བོད་རིགས་སྤུན་ཟླ་ལགས། ཐུགས་རྗེས་གཟིགས་མོ་ཞིག་འདེབས་རོགས། ང་ལ་དོན་ཆེན་ཞིག་ཡོད་པས་ཁྱེད་ཀྱི་ཐུགས་དམ་དགོས་ཀྱི་འདུག ང་རང་ཡོན་ཏན་ཡག་པོ་མེད་སྟབས། ཐག་གཅོད་ཐུབ་ཀྱི་མིན་འདུག
ངའི་འདྲི་བ་ནི་འདི་ལྟར།
༡༽ ང་ཚོ་ད་དུང་མུ་མཐུད་ཆོལ་ཁའི་ལམ་ལུགས་འདི་ལ་བརྟེན་ནས་ཆབ་སྲིད་སྐྱོང་ན་དགེ་མཚན་ཡོད་དམ། ཡང་ན་ཐབས་ཤེས་གཞན་འདྲ་ཡོད་དམ། ཐུགས་རྗེས་གཟིགས་ཞོར་ལ་ལམ་སྟོན་འདྲ་ཡོད་ན་གསུངས་རོགས།
༢༽ ངའི་སེམས་ལ་ཆབ་སྲིད་ཀྱི་ཚོགས་པ་འཛུགས་ནས་སྤྱི་འཐུས་དེ་སྐྱོང་ཐུབ་ན་ལེགས་པོ་མེད་འགྲོ་བསམ་ཡང་། བསམ་བློ་དེ་འགྲིག་མིན་ཐག་ཆོད་ཀྱི་མིན་འདུག ཐུགས་རྗེས་གཟིགས་མོ་ཞིག་འདེབས་རོགས།
༣༽ གལ་ཏེ་ཆབ་སྲིད་ཀྱི་ཚོགས་པའི་ཐབས་ཤེས་ལམ་ནས་ངེད་ཚོའི་བོད་དོན་སྐྱོང་ན། དེ་ལ་སྔོན་འགྲོའི་ཞབས་བརྟན་གང་བྱས་ན་ལེགས་སམ།
༤༽ གལ་ཏེ་ཆབ་སྲིད་ཀྱི་ཚོགས་པའི་ལམ་ནས་སྤྱི་འཐུས་རྣམས་འདེམས་ན། ད་ལྟའི་སེམས་ཤུགས་ཅན་གྱི་ཆོལ་ཁའི་སྤྱི་འཐུས་རྣམས་ཨི་རག་ལ་དྲག་སྦྱོང་ལ་བཏང་ན་ཇི་ལྟར་ཡོང་བའི་མོ་ཞིག་ཀྱང་འདེབས་རོགས་གནང་། ཁོང་ཚོ་ནི་ཆོལ་ཁ་མི་གཅིག་པ་ཡིན་སྟབས། ཤོག་ཁག་གཅིག་ནང་གནས་ཐབས་མེད་པས། ཤོག་ཁག་གཅིག་ཏ་ལི་སྤན་གྱི་དྲག་སྦྱོང་དང་ཤོག་ཁག་གཅིག་ཨ་རིའི་དྲག་སྦྱོང་། ཤོག་ཁག་གཅིག་ཨལ་ཁེ་ཌ་ཟེར་བའི་དྲག་སྦྱོང་ལ་གཏོང་ན་ཇི་ལྟར་ཡོང་ངམ།
༥༽ འོ་གལ་ཏེ་བསོད་ནམས་སྟོབས་རྒྱལ་ཨི་རག་ལ་འགྲོ་རྒྱུའི་དངུལ་མེད་ཟེར་ན། ང་རང་སྒེར་གྱིས་འབུལ་གྱི་ཡིན། སྤྱི་འཐུས་ལ་བསུན་པོ་རྩ་བ་ནས་ཞུ་རྩིས་མེད།
ཐུགས་རྗེས་གཟིགས། སྐུ་མཁྱེན།
སྲོག་ལ་ཉེན་ཁ་ཡོད་ས་ཞིག་དུ་ཁྱེད་རང་གིས་འགྲོ་སོང་ག་ཚོད་ཅིག་གཏོང་ཐུབ་ཀྱི་ཡོད་ཀྱང་། འདི་ཚོ་འགྲོ་ནི་མ་རེད། ཉེན་ཁ་མེད་ས་ན་འདི་ཚོ་མེད་མུག་འདོན་རྒྱུ་དགའ་ནི་རེད། མེད་མུག་དེ་ཡང་སྤྱི་དོན་ཞིག་ཡིན་ན་ཅི་མ་རུང་། བོད་པ་ཚང་་་་ཤུ་རེ་གོ
ལན་ཞིག་འབྲི་བཞིན་ཡོད་པས་ཅུང་ཙམ་སྒུག་རོགས།
དྲ་གྲོགས་ཚངས་དབྱངས་ལགས།
ད་ལྟའི་དུས་འདིར་བཙན་བྱོལ་བོད་མིའི་བགྲོ་གླེང་བྱེད་ཡུལ་གྱི་བོད་ཡིག་དྲ་རྒྱ་མང་པོ་ཞིག་གི་ནང་ཉོག་གཏམ་མང་པོ་ཞིག་གླེང་བ་ལས་དངོས་གནས་རྐང་པ་ས་བབས་ནས་སྐད་ཆ་ཤོད་མཁན་ཕལ་ཆེར་མེད་པ་ལྟ་བུར་གྱུར་འདུག ཉེ་ཆར་སྤྱི་འཐུས་ནང་བྱུང་བའི་དོན་རྐྱེན་དེ་ལ་བརྟེན་ནས་མ་འོངས་པའི་གྲུབ་ཆ་དེ་ག་འདྲ་ཞིག་དགོས་མིན་ལ་བསམ་བློ་བཏང་ནས་སྐད་ཤོད་མཁན་དེ་བས་ཀྱང་ཉུང་ཉུང་རེད་འདུག