ཙ་སུར་སྦྱིན་པ།
བོད་མི་རྫུན་མ།
རུས་ཙམ་དང་ཁ་ནས་བོད་པ་ཡིན་ཟེར་བ་ལས་ལུས་ངག་གི་བྱ་བ་གང་ཡིན་ཡང་། རང་ཁྱིམ་ནང་ནས་ཀྱང་བོད་སྐད་མི་བཤད་པ་དང་བོད་ཡིག་མི་ཤེས་པར་མ་ཟད་སྦྱང་འདོད་པའི་འདུ་ཤེས་ཀྱང་མེད་པ། ཁྱིམ་ཚང་ན་བོད་ལྭ་དང་བོད་ཟས་ཀྱི་དྲི་ཙམ་ཡང་མི་བྲོ་བ། རང་ཁྱིམ་དང་ས་གནས་གང་ཞིག་ཡིན་ཡང་གཞན་སྐད་དང་གཞན་ཡིག གཞན་གོས་དང་གཞན་ཟས་མ་གཏོགས་ལོངས་སུ་སྤྱོད་མི་ཤེས་པ་དེའི་རིགས་ནི་བོད་མི་རྫུན་མ་ཟེར་རྒྱུ་ཡིན།
ཕ་མ་རྫུན་མ།
འདོད་དབང་དང་འཁྲིག་སྤྱོད་ཀྱི་དབང་གིས་མངལ་ནས་བཙས་པ་མ་གཏོགས། དེ་མི་ཞིག་ཡིན་པའི་འཇོན་ནུས་དང་ཤེས་རབ་ཀྱི་འོད་སྣང་མི་སྦར་བ། མི་གྲལ་དུ་མི་འཇོག་པར་ཟོག་གྲལ་དུ་མངགས་པ། བོད་ལྭ་མི་ཉོ་བར་གཞན་གྱི་གོས་ལྭ་ཉོས་ཏེ་དེར་དགའ་རུ་འཇུག་པ། རང་རིགས་ལ་མི་སྙེག་པར་གཞན་རིགས་ལ་སྐྱེས་བདོག་བྱིན་ནས་འཚང་དུ་འཇུག་པ། ཕུགས་བསམ་ལ་མི་བལྟ་བར་དངུལ་ལོ་ལ་བལྟ་བ། ཐ་ན་རང་ཁྱིམ་གྱི་ལས་ཀ་ཙག་ཙིག་ཡང་གཅིག་ཀྱང་སློབ་དུ་མི་འཇུག་པ་སོགས་རང་གི་ཤ་དང་ཁྲག་ལས་མཆེད་པའི་བྱིས་པ་གང་འདོད་འདོད་ངང་ལང་ཤོར་དུ་བཞག་སྟེ། ཅི་ཡང་མེད་པའི་དབུལ་བོར་དབུལ་ནག་གཏོང་བ་དེའི་རིགས་ནི་ཕ་མ་རྫུན་མ་ཟེར་རྒྱུ་ཡིན།
དགེ་རྒན་རྫུན་མ།
སྦྱང་བྱ་དང་ཁྲིད་བྱ་གང་ཞིག་ཡིན་ཡང་མིག་མདུན་གྱི་བྱིས་པ་ཚོའི་འཇོན་ཐང་དང་དད་མོས། དགའ་ཁ་འཁྱེར་ཕྱོགས་གཙོར་འཛིན་མི་བྱེད་པ། རང་གི་མི་ཤེས་བ་བཞག་སྟེ་སློབ་བུ་ཚོར་གཅར་རྡུང་དང་བཙན་ཐབས་ཁོ་ན་མ་གཏོགས་ཐབས་མི་འཚོལ་བ། སློབ་བུ་ཚོར་རང་གི་སྒོ་སྲུང་མཁན་དང་རང་ཁྱིམ་གྱི་བྲན་གཡོག་ལྟ་བུའི་སྣང་ཚུལ་ལས་གཞན་མནོ་བསམ་ཅི་ཡང་མེད་པ། རང་གིས་མི་འཇོན་ན་ཡང་ཁ་ཤོབ་འཐེན་ཏེ་ཨུ་ཚུགས་ཀྱིས་འགྱིང་བ། རང་དོན་ཁོ་ནས་ཉི་མ་འཁྱོལ་ཐབས་དང་རང་གི་ཟླ་ཕོགས་ལས་བྱིས་པ་ཚོའི་མདུན་ལྗོངས་དང་ང་ཚོའི་མ་འོངས་པའི་རྒྱུན་འཛིན་དང་བདག་པོ་ཚོའི་འཚོ་བར་གདོང་མཆོང་མི་ནུས་ཤིང་ལྷག་བསམ་དང་བསམ་བློ་མེད་པ་དེའི་རིགས་ནི་དགེ་རྒན་རྫུན་མ་ཟེར་རྒྱུ་ཡིན།
བླ་མ་རྫུན་མ།
ཆོས་ལུགས་ཁག་གི་མིང་བྱང་གཡར་མའམ་ཉོས་མ་ཞིག་ཁྱེར་ནས་རང་ཁོ་ནས་ལྟོ་རྒྱབ་ལ་ཤི་འཐབ་རོ་འཐབ་བྱེད་ཅིང་། བསྟན་པ་དང་འགྲོ་བ། བཤད་དང་སྒྲུབ་པའི་བྱ་བཞག་ལ་ལག་རྗེས་ཅུང་ཙམ་ཡང་ཕར་བཞག རང་ངོ་ཡང་འཚོ་མི་ཤེས་ཤིང་མཆོག་གསུམ་གྱི་གྲངས་འདྲེན་ཡག་པོ་ཙམ་ཡང་གསེད་བཀྲོལ་དཀའ་བ། ད་རུང་མི་ཚོགས་མགོ་ནས་དབང་བསྐུར་བ་དང་རྒྱུད་བཤད་པ། མན་ངག་ཡིན་ཞེས་བསྒྲགས་དང་སྒྲོག་བཞིན་ཡོད་པ་མ་ཟད། ཆོས་ལ་དགའ་ཞིང་དང་བ་ཡོད་ཀྱང་ཆོས་ལུགས་རྣལ་མའམ་ཡག་པོ་ཞིག་མི་ཤེས་པའི་རྒྱ་མི་ཚོའི་གྲལ་མགོ་ན་སྒོར་མོ་སྒོམ་ཞིང་དངུལ་ལོ་རྐྱང་རྐྱང་གཉེར་མཁན་དེའི་རིགས་ནི་བླ་མ་རྫུན་མ་ཟེར་རྒྱུ་ཡིན།
གྲྭ་བ་རྫུན་མ།
ཚད་མའི་སྐྱེས་ཆེན་དག་གི་ཐུགས་སྤོབས་དང་ཡོན་ཏན་གྱིས་བསྐྱེད་དང་སྐྱེད་བཞིན་པའི་མཐུ་དང་བྱིན་རླབས་ཀྱི་ནུས་པས། གོས་ངུར་སྨྲིག་གྱོན་པའི་མི་ཚང་མར་གོང་བཀུར་ཡོད་པའི་མི་གཞི་དྲང་བོ་དེའི་ཤུགས་ལས། ལྔ་བདོའི་སྙིགས་མའི་དུས་མཐར་ཕྱིའི་ཁ་དོག་ཙམ་ལས་ནང་སྡེ་སྣོད་གསུམ་གྱི་ཡོན་ཏན་དང་ཕྱི་བསླབ་པ་གསུམ་གྱི་ཉམས་ལེན་བྲལ་ཅིང་། སྒོ་གསུམ་ལ་སྡོམ་གསུམ་དབེན་པའི་ཕྱི་རྫིག་ནང་སྟོང་གི་བརྗིད་ཉམས་འཛིན་མཁན་དང་། རང་ཉིད་ཀྱི་ཆེད་ལས་གང་ཞིག་དང་ལས་གནས་གང་ཞིག་འཛིན་དགོས་པ་མི་ཤེས་རུང་བསམ་གཞིགས་ཤིག་ཀྱང་མི་གཏོང་བར། ནང་སེམས་ཉོན་མོངས་ཀྱིས་བཟི་ངར་ཆེ་ཞིང་། ཕྱིའི་ཁ་དོག་གིས་དངུལ་ལོ་གཉོར་སྐྱོང་ལ་མཁས་པའི་དཀོར་གཟན་མཁན་དེའི་རིགས་ལ་གྲྭ་བ་རྫུན་མ་ཟེར་རྒྱུ་ཡིན།
སློབ་མ་རྫུན་མ།
ཆུང་དུས་ནས་བཟུང་མི་ལོ་མང་བོ་སློབ་གྲྭར་སོང་ཞིང་སློབ་གྲྭ་བ་ཡིན་ཟེར་ནས། ཕ་མ་ཚོའི་རྔུལ་ཁྲག་ལ་བརྗེས་པའི་སྒོར་མོ་མང་བོ་བརླགས་རློག་ནས། ཕྱིར་རང་ཡུལ་དུ་ཡོང་དུས་ཕ་མར་ཁ་ལོག་ཚིག་ལོག་དང་ཐ་ན་རང་རིགས་ཀྱི་ཟས་མཆོག་སྦྲང་དཀར་རྩམ་པ་ཡང་བརྫི་མི་ཤེས་པར་གཞན་ཟས་ཏག་ཏག་སྤྱོད་ལ་དགའ་ཞིང་། རང་སྐད་བཤད་ན་ལྡབ་ལྡིབ་དང་རང་ཡིག་བྲིས་ན་འཁྱར་འཁྱོར། རང་ལྭ་མི་ཡག་ཚུལ་དང་གཞན་ལྭ་བདེ་ཚུལ་གྱིས་བོད་གོས་གཡུགས་ཏེ་གཞན་གོས་གྱོན་པ། རང་མི་མི་བཟང་ཚུལ་དང་གཞན་མི་བཟང་ཚུལ་གྱིས་ཨ་གསར་ངང་གཞན་རྗེས་རྒྱུག་པ། རང་གི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་རྗེས་ལུས་ཡིན་ཚུལ་དང་། ནང་སེམས་དང་ཕྱིའི་ཆ་ལུགས་སོགས་ར་མ་ལུག་དང་ཡ་མ་ཟུང་ལྟ་བུ། དུས་རྒྱུན་རང་ས་དང་རང་ཡུལ་གྱི་ཕུ་ནུ་མིང་སྲིང་ཚོར་དམའ་འབེབ་དང་མཐོང་ཆུང་ཏག་ཏག་བྱས་པ། སློབ་མ་ཞེས་པའི་མིང་རྐྱང་ཙམ་ལས་སློབ་སྦྱོང་བོར་བ་དེའི་རིགས་ལ་བོད་ཀྱི་སློབ་མ་རྫུན་མ་ཟེར་རྒྱུ་ཡིན།
སྐྱེས་པ་རྫུན་མ།
ལྷན་སྐྱེས་ཀྱི་མཚན་མ་མ་གཏོགས་ཕོ་རབ་ཟེར་བའི་རང་གི་བློ་སྤོབས་ལ་ཡིད་ཆེས་མེད་པ། རང་བཀུར་རང་རློམ་གྱི་ང་རྒྱལ་དང་རྟུལ་ཕོད་དབེན་པ། ནང་ལ་འཁོར་ན་དཔའ་བོ་སྟག་འདྲ་འདྲ། ཕྱི་དགྲར་གཏད་ན་སྡར་མ་ལྦ་འདྲ་འདྲ། ཕ་མར་ཚིག་ལོག་དང་ཆུང་མར་གཉའ་གནོན་གྱིས་སྡིག་དམོད་ཏག་ཏག་གི་ཁ་ལས་མང་བ། ཐ་ན་ཟ་མ་བཟའ་ཐུན་གཅིག་ལ་ཡང་རང་ངོ་ན་འཛུམ་དང་རང་ཁྱིམ་ན་དྲོད་མེད་པས་སྐྱ་ཆད་སྔོ་སྡུག་གི་འཚོ་བ་ཡིན་པ། དུས་རྒྱུན་ཁྱིམ་ཚང་ན་བཟའ་བཏུང་སྤྱོད་པའི་དུས་ཡུན་ལ་གཏན་ཁེལ་མེད་པར་རང་འདོད་ཡིན་པ། དེ་བཞིན་རང་གི་བཟའ་ཚང་ལ་ཡང་རྒན་གཞོན་གོ་རིམ་གྱི་སྒྲིག་ལམ་མེད་པར་འཐུས་ཤོར་དུ་བཏང་བ་དེའི་རིགས་ནི་བོད་པའི་སྐྱེས་པ་རྫུན་མ་ཟེར་རྒྱུ་ཡིན།
བོད་མོ་རྫུན་མ།
སེམས་ན་ཤེས་རབ་དང་བརྩེ་བ་མེད་པ། ལུས་ན་འཇོ་སྒེག་དང་མི་གཤིས་རྩུབ་པ། མིག་རྒྱང་ཐུང་ཞིང་རང་ཚུགས་མེད་པས་རང་མངལ་ན་ཆགས་པའི་བྱིས་པ་ཡིན་ཡང་རང་ངོས་ནས་སྐྱེས་སུ་མི་འཇུག་པར་གསོད་པའམ་གད་སྙིགས་དང་གཅིན་སྐྱག་གཏོང་སར་གཡུགས་པ། རྒྱུན་པར་ཁྱིམ་མི་གཞན་གྱི་རྒྱུ་ནོར་དང་དཔལ་འབྱོར་ལ་སྲེད་པ། ནང་ངང་རྒྱུད་ལ་མི་བལྟ་བར་ཕྱིའི་རྣམ་པ་གཙིགས་ཆེན་དུ་འཛིན་པ། ད་དུང་གཞན་གྱི་མདུན་ནས་མོའི་ལས་བརྩོག་པས་འདི་འདྲ་ཞིག་ལ་བུད་ཡོང་བ་རེད་ཟེར་གྱིན། རང་ངོ་མི་འཛིན་ཞིང་རང་ཁྱིམ་འདོར་བ། རང་གི་དགའ་བོ་ལ་ངོ་སོ་མི་སྟེར་བར་གཞན་མི་ཏག་ཏག་ལ་མཐོང་ཆེན་བྱས་པ་དེས། ཨ་མ་ཟེར་བ་ཞིག་གི་གཞི་འཛིན་ས་མེད་ཅིང་། དེ་ལྟར་རང་ཁྱིམ་ལྷས་རའི་སྒོ་ཟོག་དང་ནང་གི་ཐབ་ཁུང་ལ་ཡང་དྲོད་ཁོལ་ཅུང་ཙམ་རེར་སྦྱིན་མི་ཐུབ་པ་དེའི་རིགས་ནི་བོད་པའི་བོད་མོ་རྫུན་མ་ཟེར་རྒྱུ་ཡིན།
ཡོན་ཏན་རྫུན་མ།
རང་གིས་མི་ཤེས་རུང་གནས་ལུགས་མི་བརྩི་བར་ཨུ་ཚུགས་ཀྱིས་འགྱིང་མཁན། རང་གིས་མི་འཇོན་རུང་དྲང་གནས་མི་སྒྲོག་པར་རང་རློམ་ཆེ་མཁན། རང་གིས་མི་འཁྱོངས་རུང་དོན་དངོས་མི་བཤད་པར་རྫིག་ཉམས་སྟོན་མཁན་དང་། ལག་ལེན་མི་བསམ་པར་རེ་བ་དང་སྨོན་ལམ་ཁོ་ན་གཙོ་བོར་འཛིན་མཁན། གཞན་དོན་མི་སྙེག་པར་རང་གཅེས་དང་རང་དོན་ཁོ་ན་གཉེར་མཁན། བསམ་པ་མིན་རུང་རེ་བ་མི་འདོན་པར་གང་འདོད་ངང་འཇོག་མཁན། སྐྱིད་པོ་མིན་རུང་འབོད་སྐུལ་མི་རྒྱག་པར་ལྷོད་ལྷོད་ངང་འདུག་མཁན།སྔོན་ཐོན་མིན་རུང་རང་རིགས་མི་བསམ་པར་དལ་དལ་ངང་སྐྱུར་མཁན། འཕྲོད་བསྟེན་དང་བདེ་ཐང་མི་གཞིག་པར་སྙིགས་རོའི་བཟའ་བཏུང་ལོངས་སུ་སྤྱོད་མཁན། ཕུགས་འདུན་མི་བལྟ་བར་བོད་མི་ཚོའི་མདུན་ལམ་རློག་མཁན། སྐད་ཡིག་མི་སྦྱང་བར་རང་རིགས་ཚོའི་རུས་རྐང་དང་བླ་སྲོག་གཅོག་མཁན་དེའི་རིགས་ནི་ཡོན་ཏན་རྫུན་མ་ཟེར་རྒྱུ་ཡིན།
སྤྲང་བོ་རྫུན་མ།
དགོན་གྱི་སྐོར་མཐའ་དང་སྒར་གྱི་གྲལ་མཐའ། ད་དུང་མི་མང་འཚོགས་ས་དང་ལམ་གྱི་སུམ་འདོ་སོགས་ན། གྲྭ་བ་མ་ཡིན་པའི་གྲྭ་ལྭ་གྱོན་མཁན་དང་། ཇོ་མོ་མ་ཡིན་པའི་ཇོ་ཚུགས་འཛིན་མཁན། སྒར་ནས་ཕུད་ཅིང་གྲོང་ལ་འགྲོ་མི་ཐུབ་མཁན། སྡེ་ནས་བདའ་ཞིང་ས་མཐར་བསྐྱོད་མི་ཐུབ་པ་སྐོར་འདིའི་རིགས་སྤྲང་བོ་མིན་ལ། ཁོ་ཚོས་ཞོར་ལས་ཀྱི་སྣང་ཚུལ་ལས་རྒྱུ་དང་ཁྱིམ་ཚང་འཛོམས་པོ་རེད།དེ་མིན་བཟའ་ཚང་གང་བོར་ཡུལ་འཁྱམ་བྱས་ཏེ་གང་ས་གང་ནས་མར་ཕྱུར་དང་སྒོར་མོ་སློང་བ། རང་ཁྱིམ་དང་རང་རིགས་ཀྱི་མ་འོངས་པའི་བདག་པོ་བྱིས་པ་ཆུང་ཆུང་ལོ་གཉིས་གསུམ་ཅན་ཡིན་རུང་དངུལ་སློང་དུ་བཅུག་ནས་ཚང་མ་གོམས་རློམ་དུ་སོང་བ་མ་ཟད། མ་བྱིན་ན་འཕྲོག་ཀྱང་སྲིད་པ་ལྟ་བུའི་ངང་ཚུལ་འཇིགས་ཡེར་བ་འདིས། སློང་མཁན་དང་སྦྱིན་མཁན་དག་གིས་ཅིས་ཀྱང་འདང་རེར་རྒྱོབས་དང་། ཆོས་ཀྱོ་ངོས་ནས་བཤད་ན་སྦྱིན་མཁན་གྱིས་སྦྱིན་ཆོག་ཆོག་དང་། སློང་མཁན་གྱིས་སློང་ཆོག་ཆོག་ཅིག་ཀྱང་གཏན་ནས་མིན་པར། རང་གི་འཇོན་ནུས་ཀྱི་ངལ་བ་བསྐྱུར་ནས་ལེ་ལོ་དང་རྣམ་གཡེང་གིས་མི་རིགས་བརླགས་ཤིང་རང་ཉིད་མི་གྲལ་ནས་ཕུད་པ་འདིའི་རིགས་ནི་སྤྲང་བོ་རྫུན་མ་ཟེར་རྒྱུ་ཡིན།
གཞན་མི་རིགས་རིག་གནས་ལ་དོ་ཁུར་བླ་ལྷག་མཛད་མཁན་ཚོའི་སྐུ་ཚེ་བརྟན་ཅིང་རང་རིགས་དང་རང་མི་ལ་བདག་ཡག་པོ་རྒྱག་མཁན་ཚོའི་བྱ་བཞག་རླབས་པོ་ཆེ་ཡུན་ནས་ཡུན་དུ་དར་ཞིང་རྒྱས་པར་ཤོག་ཅེས་ཙ་སུར་སྦྱིན་པའམ་དྲྭ་མིང་ལ་གོང་བུར་འབོད་པ་དེས་སྦྱར་བ་དགེ་ཞིང་ཕན་གྱུར་ཅིག
བོད་རྒྱལ་ལོའི་༢༡༤༣-༦-༡༢ ཉིན།
༼ཁ་བས་བརྒྱུད་སྤྲོད་བྱས།༽
དེང་དུས་ང་ཚོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ལ་དཔྱད་ཞིབ་ཡག་པོ་གནང་འདུག་པ་ཐུགས་རྗེ་ཆེ་བཀྲིན་ཆེ་།
ཤ་ཚ་བའི་གཏམ་ལ་སྙན་པོ་མེད་ཟེར་བའི་དཔེར་ལྟ་དངོས་ཡོད་གང་ཡིན་པ་གསལ་པོ་བྲིས་འདུག་པས་་་་་་ཐུགས་རྗེ་ཆེ་ཞུ་བ་ཡིན།
ཙ་སུར་སྦྱིན་པ་ལེགས་ཀྱི་རྫུན་མ་བཅུ་ལ་སྣན་དགོས་པ་རྫུན་མ་འགའ་ནི།
མིང་མཐའ་འདྲེན་ཚུལ་ལ་བོད་མཁས་པས་བྲིས་པ་དང་མི་མཐུན་པ་ཡོད་ན། རྩོམ་ཡིག་རྫུན་མ་དང་། རྒྱབ་པ་ལ་རྒྱག་པ། བསྒྲགས་དང་སྒྲོགས་བཞིན་པ་ལ་་བསྒྲགས་དང་སྒྲོག་བཞིན། ཡོད་པར་མ་ཟད་ལ་ཡོད་པ་མ་ཟད། རྫུན་མ་མང་དུ་ཡོད་པར་མཐོང་ངོ་།