ཀུན་ཏུ།
བདག་སྔོན་ཆད་སློབ་ཆུང་དུ་ཡོད་སྐབས་ནམ་རྒྱུན་བདག་གི་རིག་གནས་དགེ་རྒན་དམ་པ་དེས་གཟའ་སྤེན་པ་ནམ་ཡིན་ལ་སློབ་ཕྲུག་ཚོ་ཁོང་གི་སྡོད་ཤག་ཏུ་བོས་ནས་གློག་བརྙན་འདྲ་མིན་སྟོན་བཞིན་ཡོད། འོན་ཀྱང་། དངོས་གཞིའི་གློག་བརྙན་འགོ་འཛུགས་མ་བྱས་གོང་ཁོང་གིས་རྟག་པར་ཀུན་གཟིགས་༧ པཎ་ཆེན་རིན་པོ་ཆེའི་གསུང་བཤད་དམ་ཡང་ན་པཎ་ཆེན་རིན་པོ་ཆེ་ཁོང་བོད་ཁུལ་གྱི་ས་ཆ་འདྲ་མིན་དུ་མཚམས་གཟིགས་སུ་ཕེབས་པའི་གློག་བརྙན་ཐུང་ངུ་རེ་ངེས་པར་དུ་སྟོན་བཞིན་ཡོད། སྐབས་དེར་ཁོང་གིས་མཆོད་གཤོམས་ཐོག་གི་པཎ་ཆེན་པོ་ཆེའི་སྐུ་པར་དེ་ང་ཚོར་སྟོན་ཞོར་ཞལ་རས་ལ་སྐྱོ་ཉམས་ཤིག་འཁོར་བཞིན“ཕྱི་ ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༨ ཉིན་ མོར་ང་ཚོའི་མགོ་ཐོག་གི་ཉིན་མ་གཅིག་བཞུད་ཟིན་པ་རེད།” ཅེས་གསུངས་བཞིན་ཡོད། དེ་ལྟར་དགེ་རྒན་དམ་པ་ཁོང་གི་མདུན་ནས་རིམ་བཞིན་ང་ཚོས་པཎ་ཆེན་རིན་པོ་ཆེའི་མཛད་རྣམ་དང་གསུང་བཤད་སོགས་གནས་ཚུལ་མང་བོ་ཞིག་གོ་ཐོས་དང་རྒྱུས་ལོན་བྱུང་།
དེར་བརྟེན། བདག་སློབ་འབྲིང་ལོ་རིམ་གཉིས་བར་ཡོད་སྐབས་ང་ཚོ་སློབ་ཕྲུག་འགས་མཉམ་དུ་ “པཎ་ཆེན་བདུན་ཕྲག” ཅེས་ཟླ་རེའི་ཚེས་༢༨ ཁེལ་བའི་བདུན་ཕྲག་དེར། སློབ་མ་ཚོས་བོད་རང་གི་རིག་གནས་དང་འབྲེལ་བའི་བྱེད་སྒོ་ཁག་འདྲ་མིན་དང་དེ་བཞིན་པཎ་ཆེན་རིན་པོ་ཆེ་དང་འབྲེལ་བའི་རྩོམ་ཡིག་འགྲན་བསྡུར་སོགས་དུས་དྲན་སྲུང་བརྩི་ཆད་མེད་བྱེད་བཞིན་ཡོད། ཉིན་ཞིག་ང་ཚོའི་འཛིན་རིམ་གོང་མའི་སློབ་ཕྲུག་འགས་པཎ་ཆེན་པོ་ཆེ་མཆོག་གིས་ “བོད་ནང་དུ་ཡོང་བའི་རྒྱ་རིགས་ལས་བྱེད་དག་གིས་ངེས་པར་དུ་བོད་ཡིག་དང་བོད་སྐད་སྦྱོང་དགོས་” ཞེས་པའི་གསུང་བཤད་དེའི་ཚིག་རྩར་འཇུས་ནས་སློབ་གྲྭའི་རྒྱ་ཡིག་དགེ་རྒན་ཁ་ཤས་ལ་བོད་ཡིག་དང་བོད་སྐད་སྦྱོང་དགོས་པའི་བསམ་འཆར་ཡི་གེ་ཡང་ཕུལ་མྱོང་ཡོད།
༢༠༡༢ལོའི་ཟླ་༤ཚེས་༢༥་ཉིན་མོ་འདི་ནི་བོད་མི་རིགས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་གནང་བའི་ཀུན་གཟིགས་༧ པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་རྒྱ་དམར་གྱིས་གདུག་རྩུབ་འོག་སྐུ་བཀྲོངས་ནས་བགྲང་བྱ་ཧྲིལ་བོ་ཉེར་གསུམ་ཏག་ཏག་འགོར་བའི་རྗེས་དྲན་གྱི་ཉིན་པོ་ཡིན་པས། ང་ཚོ་རླབས་ཆེན་མི་རིགས་ཀྱི་དེད་དཔོན་དམ་པ་ཁོང་གི་རྗེས་དྲན་དུ་དམིགས་ནས་བདུན་ཕྲག་འདིའི་རིང་དུ། པཎ་ཆེན་སྐུ་གོང་མ་དང་ཁོང་གི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཉིས་ཀྱི་སྐོར་ལ་དྲ་ཐོག་འདྲ་མིན་བརྒྱུད་བོད་རྒྱ་དབྱིན་གསུམ་གྱི་ལམ་ནས་བགྲོ་གླེང་དང་ཁོང་གི་གསུང་བཤད་ཁག་ལ་སློབ་སྦྱོང་སོགས་ཕྱོགས་ཡོངས་ནས་བོད་མི་རིགས་འདིའི་སྙིང་སྟོབས་ཀྱི་ཚབ་མཚོན་རླབས་ཆེན་བླ་མ་དམ་པ་དེས་ཐུགས་ཀྱི་མཆོད་སྤྲིན་དུ་འགྲོ་ཐུབ་པ་ཞིག་བྱེད་རོགས་ཞུ། ང་ཚོས་དྲ་རྒྱའི་བརྒྱུད་ལམ་འདི་བེད་སྤྱད་ནས་བོད་ཕྱི་ནང་གཉིས་དང་འཛམ་གླིང་གི་ས་ཁུལ་སོ་སོར་གནས་པའི་བོད་མི་ཡོངས་ཀྱིས་བདུན་ཕྲག་འདིའི་རིང་སོ་སོའི་གདོང་དེབ་(facebook)དང་བྱེའུ་སྐད(Twitter)། རྩོམ་ཁུག(Blog)སོགས་བརྒྱུད་ལམ་འདྲ་མིན་དུ་པཎ་རིན་པོ་ཆེ་དང་འབྲེལ་བའི་གནས་ཚུལ་དང་འདྲ་པར་སོགས་གང་མང་མང་སྤེལ་རོགས་ཞུ། ལོ་འདི་ནས་བཟུང་ང་ཚོས་མུ་མཐུད་ངོ་བ་དང་། རྣམ་པ། བྱེད་ཐབས་སོགས་འདྲ་མིན་གྱི་ལམ་ནས་ “པཎ་ཆེན་བདུན་ཕྲག་” བརྩི་སྲུང་བྱས་ནས་ཁོང་གི་བླ་ན་མེད་པའི་ལམ་སྟོན་དང་སྙིང་སྟོབས་སོགས་ལ་རྗེས་དྲན་དང་སློབ་སྦྱོང་བྱེད་དགོས།།
རྩོམ་པ་པོ་ལགས། གངས་ཅན་པ་རྣམས་དཀའ་ངལ་ཤིན་ཏུ་ཆེ་བའི་སྐབས། ༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་གིས་བོད་མིའི་རང་དབང་དང་བདེ་སྐྱིད་ཆེད།་སྐུ་ངལ་འཛེམ་མེད་ཀྱིས་ཡིག་འབྲུ་ཁྲི་བདུན་ཞེས་པ་ཡོངས་སུ་གྲགས་པ་དེ། སྡུག་རྩུབ་དང་ཧམ་སེམས་ཆེ་བའི་རྒྱ་དམར་གུང་ཁྲན་གཞུང་ལ་གནང་བ་སོགས། བསམ་བརྗོད་ལས་འདས་པའི་བོད་མི་རྣམས་ལ་བཀའ་དྲིན་བསྐྱངས་པ་ཉིད་ཀྱིས་མ་བརྗེད་པར་བཀའ་དྲིན་རྗེས་དྲན་བཞུ་འཆར་གྱི་འབོད་སྐུལ་གནང་བར། གུས་པས་ལག་གཉིས་འཐབ་མོ་འབྱར་རེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་བཞིན་མཆིས་ལགས། ༢༠༡༢༔ ༤ ༔༢༥ཉིན་༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཉི་མ་མཆོག་འཁྲུངས་ནས་དགུང་ལོ་༢༣ ཧྲིལ་པོ་འཁོར་བའི་སྐུའི་འཁྲུངས་སྐར་ཡིན་ཡང་།སྐལ་པ་དམན་པ་ཞིག་ལ་གུང་ཁྲན་གཞུང་གི་བྱ་ངན་གྱིས་ཁོང་ད་ལྟ་་་སྐུ་འཚོ་བཞུགས་ཡིན་མིན་མ་ཤེས་པའི་དུས་སྐབས་ལ་གྱུར་ཡོད། མ་འོང་པར་༧ཀུན་གཟིགས་གོང་མའི་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག ངག་དབང་ཆོས་འཕེལ་གྱི་སྐྱེད་མས་ངག་ཆོས་བཙོན་གྲོལ་ཡོང་ཐབས་ལ་འབད་པ་ལྟར་ང་ཚོས་ཀྱང་༧ཀུན་གཟིགས་གོང་མ་ཆེན་པོའི་བཀའ་དྲིན་སབས་ཆེད་རྗེས་དྲན་ཙམ་གྱི་མི་མཆོག་པར། ཁོང་གི་ཡང་སྲིད་ཕྲལ་མྱུར་ང་ཚོའི་བསོད་ནམས་བགོས་སྐལ་དུ་མངོན་འགྱུར་ཡོང་བའི་འབད་བརྩོན་ཅི་ནས་ཀྱང་གནང་སྐྱོངས་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུ་བ་ལགས་ན་ཕྲལ་དུ་ལས་སྐུལ་འགོ་འཛུགས་ཐུབ་པའི་རེ་བ་ཞུ་བཞིན་མཆིས།། །།
༧ཀུན་གཟིགས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་མཆོག་གི་དབུས་༧པཎ་ཆེན་གོང་མ་རྣམས་ཀྱི་བཀའ་དྲིན་བསམ་ནས། ཡང་སྲིད་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྲལ་མ་ཉིད་དུ་རྒྱའི་བཙོན་འོག་ནས་གློད་བཀྲོལ་ཡོང་ཆེད།བོད་དོན་ཆེད་ཕྱག་ལས་གནང་མཁན་ཡོངས་དང་ལྷག་པར་བོད་མི་ཚང་མས་ཕྲལ་མྱུར་ལས་སྐུལ་ཤུགས་ཆེ་ལ་་་རྒྱུན་འཁྱོངས་བ་ཞིག་ཅི་ནས་ཀྱང་གནང་རོགས།། །།
ང་ཚོས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཁྲུངས་སྐར་ལ་དུས་ཆེན་ལ་འཚམས་འདྲི་ཞུ་བ་དང་། ཐ་མལ་སྐུ་གེགས་ཀྱི་མཚན་མ་ངན་པ་མྱུར་དུ་ཞི་ནས་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་སྨོན་ལམ་ཞུ།
དྲ་གྲོགས་ཚོས་གོང་མཆོག་ནས་མཛད་པའི་པཎ་ཆེན་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འདི་བཞིན་རྒྱུན་དུ་ཞལ་འདོན་གནང་ནས་གསོལ་བ་འདེབས་གནང་རོགས།
ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་༧རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོའི་༧ཞབས་བརྟན་གསོལ་འདེབས་བཞེད་དོན་ལྷུན་འགྲུབ་བྱ་བ་བཞུགས་སོ།། །།
དཔལ་ལྡན་སྟོབས་བཅུའི་དཔལ་མངའ་ཤཱཀྱའི་རྒྱལ།
ཚེ་དང་ཡེ་ཤེས་དཔག་མེད་མགོན་པོ་སོགས།
སྐྱབས་ཡུལ་རབ་འབྱམས་རྒྱལ་བའི་ཚོགས་རྣམས་ཀྱིས།
དེང་འདིར་དགེ་ལེགས་རྒྱ་མཚོའི་ཆར་ཆེན་ཕོབས།
ཇི་སྙེད་མོས་ཁམས་རྒྱ་མཚོའི་རྗེས་སོང་བའི།
སྒྱུ་འཕྲུལ་བཀོད་པ་མ་འགགས་མཐའ་ཀླས་པས།
བྱེ་བ་ཕྲག་བརྒྱའི་ཞིང་རྣམས་ལེགས་སྐྱོང་བ།
དཔལ་ལྡན་ཐུབ་པ་རྣམས་ཀྱི་ཁྱད་ཆོས་ཉིད།
བསིལ་རིའི་ཕྲེང་མཛེས་བྷོ་ཊའི་རྒྱལ་ཁམས་སུ།
མཁས་དང་གྲུབ་པའི་དཔལ་ཡོན་ཡོངས་རྫོགས་པའི།
དམ་པའི་འཁྲུངས་རབས་ཚར་དུ་དངར་བ་ཡིས།
བསྟན་ལ་སྟོན་པའི་རྣམ་ཐར་རྨད་དུ་བྱུང།
བློ་བཟང་ཆོས་ཀྱི་རྒྱལ་མཚན་སྒྲེང་བའི་མགོན།
རིམ་བྱོན་ཀུན་གཟིགས་མཚན་གྱི་སྙན་པ་ཅན།
སྐྱེས་མཆོག་ཨུ་དུམ་ཝ་རའི་ཕྲེང་བ་ཡིས།
ལུང་རྟོགས་ཐུབ་བསྟན་བ་གམ་མངོན་པར་མཛེས།
ཉི་མའི་གཉེན་གྱི་མདོ་སྔགས་བསྟན་པའི་སྲོལ།
འཛིན་མཁས་དགེ་འདུན་འདུས་པའི་གཙུག་གི་རྒྱན།
ཡེ་ཤེས་སྒྲིབ་བྲལ་འཕྲིན་ལས་ཕུན་སུམ་ཚོགས།
སྐྱེ་རྒུའི་འདྲེན་པ་མཆོག་ལ་གསོལ་བ་འདེབས།
རྒྱ་ཆེན་བསྟན་འགྲོའི་ནོར་འཛིན་སྐྱོང་བ་ལ།
ཟླ་མེད་མཁྱེན་བརྩེའི་ནུས་པའི་དཔལ་ཡོན་རྫོགས།
དོན་དམ་དགེ་ལ་རབ་འདུན་སྐལ་ལྡན་ཚོགས།
སྨིན་མཛད་འགྲོ་བའི་མགོན་པོར་བརྟན་བཞུཌ་གསོལ།
ཐོས་བསམ་སྒོམ་པའི་དཀྱིལ་འཁོར་རབ་ཏུ་རྒྱས།
མཁྱེན་རབ་ཡེ་ཤེས་སྣང་བ་ལྷམ་མེར་གསལ།
ཁམས་གསུམ་མ་རིག་མུན་སེལ་འཕྲིན་ལས་ཅན།
བསྟན་འགྲོའི་ཉི་མ་ཆེན་པོར་ཞབས་བརྟན་ཤོག
སྤངས་རྟོགས་ཕུན་ཚོགས་ནོར་བུའི་མཛོད་བརྙེས་ཤིང་།
དཔལ་ལྡན་སྡེ་བཞིའི་འབྱོར་བ་བཟང་པོ་ཡིས།
གངས་ཅན་འགྲོ་ལ་རྫོགས་ལྡན་གསར་པའི་དཔྱིད།
འདྲེན་པའི་བྱེད་པོ་མཆོག་ཏུ་ཞབས་བརྟན་ཤོག
ཐུབ་བསྟན་སྤྱི་དང་འཇམ་མགོན་ཙོང་ཁ་པའི།
རིང་ལུགས་དྲི་མེད་སྲིད་མཐར་ལེགས་སྐྱོང་སླད།
རྨད་བྱུང་མཁས་བཙུན་བཟང་པོའི་ཡོན་ཏན་ཀུན།
ལྷུན་རྫོགས་འགྲོ་བའི་བླ་མ་ཞབས་བརྟན་གསོལ།
གང་ལ་རྩེ་གཅིག་དད་གུས་ཟབ་མོ་ཡིས།
བསྙེན་ཅིང་གསོལ་བ་འདེབས་པའི་གུས་སློབ་སོགས།
མཐའ་ཡས་ཡིད་ཅན་ཆོས་མཐུན་བསམ་དོན་ཀུན།
འབད་མེད་འགྲུབ་པའི་དགེ་མཚན་ཡུན་གནས་ཤོག
མདོར་ན་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་བཅུད།
གང་གི་གསང་གསུམ་ཟུངས་སུ་ལེགས་སྨིན་ཏེ།
མཐའ་དག་འགྲོ་འདི་འཕྲལ་དང་གཏན་བདེའི་སར།
འགོད་པའི་བཞེད་དོན་ལྷུན་གྱིས་འགྲུབ་གྱུར་ཅིག
མཆོག་གསུམ་བྱིན་དང་རྟེན་འབྱུང་ཆོས་ཉིད་སྟོབས།
སྲིད་གསུམ་བདག་མོ་བེག་ཙེ་ལྕམ་དྲལ་སོགས།
དམ་ལྡན་བསྟན་སྲུང་ཚོགས་ཀྱི་ཕྲིན་ལས་མཐུས།
སྨོན་པའི་གནས་ཀུན་གེགས་མེད་འགྲུབ་གྱུར་ཅིག །
༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་མཛད་པའོ།། །།
རྒྱས་པ་མ་འཁོམ་ན་ངེས་པར་དུ་འདི་འདོན་རོགས།།
ཉི་མའི་གཉེན་གྱི་མདོ་སྔགས་བསྟན་པའི་སྲོལ།།
འཛིན་མཁས་དགེ་འདུན་འདུས་པའི་གཙུག་གི་རྒྱན།།
ཡེ་ཤེས་སྒྲིབ་བྲལ་འཕྲིན་ལས་ཕུན་སུམ་ཚོགས།།
སྐྱེ་དགུའི་འདྲེན་པ་མཆོག་ལ་གསོལ་བ་འདེབས།།
ཐུབ་བསྟན་སྤྱི་དང་འཇམ་མགོན་ཙོང་ཁ་པའི།།
བསྟན་པའི་པད་ཚལ་ཉིན་མོར་བྱེད་པའི་མགོན།།
དད་ལྡན་གདུལ་བྱས་རྩེ་གཅིག་གསོལ་བཏབ་མཐུས།།
དཔའ་ལྡན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག།
བླ་མ་ཡིད་དམ་རྣམས་ཀྱིས་བྱིན་རླབས་དང་།།
བསྟན་སྲུང་དམར་ཟོར་རྒྱལ་མོའི་མཐུ་སྟོབས་ཀྱིས།།
གངས་ཅན་མགོན་པོ་རྒྱལ་བ་ཡབ་སྲས་གཉིས།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་འགྲུབ་ཤོག། །།
ངས་རྒྱལ་བ་ཡབ་སྲས་གཉིས་ཀྱི་ཞབས་བརྟན་གསོལ་འདེབས་ཉིན་ལྟར་ཆད་མེད་འདོན་གྱི་ཡོད། ང་རང་བསོད་ནམས་གསོག་ཆེད་ཁོ་ན་ཡིན།
ཡིག་འབྲུ་ཁྲི་བདུན་དྲན་ན་པཎ་ཆེན་བདུན་ཕྲག་སྲུང་དང་།།
ཡང་དར་བསྟན་པ་དྲན་ན་པཎ་ཆེན་བདུན་ཕྲག་སྲུང་དང་།།
སླར་དར་རིག་གཞུང་དྲན་ན་པཎ་ཆེན་བདུན་ཕྲག་སྲུང་དང་།།
རིགས་ཀྱི་འདུ་ཤེས་དྲན་ན་པཎ་ཆེན་བདུན་ཕྲག་སྲུང་དང་།།
རྒྱལ་བ་ཡས་སྲས་བསམས་ན་པཎ་ཆེན་བདུན་ཕྲག་སྲུང་།
པཎ་ཆེན་བཀའ་དྲིན་དྲན་ན་པཎ་ཆེན་བདུན་ཕྲག་སྐྱོང་དང་།།
ཡང་སྲིད་ཉི་མ་དྲན་ན་པཎ་ཆེན་བདུན་ཕྲག་སྲུང་དང་།།
བོད་ལ་དགའ་ཞེན་ཡོད་ན་པཎ་ཆེན་བདུན་ཕྲག་སྲུང་དང་།།
བོད་ཀྱི་རིག་གཞུང་བསམས་ན་པཎ་ཆེན་བདུན་ཕྲག་སྲུང་དང་།།
བོད་ཀྱི་ནང་བསྟན་བསམས་ན་པཎ་ཆེན་བདུན་ཕྲག་སྐྱོང་དང་།།
བོད་མིར་ཤ་ཞེན་ཡོད་ན་པཎ་ཆེན་བདུན་ཕྲག་འཛིན་དང་།།
འདས་དང་མ་འོངས་བསམས་ན་པཎ་ཆེན་བདུན་ཕྲག་བརྩི་དང་།།
ད་ལྟ་སྐབས་བབས་ང་ཚོས་༧ཀུན་གཟིགས་པཎ་ཆེན་བཅུ་གཅིག་པ་ཆེན་པོའི་སྐུའི་འཁྲུངས་སྐར་ལ་བརྩིས་སྲུང་ཞུ་རྒྱུ་དང་། དེ་རིང་ནསབཟུང་ཁོང་རྒྱའི་བཙོན་འོག་ནས་གློད་བཀྲོལ་ཡོང་ཐབས་གཙོ་འདོན་བྱ་དགོས་པ་ལས།རང་ཉིད་ཀྱི་ཉེ་ཕྱོགས་ཁྱབ་བསྒྲགས་ཡོང་ཐབས་ལ་གཙོ་བོར་འབད་ན་བྱ་ངན་དེས་ལས་སྐུལ་གྱི་ངོ་བོ་རང་བཞིན་གྱི་ནུས་མེད་དུ་འགྲོ་རྒྱུར་སོང་།ལས་སྐུལ་བ་སུ་འདྲ་ཞིག་ཡིན་རུང་སྤྱི་པའི་བདེན་དོན་བསམ་ནས་གངས་ཅན་པ་ཡོངས་ཀྱི་བཀའ་དྲིན་གྱི་བདག་ཉིད།༧ཀུན་གཟིགས་གོང་མ་ཆེན་པའི་ཡང་སྲིད་༧པཎ་དགེ་འདུན་ཆོས་ཀྱི་ཉི་མ་ཕྲལ་མ་ཉིད་དུ་ང་ཚོའི་བསོད་ནམས་ཞིང་དུ་དངོས་མཇལ་ཡོང་ཐབས་ལ་འབད་བརྩོན་ཤུགས་ཆེ་གནང་གལ་ཆེའོ།།
བོད་མིའི་ངེས་དོན་གྱི་སྐྱབས་མགོན། མུ་གེ་དང་འཇིགས་སྐྲག ཡ་ང་བྲལ་བའི་དུས་ཀྱི་དཀྱོག་མཚམས་ཆེན་པོ་དེའི་ནང་བོད་མི་རིགས་ཀྱི་དོན་དུ་ཞུམ་པ་མེད་པར་ཁ་ཡོད་ལག་ཡོད་ཀྱི་རང་གི་ས་གནས་ས་ཐོག་ཏུ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་ངང་ནས་ཕྱག་ལས་གནང་མཁན་༸ཀུན་གཟིགས་༸པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱིི་རྒྱལ་མཚན་དཔལ་བཟང་པོ་མཆོགབོད་མི་རིགས་ཀྱི་བདེ་སྡུག་དང་། རང་གི་ཡབ་མེས་ཀྱི་རིག་གཞུང་ལོ་ངོ་སྟོང་ཕྲག་ལྷག་གི་རིང་སྔོན་བྱོན་མཁས་དབང་ཁྲི་ཕྲག་གིས་འབད་འབུངས་གསར་དུ་གཏོད་དེ་ཤུལ་དུ་བཞག་པའི་ཕུན་གསུམ་ཚོགས་པའི་སྐད་ཡིག་དང། གཅིག་གྱུར་གྱི་རང་བཞིན། གོ་བདེ་དོན་ཟབ་ཀྱི་ལེགས་ཆ་དང་བཅས་གང་ཐད་ནས་མི་དམན་པའི་བོད་ཡིག་འདི། རླུང་རྩུབ་ཁྲོད་ཀྱི་མར་མེ་ལྟ་བུ་ཡ་ང་བའི་གནས་སྟངས་འདི་ནས་སྐྱོབ་ཆེད་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་མི་ལོ་ཧྲིལ་པོ་ཉི་ཤུ་ལྷག་ཙམ་འདས་ཟིན།
ད་ནས་བཟུང་སྟེ་བོད་གཞུང་མང་གཉིས་ནས་༸ཀུན་གཟིགས་མཆོག་སྤྲུལ་རིན་པོ་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་ལ་སོགས་པ་གློད་གྲོལ་གྱི་ཆེད་དུ་ལས་འགུལ་ནུས་ལྡན་ཞིག་སྤེལ་དགོས་པ་མ་ཟད་༸པཎ་ཆེན་རིན་པོ་ཆེའི་ཆེད་དུ་དམིགས་བསལ་གྱི་ལས་འགུལ་འདྲ་མིན་ཞིག་སྤེལ་རོགས།
པཎ་ཆེན་སྐུ་འཕྲེང་དགུ་པ་ཆོས་ཀྱི་ཉི་མ་ནི། རབ་བྱུང་བཅོ་ལྔ་པའི་ཆུ་ལུག་སྤྱི་ལོ་༡༨༨༣ལོར་སྐུ་འཁྲུངས། ལྷ་སའི་ཇོ་བོའི་མདུན་དུ་གསེར་བུམ་དཀྲུགས་ཏེ་པཎ་ཆེན་སྐུ་འཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་གི་ཡང་སྲིད་དུ་ཐག་བཅད། དགུང་ལོ་དྲུག་པའི་ཐོག་རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ལས་སོ་སོར་ཐར་པའི་ཚིགས་སྔ་མའི་སྡོམ་པ་ཡང་དག་པར་བཞེས་ཏེ་མཚན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་ཞེས་གསོལ། ཡོངས་འཛིན་དམ་པ་བློ་བཟང་བསྟན་འཛིན་དབང་རྒྱལ་བསྟེན་ཏེ་གཞུང་ལུགས་རབ་འབྱམས་ཀྱི་ཚིག་དོན་ལ་མཁས་པར་གྱུར། དགུང་ལོ་བཅུ་དགུ་པའི་ཐོག་ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་གོང་ས་རྒྱལ་བའི་དབང་པོ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་ལྔ་པར་དབྱིན་ཇིས་གདན་འདྲེན་ཞུས་པ་ལྟར་རྒྱ་གར་དུ་ཕེབས་ཏེ། བཙན་འཛུལ་གྱི་དམག་གདུག་པ་ཅན་རྣམས་ལ་བཀོད་པ་ལུས་ཀྱི་རྫུ་འཕྲུལ་སྣ་ཚོགས་བསྟན་ཏེ་གདུག་སེམས་བྱང་ཞིང་བཀའ་ལས་མི་འདའ་བར་གྱུར་པའི་ངོ་མཚར་བའི་ལོ་རྒྱུས་ཀྱང་ཤིན་ཏུ་མང་ངོ་། །དགུང་ལོ་སོ་གཉིས་པར་གཙང་གི་བྱམས་ཆེན་ཏེ་མ་འོངས་བྱམས་པ་མགོན་པོའི་སྣང་བརྙན་རྒྱུ་ཟངས་གསེར་ལས་གྲུབ་ཅིང་མཐོ་ཁྱད་སྨི་༢༦.