ཁྱེད་ཀྱིས་གནད་དོན་འདི་དག་གི་ཐོག་ལ་བསམ་བློ་བཏང་ནས་དྲི་བ་ཞིག་དྲིས་འདུག་པ་དེར་ང་རང་གི་བསམ་ཚུལ་གཞིར་བཟུང་ལན་འདེབས་ཤིག་ཞུ་རྒྱུ་ཡིན་མོད། འདི་ང་རང་ཁོ་ནའི་བསམ་ཚུལ་ཡིན་པས་དྲ་གྲོགས་རྣམ་པས་ཐད་ཀར་སྐྱོན་འཛུགས་དང་ཐེར་འདོན། སློབ་སྟོན་གང་ཡོད་གནང་རོགས། ངའི་བསམ་ཚུལ་གང་ཡོད་ཐད་ཀར་དམར་རྗེན་དུ་ཤོད་པ་ལས། སྤམ་མདོག་དང་མ་ཡིན་ཡིན་མདོག་རྩ་བ་ཉིད་ནས་བྱ་རྒྱུ་མིན་པས་དེ་ལུགས་དགོངས་བཞེས་གནང་རོགས་ཞུ་བཞིན་ཡོད།
༡༽ ང་ཚོ་ད་དུང་མུ་མཐུད་ཆོལ་ཁའི་ལམ་ལུགས་འདི་ལ་བརྟེན་ནས་ཆབ་སྲིད་སྐྱོང་ན་དགེ་མཚན་ཡོད་དམ། ཡང་ན་ཐབས་ཤེས་གཞན་འདྲ་ཡོད་དམ། ཐུགས་རྗེས་གཟིགས་ཞོར་ལ་ལམ་སྟོན་འདྲ་ཡོད་ན་གསུངས་རོགས།
ལན། ཆོལ་ཁ་ཆོས་ལུགས་ལ་བརྟེན་ནས་ཆབ་སྲིད་སྐྱོང་བར་དགེ་མཚན་མེད་པ་གཏན་ནས་མིན། རྒྱུ་མཚན་ནི་ད་ལྟའི་ཆར་བཙན་བྱོལ་ནང་དུ་ཆོལ་ཁ་གསུམ་གྱི་མི་འབོར་གྱི་ཆ་ནས་བཤད་ན་དབུས་གཙང་གིས་བཙན་བྱོལ་བོད་མི་སྤྱིའི་མི་འབོར་གྱི་བརྒྱ་ཆ་༦༧%ཟིན་ཡོད་པ་དང༌། མདོ་སྟོད་ཀྱིས་སྤྱིའི་བརྒྱ་ཆ་༢༧% མདོ་སྨད་ཀྱིས་སྤྱིའི་བརྒྱ་ཆ་༦% ཙམ་ཟིན་ཡོད། བརྒྱ་ཆ་འདི་སྐབས་བཅུ་བཞི་པའི་སྤྱི་འཐུས་འོས་འདེམས་བྱེད་སྐབས་འོས་བསྡུའི་དེབ་སྐྱེལ་བྱེད་མཁན་གྱི་གྲངས་འབོར་གྱི་བསྡོམས་ཐོ་ལ་གཞིར་བཟུང་བ་ལས། མི་འབོར་ཞིབ་བཤེར་ལྟ་བུ་ཚད་ལྡན་གྱི་གྲངས་བཤེར་བྱས་པའི་བསྡོམས་ཐོ་མིན་ལ། བརྒྱ་ཆར་བགོས་པ་དེ་དག་ལ་གྲངས་ཆུང་ཡང་འདུག་ཀྱང་། སྤྱིའི་གྲངས་ཀ་ལས་གྲངས་ཆུང་བརྗེད་ནས་ད་ལྟ་དྲན་སོས་མ་སོང་ལ། ཡིག་ཆ་ཡང་ཀློག་འདོད་བྱུང་མ་སོང་། གང་ལྟར་མི་འབོར་གྱི་མང་ཉུང་ཇི་ལྟར་ཡོད་ཀྱང་ཆོལ་ཁོངས་སྤྱི་འཐུས་ཀྱི་གྲངས་འབོར་འདྲ་མཉམ་ཡིན་པ་འདིས་གཞིས་བཞུགས་རྒྱ་ཆེའི་མི་མང་གི་ཚབ་མཚོན་བཞིན་ཡོད་པས་རྒྱུ་མཚན་ལ་བརྟེན་ནས་ཆོལ་སྤྱི་འཐུས་ཆོལ་ཁོངས་ནས་འདེམས་ཐོན་བྱེད་པ་འདི་ཕན་ཐོགས་མེད་པ་ཞིག་གཏན་ནས་མིན། ཆོས་བརྒྱུད་ཀྱང་དེ་མཚུངས་བཞིན་རེད། དེ་ལ་བརྟེན་ནས་ཆིག་སྒྲིལ་ལ་ཕན་ཐོགས་བྱུང་ཡོད་པའང་དངོས་ཡོད་གནས་ཚུལ་རེད།
སྐབས་རེ་རྩོད་རྙོག་ཕྲན་བུ་རེ་བྱུང་ཡོད་ཀྱང་ཆོལ་ཁའི་མིང་ཐོག་ནས་བྱུང་བ་ལས། ཆོལ་ཁའི་དོན་དག་ལ་བརྟེན་ནས་བྱུང་བ་ནི་ཧ་ཅང་ཉུང་ཉུང་རེད། དཔེར་ན་ཉེ་བའི་ཆར་གྲོས་ཚོགས་ནང་བྱུང་བའི་རྩོད་རྙོག་དེ་ལ་མཚོན་ན་རོབ་ཙམ་བལྟས་ནས་ཆོལ་ཁའི་རྙོག་གྲ་ཡིན་པ་ལྟ་བུ་འདུག་ཀྱང་། དོན་དངོས་ཐོག་ཆོལ་ཁའི་རྙོག་གྲ་མ་ཡིན་པར་ཕྱོགས་ཁག་གཉིས་ཀྱི་རྙོག་གྲ་ཞིག་ཡིན་པ་ཧ་ཅང་གསལ་པོར་གྱུར་ཡོད། ཆོལ་ཁའི་རྙོག་གྲ་ཡིན་ན། ཆོལ་ཁོངས་མདོ་སྟོད་ནས་ཡིན་པ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ཕྱི་ལོགས་སུ་དོན་དགོས་ཀྱང་དོན་མེད་ལ། དབུ་དཀར་གཡུ་སྒྲོན་ཡང་ཕྱི་ལོགས་སུ་དོན་པ་ཕར་ཞོག་གྲོས་ཆོད་དེ་ལ་ས་ཡིག་རྒྱག་མཁན་རེད། ཆོས་བརྒྱུད་ཀྱི་སྤྱི་འཐུས་ནང་ནས་རྒྱ་རི་བུ་ཕྲུག་དང་། ད་དུང་ཆོལ་ཁའི་སྤྱི་འཐུས་ནང་ནས་ཚོགས་གཞོན་རྒྱ་རི་སྒྲོལ་མ་བཅས་ཀྱང་མི་ཁོངས་མདོ་སྟོད་ཁོ་ན་རེད། ཕྱི་ལོགས་སུ་དོན་གྱི་མཁན་གྱི་ནང་ནས་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་དང་། བཀའ་བརྒྱུད་སྤྱི་འཐུས་ཡངས་པ་ཅན་ཀརྨ་ཤེས་རབ་མཐར་ཕྱིན། བཀའ་བརྒྱུད་སྤྱི་འཐུས་ནགས་ཆུ་བསོད་ནམས་དགྲ་འདུལ་བཅས་ཀྱང་ཆོལ་ཁོངས་ཀྱི་ཆ་ནས་བཤད་ན་དབུས་གཙང་རེད། དེར་བརྟེན་ཚང་མས་ཤེས་དགོས་པ་ཞིག་ལ་རྩོད་རྙོག་འདི་རིགས་བྱུང་བའི་སྐབས་ཆོལ་ཁའི་རྩོད་རྙོག་ཡིན་ཤག་བྱེད་ཀྱི་ཡོད་པ་མ་རེད། དངོས་ཡོད་གནས་ཚུལ་ལྟ་དགོས་པ་རེད། ང་དེའི་སྐབས་དྷ་སར་ཡོད་སྟབས་གློག་བརྙན་ལ་ཐེངས་མང་པོ་ལྟ་རྒྱུ་བྱུང་། བགྲོ་གླེང་བྱེད་པའི་སྐབས་ཆོལ་ཁའི་རྙོག་གྲ་ཤོད་མཁན་བྱུང་སོང་། ཐོག་མ་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་གིས་བོན་པོའི་སྤྱི་འཐུས་ཤིག་གི་ཚིག་ཟུར་ལ་བརྟེན་ནས་རླུང་ཧ་ཅང་ལངས་ནས་དཔུང་པ་གཡས་བརྫེ་གཡོན་བརྫེ་བྱེད་བཞིན་ང་ལ་ལོ་བརྒྱད་ཀྱི་རིང་ཐུབ་ཚོད་དང་གཉའ་ནོན་བྱས་སོང་། ངས་དབུས་གཙང་ཆོལ་ཁའི་ཚོགས་འདུའི་ནང་དུའང་ལབ་པ་ཡིན། རྒྱ་གར་གྱི་ཁྲིམས་ཁང་གང་དུ་གཏུགས་དགོས་ཀྱང་གཏུག་ཅེས་སོགས་ཆོལ་ཁ་ལ་ཁྱེར་ནས་རྙོག་གྲ་འདིའི་མགོ་བཙུགས་སོང་། དེ་ནས་ས་སྐྱའི་སྤྱི་འཐུས་མངའ་རིས་རུ་ཐོག་པ་པདྨ་འབྱུང་གནས་ཀྱིས་གདངས་རིང་པོ་འཐེན་ནས་དབུས་གཙང་སྤྱི་འཐུས་ཀརྨ་རྒྱ་མཚོ་དང་། དབུས་གཙང་སྤྱི་འཐུས་པདྨ་བདེ་ཆེན་གཉིས་ཕྱི་རྒྱལ་དུ་གནས་སྤོས་བྱས་པར་ལམ་གྲོན་སྤྲད་མེད་པས། མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལ་སྤྲད་པ་དེ་མ་འགྲིག་ཚུལ་ལྟ་བུ་བརྗོད་སོང་། དེའི་རྗེས་ནས་མདོ་སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་གྲོས་འཆར་འདི་མི་གཅིག་དང་ཆོལ་ཁ་གཅིག་ལ་དམིགས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོ་ཁམས་པའི་མི་དེ་ལས་སླ་པོ་འགྱུར་ཆོག་ཆོག་ཅིག་ཡོད་པ་མ་རེད། གལ་སྲིད་གྲོས་ཆོད་འདི་བཞག་པ་ཡིན་ན་དེ་དང་མཚུངས་པའི་ལས་ཀ་བྱེད་ཀྱི་ཡིན་ཞེས་བཤད་སོང་། དེའི་རྗེས་སུ་འཇུ་ཆེན་བུ་མོས་མདོ་སྟོད་སྤྱི་འཐུས་བསོད་ནམས་རྒྱལ་ལ་བདག་པོ་མེད་པ་མ་རེད་དཱ། དཔུང་སྒྲིག་གི་ཡིན་ཞེས་བཤད་སོང་། གོང་དུ་སྐད་ཆའི་སྙིང་དོན་ལུང་དྲངས་པ་དེ་ཚོ་ཚང་མ་ཆོལ་ཁའི་ཕྱོགས་རིས་ཡིན་པ་ལྟ་བུ་ཆགས་པ་རེད། འོན་ཀྱང་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་གོང་དུ་བྲིས་པ་བཞིན། ངོ་རྒོལ་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་ཕྱོགས་ཁག་གཉིས་ཆགས་པ་དེ་ཆོལ་ཁའི་ཕྱོགས་ཞེན་རང་མ་རེད་བསམ་གྱི་ཡོད། དགོངས་དག་ངས་དགོས་མེད་ཀྱི་ལུང་མང་པོ་ཞིག་དྲངས་པ་དེ་ཆོལ་ཁའི་རྙོག་གྲ་དེ་ཧ་ཅང་ཛ་དྲག་རང་མ་རེད། དེར་བརྟེན་སྤྱི་འཐུས་ཆོལ་ཁོངས་རང་འཇགས་བྱས་ན་ཅུང་ཙམ་ཡག་པ་མིན་འགྲོ་ཞེས་པའི་བསམ་ཚུལ་དེའི་སྒྲུབ་བྱེད་ཡིན་པའི་ཁུལ་རེད། མདོར་བསྡུས་ན་སྒྲིག་འཛུགས་ལ་འགྱུར་བ་གཏོང་དགོས་པ་གང་ཡང་མི་འདུག གང་ཟག་ལ་འགྱུར་བ་གཏོང་དགོས་པ་གལ་ཆེན་པོ་རེད།
༢༽ ངའི་སེམས་ལ་ཆབ་སྲིད་ཀྱི་ཚོགས་པ་འཛུགས་ནས་སྤྱི་འཐུས་དེ་སྐྱོང་ཐུབ་ན་ལེགས་པོ་མེད་འགྲོ་བསམ་ཡང་། བསམ་བློ་དེ་འགྲིག་མིན་ཐག་ཆོད་ཀྱི་མིན་འདུག ཐུགས་རྗེས་གཟིགས་མོ་ཞིག་འདེབས་རོགས།
ལན། སྤྱིར་རང་བཙན་ཡོད་པ་དང་ལུང་པ་ཡོད་མཁན་ཞིག་ཡིན་ན་ཆབ་སྲིད་ཚོགས་པའི་འགྲོ་སྟངས་དེ་ཡང་ཡག་པོ་ཡོད་པ་རེད། འོན་ཀྱང་དྲང་བདེན་ཞེས་པ་དེའི་ཐོག་ནས་བཤད་ན་ཆབ་སྲིད་ཚོགས་པའི་ཁོངས་སུ་འགན་ཁུར་མཁན་ཞིག་ཡིན་ན། ཁ་གཏད་ཚོགས་པའི་ནང་དུ་མི་ཡག་པོ་དང་དོན་དག་ཡག་པོ་ག་ཚོད་ཅིག་ཡོད་ཀྱང་དེ་ལ་རྒྱབ་སྐྱོར་བྱེད་ཐབས་མེད་པར་ཨུ་ཚུགས་ཀྱི་རང་གི་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་དགོས་པ་ལྟ་བུ་ཆབ་སྲིད་ཚོགས་པར་སྐྱོན་ཡང་མང་པོ་ཡོད་པ་རེད། གང་ལྟར་ངའི་ལྟ་ཚུལ་བྱས་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་སྲིད་དོན་ཆབ་སྲིད་ཚོགས་པ་འདི་ཕལ་ཆེར་ཕན་ཐོགས་མེད་པ་ལྟ་བུར་གྱུར་འདུག རྒྱུ་མཚན་ནི་རྒྱུན་རིང་པོ་ཆོལ་ཁའི་ལམ་ལུགས་ཀྱི་ཐོག་ཏུ་སོང་བ་རེད། ཆོལ་ཁའི་ན་ཚ་དེ་ཛ་དྲག་པོ་ཡིན་མིན་ལ་མ་ལྟོས་པར་མི་མང་པོ་ཞིག་གི་སེམས་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད་པས། དེའི་ཐོག་ནས་ཀྱང་འཐེན་འཁྱེར་ཞིག་ཡོང་སྲིད་པ་དང་། སྲིད་དོན་ཚོགས་པའི་ལྟ་གྲུབ་ཀྱི་ཐོག་ནས་ཀྱང་ཕྱོགས་འཐེན་དང་རྩོད་རྙོག་གསར་པ་ཞིག་ཡོང་ངེས་པས། སྤྱི་ཚོགས་ཆུང་ཆུང་འདི་འཐེན་འཁྱེར་མང་པོ་ཞིག་གིས་འཐོར་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད། ཁྲིམས་ཞིབ་ཁང་གི་མིང་ཙམ་ཡོད་ཀྱང་ཐག་གཅོད་བྱས་པ་སུས་ཀྱང་བརྩི་འཇོག་ནི་མི་བྱེད། གང་ལྟར་རྩོད་རྙོག་ཆེ་རུ་འགྲོ་རྒྱུ་ལས་ཆུང་དུ་འགྲོ་བར་སྲིད་དོན་ཚོགས་པས་ཕན་ཐོགས་གང་ཡང་མེད། ངའི་བསམ་ཚུལ་ལྟར་བྱས་ན་ང་ཚོས་སྲིད་དོན་ཚོགས་པ་འཛུགས་རྒྱུའི་ཁོར་ཡུག་དང་མི་འབོར་དུས་ཚོད། ཁེ་ཕན་གང་ཐད་ནས་བཤད་ཀྱང་དགོས་མཁོ་མེད་པ་ལྟ་བུར་མཐོང་གི་ཡོད།
༣༽ གལ་ཏེ་ཆབ་སྲིད་ཀྱི་ཚོགས་པའི་ཐབས་ཤེས་ལམ་ནས་ངེད་ཚོའི་བོད་དོན་སྐྱོང་ན། དེ་ལ་སྔོན་འགྲོའི་ཞབས་བརྟན་གང་བྱས་ན་ལེགས་སམ།
ལན། ཆབ་སྲིད་ཚོགས་པ་སྤྱི་ཡོངས་ནས་སྐབས་དུས་དང་གནས་སྟངས་གང་ཐད་ནས་རན་འཚམས་མིན་ཚུལ་གོང་དུ་བཤད་ཟིན་སྟབས། སྔོན་འགྲོའི་ཞབས་བརྟན་འདི་དགོས་ཞེས་བརྗོད་ཤེས་ཐབས་མེད་ཀྱང༌། གལ་སྲིད་སྲིད་དོན་ཚོགས་པ་མ་བཙུགས་ཐབས་མེད་ལྟ་བུ་ཆགས་སོང་ན། རང་བཙན་གྱི་ལྟ་ཚུལ་འཛིན་མཁན་གྱི་ཚོགས་པ་གཅིག་དང་། ལམ་དབུ་མའི་ལྟ་ཚུལ་འཛིན་མཁན་གྱི་ཚོགས་པ་གཅིག ཡོད་ན་ལྟ་གྲུབ་རང་གི་ཐོག་ཏུ་འགྲོ་བ་ལས་དོན་མེད་ཕྱོགས་འཐེན་ལྟ་བུ་མི་ཆགས་པར་ཕན་ཐོགས་ཡོད་རྒྱུ་རེད་བསམ་གྱི་འདུག དེར་བརྟེན་སྔོན་འགྲོའི་ཞབས་བརྟན་ལྟ་བུ་ལ་ལྟ་གྲུབ་དེ་གཉིས་ཀྱི་ཕྱོགས་སུ་འགྲོ་མཁན་ཚོས་རང་རང་གི་ས་ནས་ཤུགས་རྒྱག་དགོས་པ་མིན་འགྲོ།
༤༽ གལ་ཏེ་ཆབ་སྲིད་ཀྱི་ཚོགས་པའི་ལམ་ནས་སྤྱི་འཐུས་རྣམས་འདེམས་ན། ད་ལྟའི་སེམས་ཤུགས་ཅན་གྱི་ཆོལ་ཁའི་སྤྱི་འཐུས་རྣམས་ཨི་རག་ལ་དྲག་སྦྱོང་ལ་བཏང་ན་ཇི་ལྟར་ཡོང་བའི་མོ་ཞིག་ཀྱང་འདེབས་རོགས་གནང་། ཁོང་ཚོ་ནི་ཆོལ་ཁ་མི་གཅིག་པ་ཡིན་སྟབས། ཤོག་ཁག་གཅིག་ནང་གནས་ཐབས་མེད་པས། ཤོག་ཁག་གཅིག་ཏ་ལི་སྤན་གྱི་དྲག་སྦྱོང་དང་ཤོག་ཁག་གཅིག་ཨ་རིའི་དྲག་སྦྱོང་། ཤོག་ཁག་གཅིག་ཨལ་ཁེ་ཌ་ཟེར་བའི་དྲག་སྦྱོང་ལ་གཏོང་ན་ཇི་ལྟར་ཡོང་ངམ།
ལན། ངས་མོ་འདེབས་མི་ཤེས་ལ། མོ་ཡིད་ཆེས་ཀྱང་གཏན་ནས་མེད། དྲག་སྦྱོང་ལ་གཏོང་རྒྱུ་དེ་ཁྱེད་ལ་ཐབས་ཤེས་ཡོད་པ་དང་ཁོང་རྣམས་ལ་འགྲོ་འདོད་ཡོད་ན་གཏོང་དགོས་པ་རེད། ད་དུང་བརྗོད་རྒྱུ་ཞིག་ལ་བོད་ཀྱི་དུས་བབ་ནང་དུ་བགྲོ་གླེང་བྱེད་མཁན་གྱི་ཕྱོགས་རིས་མིག་ཅན་དག་ཀྱང་སྤྱི་འཐུས་རྣམས་དང་མཉམ་དུ་དྲག་སྦྱོང་ལ་གཏོང་ཐུབ་ན་ཡག་པོ་ཡོད་ས་རེད།
༥༽ འོ་གལ་ཏེ་བསོད་ནམས་སྟོབས་རྒྱལ་ཨི་རག་ལ་འགྲོ་རྒྱུའི་དངུལ་མེད་ཟེར་ན། ང་རང་སྒེར་གྱིས་འབུལ་གྱི་ཡིན། སྤྱི་འཐུས་ལ་བསུན་པོ་རྩ་བ་ནས་ཞུ་རྩིས་མེད།
ལན། དེ་ཡང་ཡག་པོ་རེད། བསོད་ནམས་སྟོབས་རྒྱལ་ལ་དངུལ་མེད་པ་ཡིན་གྱི་རེད་མ་གཏོགས་སྤྱི་འཐུས་ལ་ལམ་གྲོན་སློང་དགོས་དོན་ཡོད་པ་མ་རེད། སྤྱིར་རལ་ལུ་ཅན་དེ་མི་མ་རབས་ཆེན་པོ་ཞིག་རེད། ཁོ་ཨོ་ཁྲི་ལི་ཡར་ལྷོད་ལྷོད་བྱས་ནས་མི་འདུག་པར། ཚོགས་འདུ་ལ་ག་རེ་བྱས་ནས་ཡོང་བ་རེད། ཁོ་རང་ལ་མཚོན་ན་སྐད་ཡིག་ནི་ཕལ་ཆེར་ཤེས་ཀྱི་ཡོད་ས་མ་རེད། ལམ་གྲོན་ནི་གཏོང་རྒྱུ་ཡོད་ས་མ་རེད། དེ་བས་སྤྱི་འཐུས་ནས་དགོངས་པ་ཞུས་ཏེ་ལྷོད་ལྷོད་བྱས་ནས་སྡོད་དགོས་པ་རེད། མདོ་སྟོད་སྤྱི་འཐུས་ཚབ་གསར་བརྒྱ་ཆ་ལོངས་པ་ཡོད་ཚུལ་འདུག གལ་སྲིད་དེ་མེད་ན་སྔོན་མ་མདོ་སྨད་ཀྱི་སྤྱི་འཐུས་གཉིས་དང་། དབུས་གཙང་གི་སྤྱི་འཐུས་གཅིག་བར་མའི་འོས་བསྡུ་བྱེད་དགོས་བྱུང་བར་སྒོར་འབུམ་བཅུ་གྲངས་ཤིག་བོད་གཞུང་གིས་འགྲོ་སོང་གཏོང་དགོས་བྱུང་བ་རེད་དེ། བསོད་ནམས་སྟོབས་རྒྱལ་རལ་ལུ་ཅན་དགོངས་པ་ཞུས་ཀྱང་བར་མའི་འོས་བསྡུ་བྱེད་མི་དགོས་པས་དགོངས་པ་ཞུ་རྒྱུ་དེ་ཡག་ཤོས་རེད། ཕ་རོ་ཟ་རྒྱུ་ཁོ་སྐྱག་པ་ཟ་རུ་ཡོང་བ་ཡིན་གྱི་རེད།
ཚངས་དབྱངས་ལགས་ཁྱེད་ཀྱི་དྲི་བ་སྔོན་མ་རྣམས་ལ་བལྟ་བའི་ཚེ་དངོས་གནས་དོན་ཆེན་ཞིག་གླེང་གི་འདུག་བསམ་པའི་ཚོར་སྣང་བྱུང་ནས་ལན་བྲིས་ཀྱང༌། མཇུག་ལ་སླེབས་དུས་དྲི་བ་ཁ་ཤས་རྩེད་མོ་ལྟ་བུ་ལས་དོན་དག་ཡོད་པ་ཞིག་རེད་མི་འདུག གང་ལྟར་གོང་གི་དྲི་བ་གསུམ་ལ་ལན་གང་ཤེས་པ་དེ་བཏབ་ཡོད། བསོད་ནམས་ཚེ་རིང་གིས་ཕྱི་ལོ་༢༠༠༩ ཟླ་༩ ཚེས་༢༥ ཉིན།
མདོ་སྨད་སྤྱི་མཐུས་བསྟན་འཛིན་མགོན་པོ་དང་མདོ་སྟོད་སྤྱི་མཐུས་བསོད་ནམ་སྟོབས་རྒྱལ་གཉིས་ཟེར་བ་འདི་གཉིས་རྒྱ་ནག་སྲིད་གཞུང་གི་ལས་དོན་གཉེར་མཁན་ཞིག་ཡིན་མིན་དང་འཆོ་ཁ་དང་ཆོས་ལུགས་བར་དབྱིན་དཀྲུག་གནང་འདོད་ཡོད་མེད་ལ་མ་ལྟོས་པ་སྔ་ཕྱིར་བཙན་བྱོལ་བོད་མའི་སྤྱི་ཚོགས་ནང་མ་འོས་མ་འཚམ་པའི་གཏམ་བཤད་བྱེད་མཁན་ཞིག་རེད་ད་དུང་ཁོང་གཉིས་ལ་ལྟ་བ་དང་ལམ་ཕྱོགས་ཞིག་ཡོད་པ་དེ་ནི་དགོས་མེད་ཀྱི་གླིང་སློངདང་ཀླད་མེད་འཁྲིགས་འཛིན་གྱི་ཞེན་ཁོག་བྱེད་རྒྱུ་སོགས་་་་་་་་་བོད་མི་རིགས་ཀྱི་ལས་དོན་ལ་བསམ་ཞིག་གཏན་ནས་མེད་པ་་་་ད་དུང་་་་་་་ད་དུང་་་་སྤྱི་དོན་ཁ་ལ་ཁྱེར་ཏེ་རང་དོན་རྟོག་ཕོག་རག་ཐབས་བྱེད་རྒྱུ་དེ་རེད་་་་ད་དུང་་་དངོས་ཡོད་ལ་གཞན་གྱི་རྒྱུགས་ཁྱི་བྱེད་དེ་སྤྱི་མཐུས་གྱི་གོ་གནས་ལ་སླད་པ་ཞིག་ཀྱང་རེད་་་་་་་་དེ་ཡང་བོད་རིགས་མི་མང་ཡོངས་གྱི་སེམས་གཏིང་ནས་དགའ་བསུ་ཐོབ་པའི་སློབ་དཔོན་ཆེན་པོ་ད་ལྟའི་བཀའ་བློན་ཁྲི་པ་ཟང་གདོང་རིན་པོ་ཆེ་ལ་་གཞི་མེད་སྐྱོན་མཛུག་བྱེད་པ་ནས་གཟུང་ཁོང་གཉིས་གྱི་རང་སོ་སོའི་གཞན་གྱི་སྤག་གྱོན་པའི་རྣམ་འགྱུར་གསལ་ལྟོན་བྱེད་དགོས་ཐུབ་ཡོད་་་་དེ་ཡང་རིན་པོ་ཆེའི་མཁྱིན་རྒྱ་དང་ནུས་ཤུགས་འོག་ཕམ་ཉེས་བྱུང་བའི་གནས་སྟངས་ལ་བསྟན་ནས་་་དགོང་དག་ང་རང་ནོར་ཤག་ཅེས་བཤད་རྒྱུ་ལས་མེད་པ་ལུས་ཡོད་ཀྱང་་་དེ་སང་གི་གནས་ཚུལ་ལ་ལྟས་ན་ཁོང་གཉིས་ཀྱི་འཛིན་སྐྱོང་བཀའ་ཤག་ལ་གུས་བསྐུལ་ཞུམ་ཞུམ་བྱེད་བཞིན་ཡོད་ཀྱང་་སྤྱི་མཐུས་གྲོས་ཚོགས་ནང་ལན་གཅིག་མིན་པ་་་་་་་་་་་་་་་་་ཨ་ལ་ལ་་་་་་་་ཁོ་རེ་་་་་་་་་་་ཟེར་བའི་ཨམ་སྐད་དང་ཁམས་སྐད་འདི་གཉིས་ཀྱི་རྒྱུད་ནས་དཀྲོག་གཏམ་དང་དབྱིན་དཀྲུག་གྱི་གཏམ་བཤད་བྱེད་རྒྱུ་དེ་ཁོང་གཉིས་གྱི་དམངས་གཙོའི་ཁེ་ཕན་ཞིག་ལ་བསམ་མིན་གང་ལྟར་སོ་སོའི་ལས་འགན་ཞིག་ལ་རྩི་བཞིན་འདུག་་་་་་་་་་་་་་་་ལྷག་དོན་དུ་ཡང་གནས་ལུགས་གང་ཞིག་ཡིན་མིན་མིཤེས་མོད་སྤྱི་མཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱི་ཚོགས་གཙོ་གནང་རེང་གོ་སྐབས་ཞིག་ལ་རྩིས་ཏེ་སྤྱི་མཐུས་གྲོས་ཚོགས་ནང་སྔར་བྱུང་མྱོང་མེད་ལ་དངོས་ཡོད་བློ་ཕམ་དགོས་པའི་གནས་སྟངས་དང་པོ་དེ
གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་སྤྱི་འཐུས་སྒེར་གྱི་གྲོས་འཆར་ཞིག་གི་ཐད། གྲོས་ཚོགས་འཐུས་མི་ནང་ཁུལ་དགོངས་ཚུལ་མ་མཐུན་པར་སྤྱི་འཐུས་ ༡༢ ཙམ་གྲོས་ཚོགས་ར་བ་ལས་ཕྱིར་ཐོན་ཡོད་སྟབས། ཐེངས་གསུམ་ལ་ཚོགས་འདུ་མཇུག་སྐྱོང་གི་ཐབས་ཤེས་གནང་ཡང་། གྲོས་ཚོགས་འཐུས་མིའི་གསུམ་ཆ་གཉིས་མ་ཚང་སྟབས། མཐར་སྐབས་བརྒྱད་པའི་གྲོས་ཚོགས་ཀྱི་མཇུག་སྡོམ་ཡང་གནང་མ་ཐུབ་པར་དུས་ཚོད་ངེད་མེད་བར་ཚོགས་གསེང་མི་གཏོང་ཐབས་མེད་བྱུང་ཡོད།་
ཡིན་དང་ཡིན་ང་འཚོ་ཚང་མས་སེམས་ནང་དོགས་འཆར་ཞིག་ཡོད་པ་དེ་ད་ལྟའི་གཙོ་མཆོག་གི་རང་གི་མིག་འདུན་ཏུ་བྱུང་བའི་གནས་ཚུལ་ཐབས་སྡུག་འདི་དག་གསལ་དང་མི་མང་ལ་འགྲེལ་བརྗོད་ག་འདྲ་ཞིག་གནང་མིན་སོགས་འདི་ཡི་ཐད་ནུས་པ་ཇི་རྩམ་ལྟོན་ཐུབ་སྙམ་པ་དེ་རེད་འོན་ཀྱང་
་སྐབས་དེར་གསར་འགོད་པས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ཐེངས་འདིའི་གནད་དོན་ཐད་བཅར་འདྲི་ཞུས་སྐབས་ཁོང་གིས་གསུངས་དོན། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སོགས་ལ་བལྟས་ན། ད་ལྟའི་བར་གྲོས་ཚོགས་ནས་འཐུས་མི་ཕྱིར་ཐོན་ཏེ་གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བའི་གནས་སྟངས་འོག གྲོས་ཚོགས་ཚོགས་མ་ཐུབ་པ་དེ་འདྲ་རྩ་བ་ནས་བྱུང་ཡོད་པ་མ་རེད། འདི་གནས་སྟངས་གསར་པ་ཞིག་རེད། དམངས་གཙོའི་འཕེལ་རིམ་གྱི་ངོས་ནས་བློ་ཕམ་གྱི་རང་བཞིན་ཞིག་རེད། བཅའ་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་གནད་དོན་འདི་འདྲའི་སྐབས་སུ་ཚོགས་འདུ་མཇུག་སྒྲིལ་སྟངས་གསལ་བོ་མི་འདུག་མོད། ཚོགས་འདུ་སྔ་མའི་སྐབས་ཀྱི་གཞུང་འབྲེལ་ལས་རིམ་ལྷག་བསྡད་པ་ཡིན་ན། གྲོས་ཚོགས་ཚོགས་དུས་རྗེས་མར་འཁྱེར་དགོས་པའི་གནས་སྟངས་ཆགས་ཀྱིན་ཡོད་སྟབས། ཉུང་མཐར་ཟླ་བ་དྲུག་རིང་ཕྱིར་འགྱངས་བྱ་དགོས་པ་ཆགས་ཡོད།་་་་་་་་་་་་་་་་་་་་ ཁ་སང་གྲོས་ཚོགས་ནང་དུ་ཚོགས་གཙོ་ཚོགས་གཞོན་དང་། ལས་རིམ་ཚོགས་ཆུང་གི་ལས་ཀ་བྱེད་སྟངས་འགྲིག་གིན་མི་འདུག ཅེས་བཀའ་མོལ་མང་པོ་བྱུང་སོང་། འགའ་རེ་ཡིས་གྲོས་འཆར་འདི་ཕྱིན་པ་ཡིན་ན། སྤྱི་འཐུས་རྒྱུན་ལས་ཀྱིས་དགོངས་པ་ཞུ་དགོས་པ་རེད་གསུངས་ཡོད། འོན་ཀྱང་། ཚོགས་གཙོའི་ལྟ་སྟངས་བྱས་ན། སྤྱི་འཐུས་རྒྱུན་ལས་ཀྱིས་དགོངས་པ་ཞུ་དགོས་པ་གང་ཡང་མཐོང་གི་མེད། གལ་སྲིད་གནད་དོན་འདིའི་དབང་གིས་གྲོས་ཚོགས་འཚོགས་མ་ཐུབ་པའི་གནས་སྟངས་མུ་མཐུད་དེ་གནས་པ་ཡིན་ན། ༧གོང་ས་མཆོག་ལ་སྙན་སེང་ཞུ་རྒྱུ་དེ་རེད། ༧རྒྱལ་བ་རིན་པོ་ཆེ་ཡིས་གནས་སྟངས་གསལ་བཤད་གནང་སྟེ། ཁྲིམས་ཞིབ་པ་ཆེ་བ་དང་བཀའ་བློན་ཁྲི་པ། ཚོགས་གཙོ་ཚོགས་གཞོན་བཅས་གོ་བསྡུར་གནང་རྒྱུའི་ལམ་ཁ་ཞིག་ཡོད།
གོང་ཏུ་ཁོང་གི་བཤད་པ་ལ་ལྟས་ན་ཐོག་མ་ནས་བཀྲ་མི་ཤེས་པའི་འོས་ཕན་ཁྲོད་ཚོགས་གཙོ་ཐོབ་པའི་མི་འདི་ལ་རེ་བ་གང་ཞིག་མེད་པ་འདྲ་ད་དུང་ གྲོས་ཚོགས་འཐུས་མི་ནང་ཁུལ་དགོངས་ཚུལ་མ་མཐུན་པར་སྤྱི་འཐུས་ ༡༢ ཙམ་གྲོས་ཚོགས་ར་བ་ལས་ཕྱིར་ཐོན་ཡོད་
པ་དེ་འཚོ་ག་ནས་ཡིན་པ་དང་རྒྱབ་རྩ་སུ་ཡོད་པ་གོ་སྐབས་དང་འཛིན་ཇི་འདྲ་བྱེད་མིན་བཅས་ནི་ཚོགས་གཙོ་མཆོག་གི་མཁྱིན་གྱི་ཡོད་ཤག་རེད་་་་་ད་དུང་གནས་ཚུལ་དེར་ཚོགས་གཙོ་མཆོག་ངན་ཇུས་གཉམ་ལྟོན་གྱི་འབྲེལ་བ་མེད་པ་སུའི་བཤད་ཐུབ་སྙམ་
དེ་ལྟར་དངོས་ཡོད་ཡིན་མིན་གང་ལྟར་ཇེངས་རྗེས་མའི་བཀའ་བློན་ཁྲི་པའི་འོས་བསྡུར་བསྐོར་བོད་གཞུང་ཟློས་གར་ཚོགས་ཁང་དུ་ཚོགས་སྐབས་ཨམ་སྐད་སྐྱོན་པའི་བུ་མོ་ཞིག་གི་རེ་བ་ཆེ་མདོག་གྱི་དྲི་བ་ཞིག་ལ་ཚོགས་གཙོ་མཆོག་གི་ང་རང་བཀའ་བློན་ཁྲི་པ་ལང་རྒྱུ་ནི་རྨི་ལམ་དུ་ཡང་འཁོར་མ་མྱོང་ཅེས་ལན་འདེབས་གནང་སོང་དེ་ནི་རང་སