ངག་གི་བཟོ་འདྲ་བོ་དེ་ཚོར་གཡོལ་ནས་འགྲོ་གི་ཡོད།
བརྩེ་དུང་ངམ་སེམས་ཀྱི་འཆར་སྒོ་གང་ཞིག་ཐད་ཀར་བརྗོད་པ་དེས་ཉན་མཁན་ལ་ཡང་སེམས་ཚོར་དམིགས་བསལ་བ་ཞིག་ཐད་ཀ་ཐད་ཀར་སྟེར་གྱི་འདུག དེ་ལ་དམིགས་བསལ་གྱི་སྒྱུ་རྩལ་གྱི་བྲོ་བ་མ་འདྲ་བ་ཞིག་འདུག བྲོ་བ་དེར་ཡང་ཡང་མྱངས་མི་དགོས་པར་མྱང་ཙམ་ནས་མངར་སིལ་སིལ་བྱེད།
སྒྲོལ་མ་སྐྱབས་ཀྱི་གླུ་གཞས་དེ་ཚོར་བོད་ནང་མིང་གྲགས་ཆེན་པོ་ཡོད་པ་འདྲ། ང་ལ་མཚོན་ན་དེར་ཉན་འདོད་མི་འདུག དེ་ལས་ཨ་ཅེ་གསེར་མོ་འཚོ་དང་དངུལ་མོ་འཚོ་ཟེར་བ་ལྟ་བུ་རེ་བཏང་སྐབས། རྣམ་ཤེས་སྦྲང་མ་འདྲ་བོ། བོད་ཀྱི་ཕྱོགས་ལ་འཕུར་འགྲོ་གི་འདུག
རྩམ་པ་དང་། རྩམ་པ་རྩོམ་མཁན་ཡང་ན་རྩམ་པ་གཏོང་མཁན་གྱི་བར་གྱི་འབྲེལ་བ་དང་། ང་དང་དམངས་གཞས་བར་གྱི་འབྲེལ་བ་འདི་མདོར་དེད་ན་གཞི་གཅིག་ལ་ཁེལ་ཡོད་ན་ཡང་ཐང་། རྩམ་པ་ཨ་རྩམ་པ་ཟེར་ནས་གོ་དོན་ཡོད་མདོག་ཁ་བོ་ག་ཚོད་བཏང་ནའང་དེས་ང་ལ་རྩམ་པའི་བྲོ་བ་གང་ཡང་སྟེར་ཐུབ་ཀྱི་མི་འདུག
ཁོ་ལ་སྒྱུ་རྩལ་གྱི་རྩ་ཞིག་མ་ཚང་བ་ཡིན་ནམ་ཡང་ན་ངའི་སྒྱུ་རྩལ་མྱོང་བྱེད་ཀྱི་རྩ་ཞིག་མ་ཚང་བ་ཡིན་ནམ། མ་གཞི་མཛེས་པ་ཟེར་བ་དེ་གཙོ་བོ་ལྟ་མཁན་ལ་འབྲེལ་བ་ཡོད་པ་ལས་ལྟ་ཡུལ་ལ་འབྲེལ་བ་མེད་པ་བཞིན་སྒྱུ་རྩལ་ཟེར་བ་དེ་ཡང་དེ་མ་འདས་པར་འདོད།
ངས་སྤྱིར་བཏང་སྒྱུ་རྩལ་དང་གླུ་གཞས་སོགས་ཀྱི་སྐོར་ལ་རྒྱུས་མངའ་དེ་ལྟར་མེད་ནའང༌། གླུ་ཚིག་དེ་དག་ལ་ཧོབ་དེ་བལྟས་ན་གོ་རྒྱུ་ཁྱད་པར་བ་ཞིག་མེད་པ་ལྟ་བུ་མཐོང་ནའང་། ཞིབ་དུ་བསམ་བློ་བཏང་ན་དངོས་གནས་གོ་རྒྱུ་འདུག་སྙམ་པས་གླུ་ཚིག་རྩོམ་མཁན་དང་གླུ་གཞས་གཏོང་མཁན་བཅས་ལ་རྗེས་སུ་ཡི་རང་ཞུ་བཞིན་ཡོད། དེའི་ནང་དུ་མི་རིགས་ཤིག་གི་རིག་གཞུང་དང་བདེ་སྡུག ཉམས་རྒུད། མི་རིགས་ལ་བཟུང་བའི་ལ་རྒྱ། ཕ་ཡུལ་ལ་བཟུང་བའི་དྲན་གདུང་། སྦྲང་དཀར་རྩམ་པའི་ཁྲོད་ནས་འཚར་ལོང་བྱུང་བའི་དྲན་བསྐུལ་སོགས་རང་གི་ད་ལྟའི་ཡོད་ཚད་ཀྱི་ཡོད་ཚད་ཕ་ཡུལ་གངས་ཅན་ལྗོངས་ནས་བྱུང་བར་བརྟེན་མ་འོངས་པའི་རང་གི་ཡོད་ཚད་ཀྱི་ཡོད་ཚད་ཀྱང་ཕ་ཡུལ་གངས་ལྗོངས་ཀྱི་ཆེད་དུ་ཕུལ་དགོས་པའི་རེ་བསྐུལ་དང་དམ་བཅའ་བྱས་ཡོད་པ་བཅས་མཚོན་ཐུབ་སྙམ། བདག་གིས་ནི་མི་རིགས་ཀྱི་ལ་རྒྱ་དང་བདེ་སྡུག་སོགས་མཚོན་པའི་གླུ་ཚིག་རྩོམ་མཁན་དང་གཏོང་མཁན་རྣམས་ལ་དུས་ནས་དུས་སུ་རྗེས་སུ་ཡི་རང་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
ཐོག་མར་ངས་འདི་ནས་ཞུ་རྒྱུ་ནི་རང་ཉིད་ཀྱི་ཚེ་སྲོག་དང་མདུན་ལམ་བློས་བཏང་སྟེ་མི་རིགས་ཤིག་གི་ལས་དབང་དང་མྱོང་བ་དབྱངས་སུ་གྱེར་བའི་གླུ་བ་ཚོ་དང་སྨྱུག་ཐོགས་པ་ཚོར་རྗེས་སུ་ཡི་རངས་དང་བརྩི་བཀུར་ཞུ། ཞོར་དུ་མི་སུམ་ཅུར་བསམ་པ་སུམ་ཅུའི་དཔེ་ལྟར་རང་གི་ཚོར་སྣང་འགའ་ཡང་གྲོགས་པོ་ཚོར་ཞུ་འདོད་བྱུང་། ང་ཚོས་འདས་ཟིན་པའི་ལོ་ཟླའི་ཁྲོད་ཀྱི་གླུ་བ་གླུ་མ་ཚོའི་མཚན་སྙན་འཕེལ་འགྲིབ་ལ་བསམ་གཞིགས་རོབ་ཙམ་བྱས་ན། སྐྱེ་བོ་སུ་ཞིག་ཡིན་རུང་རང་ཉིད་ལ་བགོ་སྐལ་དུ་ཐོབ་པའི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་དེ་མ་ནོར་བར་བེད་སྤྱོད་བྱ་རྒྱུ་དེ་རེད། དཔེར་ན་ཆེད་མཁས་གཞས་ཚིག་རྩོམ་མཁན་ཅོ་ནེ་ཡུམ་ཚེ་རིང་དང་། འབྲུག་ལྷ་རྒྱལ། འབའ་གོ་ཆ། སྨན་བླ་སོགས་དང་དབྱངས་མཁན་འགའ་རེ་ཡོད་པ་ལ་རེ་བ་ཞུས་ཏེ་རང་ཉིད་ཀྱིས་སྐད་ངག་ཁོ་ན་བེད་སྤྱོད་བྱ་རྒྱུ་དེ་གལ་ཆེན་རེད། ལོ་ངོ་ཁ་ཤས་ཀྱི་གོང་ལ་གླུ་མ་སྒྲོན་པེ་དང་། བདེ་ཆེན་དབང་མོ། ཤེར་བརྟན་སོགས་མང་བོ་ཞིག་འཚར་ལོངས་བྱུང་མོད་ཡུན་གནས་མ་ཐུབ་པར་ཅིའི་ཕྱིར་ཉམས་ཞེས་ན། དེ་ནི་ཁོ་བ་ཚོས་ཚིག་རང་གིས་བྲིས། དབྱངས་རང་གིས་བརྩམས། གཞས་རང་གིས་བཏང་བ་སོགས་ཀྱིས་རྐྱེན་བྱས་ཏེ་མཐར་རང་ཉིད་ཀྱི་མཚན་སྙན་དེའང་རིམ་གྱིས་ཉམས་པ་འདྲ། དཔེར་ན་ད་ལྟའི་གླུ་བ་སྒྲོལ་མ་སྐྱབས་དང་རིག་འཛིན་སྒྲོལ་མ་སོགས་ལ་གོ་བབས་ངེས་ཅན་ཞིག་ཡོད་པ་འདི་ནི་གླུ་ཚིག་དང་དབྱངས་གཞན་ལ་བརྟེན་པའི་དྲིན་དུ་སེམས། བྲིས་ཚར་མ་སོང་མོད་འདི་གར་མཚམས་འཇོག་དགོས་བྱུང།
གཞས་གདངས་རྩོམ་པ་པོ་སྨན་བླ་སྐྱབས་ལགས་ནི་ཡུན་རིང་ནས་བརྩམས་ཆོས་ཁྲོད་ལེགས་སྐྱེས་ཆེན་པོ་ཕུལ་མཁན་ཞིག་ཏུ་ངོས་འཛིན་བྱ་གི་ཡོད། ངས་རྒྱུན་པར་ཁོང་གི་བརྩམས་ཚིག་ཡིན་པའི་གླུ་གཞས་ཉན་སྐབས་མི་རིགས་ཀྱི་ལ་རྒྱ་དང་དམིགས་་བསལ་གྱི་ཚོར་བ་ ཞིག་སྟེར་གྱི་འདུག དེ་བས་ཀྱང་སྒྲོལ་་མ་སྐྱབས་ལགས་ཀྱིས་གཞས་བཏང་དུས་ཁོང་གི་སྐད་གདངས་དལ་ཞིང་འཇམ་ལ་རིང་དུ་འགུག་པའི་ངག་ལས་གངས་ཅན་པ་ཞེས་པའི་གླུ་དེ་་ཉན་སྐབས་སྤོབས་སེམས་སླེབས་ཀྱི་འདུག
བཙན་བྱོལ་སྤྱི་ཚོགས་སུ་ད་ལྟའི་བར་གྱི་གཞས་གྲགས་ཆེ་ཤོས་དག་གཞས་ཚིག་དམངས་ཁྲོད་ཀྱི་གཞས་དང་གདངས་དམངས་ཁྲོད་ཀྱི་གདངས་དག་ཡིན་པ་ལས་གཞས་གསར་བ་དག་གླུ་ཚིག་གི་ཆ་ནས་ཚིག་གི་སྡེབ་སྦྱོར་དང་སྙན་ཆ་གང་ཅིའི་ཐད་ནས་གཟེངས་སུ་ཐོན་པའམ་ཚབ་མཚོན་རང་བཞིན་ཅན་ཅི་ཡང་མི་འདུག བོད་ནང་གི་གཞས་ཚིག་དག་ལ་ཡང་ཕྱོགས་གཉིས་ནས་བལྟ་དགོས་ཀྱི་འདུག གཅིག་ནི་གདངས་ཀྱི་འདེགས་འཇོག་དང་ལེན་སྟངས་ཀྱི་རྣམ་པ་གསར་པ་ཁོ་ནར་ལྟོས་ནས་དགའ་བསུ་ཐོབ་པ་ཞིག་དང་། གཅིག་ནི་ཚིག་དང་གདངས་གཉིས་ཀར་གདེངས་འཇོག་བྱེད་འོས་བའི་རིན་ཐང་ལ་ལྟོས་དགའ་བསུ་ཐོབ་དེ་རེད། གོང་གི་གླུ་བ་ཁོང་མིང་དུ་གྲགས་བྱེད་ཀྱི་གཞས་དེ་ནི་གངས་ཅན་པ་ཞེས་གཞས་དེ་རེད། གཞས་དེ་དང་པོ་རྒྱ་སྐད་དུ་བླངས་ནས་ལོ་གཅིག་ལྷག་འགོར་བ་རེད། འོན་ཀྱང་གྲགས་འགུལ་ཅི་ཡང་མ་ཐེབས་པ་རེད། གོང་གི་གཞས་ཚིག་འདི་ཡང་རྒྱ་ཡིག་ནས་བསྒྱུར་བ་ཞིག་ཡིན་སྟབས་གཞས་ཚིག་འདི་སྤྱིར་བཏང་གི་རང་མོས་སྙན་ངག་ལྟ་བུ་ཞིག་ལས་འདི་ལ་དམིགས་བསལ་གྱི་གོ་བ་དང་ཚོར་བ་ཅི་ཡང་ལེན་མི་ཐུབ་པ་དེ་རེད། སྤྱིར་གཞས་ཚིག་འབྲི་མཁན་ཆེད་ལས་མཁས་བ་གཞས་ཡིན་ན་ལོས་བཟང་མོད། སྐབས་རེར་གླུ་བ་རང་ཉིད་ཀྱིས་མ་མཐའ་ཡང་ཚིག་གི་ནང་དོན་དང་གདེངས་ཀྱི་འདེགས་འཇོག་གཉིས་ཆ་མཚུངས་ཞིག་ཡིན་མིན་ཤེས་དགོས། དེ་མ་ཤེས་ན་མཆོད་མེ་དྲ་བར་ལོ་སྔོན་མ་ཞིག་བོད་ཀྱི་གླུ་བ་འགས་སྐྱོ་གླུ་ལེན་བཞིན་དགོད་ཀྱི་འདུག སྤྲོ་གླུ་ལེན་བཞིན་ངོ་ལ་ངུ་མདོག་སྟོན་གྱིན་འདུག་ཅེས་གཤེ་གཤེ་བཏང་འདུག་པས་དེ་ལ་གནས་ལུགས་ཧ་ཅང་འདུག
གཞས་འདི་གཉིས་ལ་ཉན་ན་སེམས་ནས་མིག་ཆུ་ཤོེར་གི་། ཨ་ཁུ་སྨན་ལ་དང་ཅོ་ནེ་ཚེ་རིང་གཉིས་ཀྱི་བྱ་བ་ལམ་འགྲོ་ཡོང་བར་སྨོན།
ནོར་བཅོས། ཨ་ཁུ་སྨན་བླ་སྐྱབས་དང་ཅོ་ནེ་ཡུམ་ཚེ་རིང་།
གཞས་འདི་གཉིས་ཀྱི་རྒྱབ་ན་བོད་མི་རིགས་ཀྱི་འདས་བའི་ལོ་རྒྱུས་དང་གནས་བབ་དང་ཆགས་འཇིག་སོགས་ཡོད་པར་མ་ཟད་གངས་རིའི་ཕར་ཚུར་གཉིས་ཀྱི་རེ་སྒུག་ཀྱང་བསྐུང་ནས་ཡོད་གི་ མགོན་པོ་ཕྱག་གཉིས་ཟེར་བ་དེས་ད་དུང་ཡང་ཨ་ཅེ་གསེར་མོ་འཚོ་དང་དངུལ་མོ་འཚོ་མ་གཏོགས་ཉན་ན་མི་འདོད་གི་སྨྲས་འདུག
ཨ་ཅེ་གསེར་མོ་འཚོ་དང་དངུལ་མོ་འཚོ་གཉིས་ནི་ལྷ་སྒྲུང་ལྟ་བུ་རེད་མ་གཏོགས་བོད་མི་རིགས་ཀྱི་དངོས་ཡོད་གནས་སྟངས་སྟོན་ཐུབ་པའི་གཞས་མ་རེད།
ཨ་ཅེ་གསེར་མོ་འཚོ་དང་དངུལ་མོ་འཚོ་གཉིས་ནི་འབྲོག་པ་ཚོའི་སེམས་ཀྱི་སྟོང་བསམ་དང་སྒྱུ་འཕྲུལ་གྱི་ཕོ་བྲང་ཞིག་རེད་མ་གཏོགས་བོད་མིའི་རྣམ་ཤེས་སྦྲུམ་པའི་གླུ་གཞས་མ་རེད།
ཨ་ཅེ་གསེར་མོ་འཚོ་དང་དངུལ་མོ་འཚོ་གཉིས་ནི་གནའ་མི་ཚོའི་སེམས་ཀྱི་བུ་མོ་སྒྱིད་ལུག་པ་གཉིས་རེད་མ་གཏོགས་བོད་མིའི་སེམས་ཀྱི་ན་ཟུག་མ་རེད།
གཞས་འདི་གཉིས་ལ་ཉན་མི་འདོད་པ་ནི་མགོན་ཕྱག་གི་སེམས་ན་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་ཁབ་ཀྱི་རྩེ་མོ་ཙམ་ཡང་མེད་པ་དེ་རེད།
གཤམ་ནས།
གཞས་པ། མགོན་པོ་ཕྱག་གཉིས།
དམངས་གླུ། ཨ་ཅེ་གསེར་མོ་འཚོ་དང་དངུལ་མོ་འཚོ།
དུས་ཚོད། གསུམ་བཅུའི་དུས་དྲན་ཉིན་གྱི་སྔ་དྲོ་ཕྱག་ཚོད་༩བའི་སྟེང་།
ས་ཆ། གཙུག་ལག་ཁང་།
འདི་གསེར་གྱི་ལུང་བ་ཆ་གཅིག་ན་ཡ།
ངའི་གསེར་གྱི་མཛོ་མོ་སེར་བྲིས་མ་ཡ།
འདི་བཞོ་གི་ཨ་ཅེ་མགོན་པོ་འཚོ་ཡ།
ད་བཞོ་ཟེའུ་ལོངས་ར་བཞོ་གི་འགྲོ་
འདི་དངུལ་གྱི་ལུང་བ་ཆ་གཅིག་ན་ཡ།
ངའི་དངུལ་གྱི་མཛོ་མོ་དཀར་བྲིས་མ་ཡ།
འདི་བཞོ་གི་ཨ་ནེ་མགོན་ཐོ་སྐྱིད་ཡ།
ད་བཞོ་ཟེའུ་ལོངས་ར་བཞོ་གི་འགྲོ་ཡ།
དེ་ནས་ཡང་བསྐྱར་མགོན་པོ་ཕྱག་གཉིས་ཀྱིས་བཙུར་སྐད་ཞིག་དང་མཉམ་དུ།
འདི་ལྕགས་ཀྱི་ལུང་བ་ཆ་གཅིག་ན་ཡ་། ཧཧཧཧཧཧ།
མི་མང་ཧབ་ཆ་ཤོར།
ཉན་ན་མི་འདོད་ན་ཉན་ན་མི་འདོད་གི་མི་ཟེར་ར་ཉན་ན་འདོད་གི་དཔེ་ཡག་པོ་འདུག་ཟེར་དགོས་པ་རེད་དམ། རང་ལ་གཏད་སོ་གང་ཡང་མེད་པར་མི་མང་གང་ལ་རྒྱུག་པ་དེར་རྒྱུག གང་ཡག་པོ་འདུག་ཟེར་བ་དེར་ཡག་པོ་འདུག་ཟེར་ནས་གཞན་རྗེས་ཁོ་ན་འབྲང་དགོས་པ་རེད་དམ། ཁྱོད་མིག་ཆུ་ཤོར་སར་ང་མིག་ཆུ་མི་འཆོར་ས་ཡོད་པ་རེད་ལ། ང་མིག་ཆུ་ཤོར་སར་ཁྱོད་མིག་ཆུ་མི་འཆོར་སའང་ཡོད་པ་རེད། མི་སུམ་ཅུར་བསམ་པ་སུམ་ཅུ་རེད། མཛོ་སུམ་ཅུར་ར་ཁ་དྲུག་ཅུ་རེད།
ང་དམངས་ཁྲོད་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་གཞས་དེ་ཚོར་དགའ། དེ་ཚོ་བླངས་ཡོང་སྐབས་དོན་དག་ཟེར་ནས་ཅང་བསམ་བློ་བཏང་འཇོག་ས་མེད་ན་ཡང་གནའ་བོའི་མི་རིགས་ཤིག་གི་གཟུགས་བརྙན་དེ་ཡིད་ལ་གསལ་ལེར་ཤར་ཡོང་གི་འདུག ཆུང་དུས་ཀྱི་གླུ་ལེན་གར་རྩེད་བྱེད་སའི་གུར་ཁྱིམ་དྲོན་མོ་དེ་དག་དང་མ་བཅོས་པའི་བརྩེ་དུང་རྣལ་མ་དེ་ཚོ་ཡིད་ལ་ཤར་ཡོང་གི་འདུག དེ་རིང་ངས་འདིར་ཁྱེད་ཚོར་དམངས་ཁྲོད་ཀྱི་གླུ་ཕལ་བ་ཞིག་འབུལ
༡
འདོ་རིགས་རྟ་དང་ཆམ་པའི་བུ། ནམ་ལངས་དུས་བྱང་ལམ་མཚམས་ན་ཡོད།
མགོ་ཚར་ཞྭ་ཅན་དང་ཚེར་རིའི་ལུག ནམ་ལངས་དུས་རི་གསུམ་རྩེ་ན་ཡོད།
མགོ་ཞྭ་སེར་ཅན་དང་ཕྲེང་སེར་ཅན། ནམ་ལངས་དུས་ཇོའི་གི་མདུན་ན་ཡོད།
༢
ཡག་ག་ཡག་ག་ད་ནངས་ཡག ད་ནངས་ཉི་མ་འཆར་སྲོལ་ཡག
ཡག་ག་ཡག་ག་ཉིན་གུང་ཡག ཉིན་གུང་མཛོ་མོ་ངུར་སྲོལ་ཡག
ཡག་ག་ཡག་ཕྱི་དྲོ་ཡག ཕྱི་དྲོ་ཉི་མ་འཇའ་སྲོལ་ཡག
༣
སྒོ་ཁ་འདི་ན་རྟ་ཟིག་ཡོད། གཤོག་པ་མེད་གི་བྱ་ཟིག་ཡིན།
གོ་ཁ་འདི་ན་བུ་ཟིག་ཡོད། ཐིག་ལེ་མེད་གི་སྟག་ཟིག་ཡིན།
དོ་ཐོག་འདི་ན་ཁྲབ་ཟིག་ཡོད། མྱིག་ག་མེད་གི་མཁར་ཟིག་ཡིན།
༤
བན་སེར་མོ་དབུས་ལ་འགྲོ་ནི་ཚོ། དབུས་ལྕགས་ཐག་འདྲ་གི་གྲིམ་ཟིག་དགོས།
སྟག་ཤར་ར་ཇག་ལ་འགྲོ་ནི་ཚོ། ཇག་རྦབ་རྡོ་འདྲ་གི་ངར་ཟིག་དགོས།
སྨན་བུ་མོ་གནས་ལ་འགྲོ་ནི་ཚོ། གནས་བལ་ཐིག་འདྲ་གི་འཇམ་ཟིག་དགོས།
༥
གླུ་ད་ལོངས་ད་ལོངས་མ་ཟེར་ར། ངའི་གངས་དཀར་སེམས་ལ་འཆར་ཟིག་དགོས།
གླུ་ད་ལོངས་ད་ལོངས་མ་ཟེར་ར། ངའི་མྱིད་ཐག་ཕྲ་མོ་འགུགས་ཟིག་དགོས།
གླུ་ད་ལོངས་ད་ལོངས་མ་ཟེར་ར། ངའི་ལྕེ་སྣེ་དམར་པོ་མདུད་ཟིག་དགོས།
རྒད་པོ་ཁྱོ་ཁག་མེད་གི་ མི་རྒས་ན་ཡུལ་དྲན། བྱ་རྒས་ན་ཚང་དྲན་ཟེར་བ་ཅིས་མ་བདེན།
དེ་རིང་ངས་་ཁྱེད་ཚོར་མགོན་པོ་ཕྱག་གཉིས་ལ་ཁ་གཏད་ལྟ་བུར་དེང་རབས་ཀྱི་བོད་གཞས་གསོན་ཉམས་ཅན་ཞིག་འབུལ།
ང་ཚོ་ལ་ནས་འདི་ལ་འཛོམས་འཛོམས་སྣང་བ་སྐྱིད་པ་ལ་ཡེ།
གཏན་ཏུ་འཛོམས་རྒྱུ་ལ་བྱུང་ན་སྣང་བ་སྐྱིད་པ་ལ་ཡེ།
གཏན་ཏུ་ལ་ནས་འཛོམས་པའི་མི་ལ་སྣང་བ་སྐྱིད་པ་ལ་ཡེ།
ནད་དང་ན་ཚ་མེད་པར་ཤོག་སྣང་བ་སྐྱིད་པ་ལ།
སྣང་བ་སྐྱིད་པ་གཅིག་སོ་བ་ལ་སྣང་བ་སྐྱིད་པ་གཉིས་སོ་བ་ལ་སྣང་བ་སྐྱིད་པ་གསུམ་གསུམ།
དགོང་ཟས་ཚར་ན་མུ་མཐུད་དུ་འབྲི་གི་ཡིན།
ཨ་རོ། མགོན་པོ་ཕྱག་གཉིས། ངས་ནུབ་ཚ་འཐུང་བཞིན་པའི་སྐབས་སུ་དམངས་གླུ་ཞིག་ལེན་མི་ཐུབ་བ། ངས་རྒད་མོས་ཀྱང་ཁྱོའི་གླུ་ལ་ཉན་ན་འདོད་གི་ཟེར།
ནུབ་ཚ་འཐུང་ཚར་ན་ང་དང་རྒད་པོ་གཉིས་ཀྱིས་གཅིག་སྐོར་གཉིས་སྐོར་བྱས་ཏེ་ཁྱེད་ལ་གླུ་བླངས་ཆོག དེ་འདྲ་བྱས་ན་ཡག་པོ་མི་འདུག་གམ།
གལ་སྲིད་ཁྱེད་ཀྱིས་གླུ་ཡག་པོ་བླངས་ན། ངས་ཁྱེད་ལ་བརྔན་པ་ཤེལ་ཀ་ར་རྒྱ་མ་བཅུ་གྲངས་ལོངས་བ་ཞིག་སང་ཉིན་ངའི་རྒད་མོའི་ལག་ལ་བསྐུར་ཆོག
ཤེལ་ཀ་ར་རྒྱ་མ་བཅུ་ལོངས་བ་ཞིག་སང་ཉིན་བསྐུར་གྱི་མིན་ན་ལ་ཁ་དགོན་པ་འདི། ཨོ་མ་རེད་མ་རེད། ཨ་ལགས་ལ་ཁ་ཚང།
ཡ་ད་གླུ་ཞིག་ལོངས་ཀ། ངས་ཉན་ནས་ཡོད།
ནོར་བཅོས། ང་དང་རྒད་མོ།
ཨོ་ཡ།
༡
བྱ་ངང་བ་སེར་པོའི་ཡག་བཞིན་འདི།།
བན་སེར་མོ་ཞིག་ལ་འཛོམ་རྒྱུ་ན།།
རྒྱབ་ཆོས་གོས་མི་དགོས་རང་གྲུབ་རེད།།
གླག་ཁྲ་མོ་འཕུར་བའི་བདེ་མྱུར་འདི།།
སྟག་ཤ་ར་ཞིག་ལ་འཛོམ་རྒྱུ་ན།།
སྐེད་གྲི་ཆུང་མི་དགོས་རང་གྲུབ་རེད།།
བྱ་རྨ་བྱའི་རྒྱབ་ཀྱི་ཐིག་ལེ་འདི།།
མ་བུ་མོ་ཞིག་ལ་འཛོམ་རྒྱུ་ན།།
རྒྱན་གཡུ་བྱུར་མི་དགོས་རང་གྲུབ་རེད།།
༢
ནངས་སྔ་དྲོ་ཉི་མ་བྲག་ག་ཤར། བྲག་དམར་པོ་བླ་མ་བཞུགས་འདྲ་རེད།
ཉིན་གུང་ཉི་མ་ཆུ་ཡ་ཤར། ཆུ་གཙང་བོ་ལྷ་མཆོད་ཕུལ་འདྲ་རེད།
དགོང་ཕྱི་རོ་ཉི་མ་ནགས་ག་ཤར། ནགས་རྒྱ་རྫོང་སྤོས་ཐུར་སྒྱོན་འདྲ་རེད།
སྒྱོན་ནི་མེ་སྒྲོན་པའི་དོན།
༣ མཐོན་པོའི་མཐོན་པོ་བསྟོད་རྒྱུ་ན། དགུང་ཨ་སྔོན་འདབ་ཁ་ཧྲིན་གིས་བསྟོད། ཧྲིན་ནི་སྤྲིན།
མགྱོགས་པའི་མགྱོགས་པ་བསྟོད་རྒྱུ་ན། རྟ་འདོ་བའི་རྨྱིག་སྣེ་རླུང་གིས་བསྟོད། རྨྱིག་ནི་རྨིག
ཡག་པའི་ཡག་པ་བསྟོད་རྒྱུ་ན།། གོས་ཚར་རུའི་འདབ་ཁ་སྲམ་གིས་བསྟོད།