༢ཅན། འཛམ་གླིང་འདི་ན་དཔེ་ཟླ་བཙལ་དུ་མེད་པའི་རིང་བསྲེལ་རྣམ་བཞིས་ཕྱུར་བུར་གཏམས་ཤིང་ཡེ་ཤེས་པ་མངོན་སུམ་དུ་བཞུགས་པའི་བྱིན་རླབས་ཀྱི་གཟི་འོད་འབར་བ་དེའི་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད། སྐུ་རྒྱུའི་གཙོ་བོ་ཟངས་དང་གསེར་གཉིས་ལའང་། ཟངས་སྤྱི་རྒྱ་ཆིག་འབུམ་ཆིག་ཁྲི་དང་། གསེར་སྤྱི་རྒྱ་ཉིས་བརྒྱ་དང་ཉེར་དགུ་སོང་། མཛོད་སྤུའི་རྒྱུ་དབུས་སུ་རྡོ་རྗེ་ཕ་ལམ་སྟར་ཀ་ཙམ་དང་མཐའ་སྐོར་དུ་རྡོ་རྗེ་ཕ་ལམ་རྒྱ་སྲན་གྱི་ཚད་ཙམ་བཅུ་ཕྲག་གསུམ་གྱིས་མཛེས་པ། དེའི་མཐའ་སྐོར་དུ་མུ་ཏིག་བརྒྱ་ཕྲག་གསུམ་དང་། བྱུ་རུ་ཆིག་སྟོང་། དེ་མཚུངས་ཀྱི་གཡུ་དང་སྤོས་ཤེལ་སོགས་རིན་པོ་ཆེ་སྣ་ཚོགས་ལས་བསྒྲུབ་ཚུལ་《བོད་བརྒྱུད་ནང་བསྟན་སྒྱུ་རྩལ་》ཞེས་པ་ལས་གསལ་བས། མཛོད་སྤུའི་རིན་ཐང་ཙམ་ཡང་གཞལ་བར་དཀའ་ན། དེའི་ནང་གཞུག་དང་། འཇིག་རྟེན་ན་དཀོན་པའི་རིན་པོ་ཆེའི་རིགས་ཀྱི་ཕྲ་རྒྱན་དང་། བཟོ་སྐྲུན་གྱི་གླ་ཕོགས། རབ་ཏུ་གནས་པར་བྱེད་པའི་མཛད་སྒོའི་འགྲོ་སོང་བཅས་ཀྱིས་གནོད་སྦྱིན་རྣམ་ཐོས་བུ་ཡང་སྐྱེངས་པར་བྱེད་པའི་ལོངས་སྤྱོད་ཀྱི་གཏེར་ཆེན་པོས་མ་འོངས་སྐལ་ལྡན་རྣམས་ཀྱི་བསོད་ནམས་ཀྱི་ཞིང་ས་ཆེན་པོ་བཀོད་ལེགས་རྫོགས་ལྡན་ལ་ཡོངས་སུ་འགྲན་པ་དེ་བཞེངས་སོ། །
དེ་ནས་བོད་ཀྱི་གཡོ་ཅན་འགའ་ཞིག་གིས་རྒྱལ་དབང་དང་པཎ་ཆེན་རིན་པོ་ཆེ་གཉིས་ཀྱི་བར་སེལ་འཇུག་དང་དཀྲུགས་ཤིང་བྱས་པའི་རྐྱེན་ལས། དགུང་ལོ་ཞེ་གཅིག་པར་བྱང་ཐང་བརྒྱུད་པེ་ཅིང་དུ་ཕེབས་པར་ཀྲུང་ཧཱ་མིན་གོའི་ཞི་དྲག་དཔོན་རིགས་ཐམས་ཅད་ཀྱིས་འཇམ་དབྱངས་གོང་མ་མཆོད་ཡོན་གྱི་མཛད་སྲོལ་ལྟར་སྣེ་ལེན་དང་བཀུར་བསྟི་རྒྱ་ཆེན་པོ་ཐོབ། དེ་ནས་སྐུ་ཚེ་དེ་ཉིད་དུ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་ཆེན་པོ་དུ་མ་ཡོངས་འཛིན་དུ་བཞེས་ནས་མདོ་སྔགས་ཆོས་ཚུལ་ཟབ་རྒྱས་མཐའ་ཡས་པ་གསན་ཅིང་ཉམས་བཞེས་དང་རྒྱ་ནག་གི་བྱང་ཤར་དང་། སོག་པོ་ནང་མ། ནན་ཅིན། ཧང་ཀྲོའུ། བླ་བྲང་བཀྲ་ཤིས་འཁྱིལ། སྐུ་འབུམ་བྱམས་པ་གླིང་སོགས་དགོན་སྡེ་ཆེན་མོ་དང་ཡུལ་གྲུ་མང་པོར་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སྐུ་ཚེ་དེར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལན་དགུ་བསྩལ། མི་རིགས་མང་པོའི་གདུལ་བྱ་གྲངས་ལས་འདས་པ་ཞིག་སྨིན་གྲོལ་གྱི་ལམ་ལ་བཀོད། རྩོམ་ཆོས་ཀྱང་དགའ་ལྡན་ལྷ་བརྒྱ་མའི་ཟིན་བྲིས་དང་། ལམ་རིམ་ཚིགས་བཅད་མ། ལམ་སྒྲོན་འགྲེལ་པ་སོགས་པོད་བཞི་ཙམ་བཞུགས། དགུང་ལོ་ལྔ་བཅུ་ང་གཅིག་པར་དབུས་གཙང་དུ་ཕེབས་རྒྱུའི་ཐུགས་ཐག་བཅད་དེ་ཁམས་སྐྱེ་དགུ་མདོར་ཕེབས་ཀྱང་རྐྱེན་སྣ་ཚོགས་ཀྱིས་ཆིབས་བསྒྱུར་མ་ཐུབ་པར། དགུང་ལོ་ང་ལྔ་བཞེས་པ་རབ་བྱུང་བཅུ་དྲུག་པའི་མེ་གླང་སྤྱི་ལོ་༡༩༣༧ལོར་བོད་ཟླ་དགུ་པའི་ཚེས་ཉེར་བརྒྱད་ཉིན་སྐྱེ་དགུ་ཀླུ་ཤོད་དགོན་དགའ་ལྡན་ཆོས་འཁོར་གླིང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། ། བོད་ལྗོངས་རིགས་གནས་དྲྭ་བ་ནས་ཕབ་བཤུས་བྱས།
རྩོམ་པ་པོ་ལགས། གངས་ཅན་པ་རྣམས་དཀའ་ངལ་ཤིན་ཏུ་ཆེ་བའི་སྐབས། ༧ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་གིས་བོད་མིའི་རང་དབང་དང་བདེ་སྐྱིད་ཆེད།་སྐུ་ངལ་འཛེམ་མེད་ཀྱིས་ཡིག་འབྲུ་ཁྲི་བདུན་ཞེས་པ་ཡོངས་སུ་གྲགས་པ་དེ། སྡུག་རྩུབ་དང་ཧམ་སེམས་ཆེ་བའི་རྒྱ་དམར་གུང་ཁྲན་གཞུང་ལ་གནང་བ་སོགས། བསམ་བརྗོད་ལས་འདས་པའི་བོད་མི་རྣམས་ལ་བཀའ་དྲིན་བསྐྱངས་པ་ཉིད་ཀྱིས་མ་བརྗེད་པར་བཀའ་དྲིན་རྗེས་དྲན་བཞུ་འཆར་གྱི་འབོད་སྐུལ་གནང་བར། གུས་པས་ལག་གཉིས་འཐབ་མོ་འབྱར་རེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་བཞིན་མཆིས་ལགས། ༢༠༡༢༔ ༤ ༔༢༥ཉིན་༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཉི་མ་མཆོག་འཁྲུངས་ནས་དགུང་ལོ་༢༣ ཧྲིལ་པོ་འཁོར་བའི་སྐུའི་འཁྲུངས་སྐར་ཡིན་ཡང་།སྐལ་པ་དམན་པ་ཞིག་ལ་གུང་ཁྲན་གཞུང་གི་བྱ་ངན་གྱིས་ཁོང་ད་ལྟ་་་སྐུ་འཚོ་བཞུགས་ཡིན་མིན་མ་ཤེས་པའི་དུས་སྐབས་ལ་གྱུར་ཡོད། མ་འོང་པར་༧ཀུན་གཟིགས་གོང་མའི་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག ངག་དབང་ཆོས་འཕེལ་གྱི་སྐྱེད་མས་ངག་ཆོས་བཙོན་གྲོལ་ཡོང་ཐབས་ལ་འབད་པ་ལྟར་ང་ཚོས་ཀྱང་༧ཀུན་གཟིགས་གོང་མ་ཆེན་པོའི་བཀའ་དྲིན་སབས་ཆེད་རྗེས་དྲན་ཙམ་གྱི་མི་མཆོག་པར། ཁོང་གི་ཡང་སྲིད་ཕྲལ་མྱུར་ང་ཚོའི་བསོད་ནམས་བགོས་སྐལ་དུ་མངོན་འགྱུར་ཡོང་བའི་འབད་བརྩོན་ཅི་ནས་ཀྱང་གནང་སྐྱོངས་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུ་བ་ལགས་ན་ཕྲལ་དུ་ལས་སྐུལ་འགོ་འཛུགས་ཐུབ་པའི་རེ་བ་ཞུ་བཞིན་མཆིས།། །།
ཁོང་ནི་ངེས་དོན་གྱི་ང་ཚོ་མི་རིགས་འདིའི་དཔའ་རྒོད་ཅིག་ཡིན།
ནམ་ཡང་སེམས་ནས་ཡལ་བ་མེད་པའི་དཔའ་རྒོད་ཅིག་ཡིན།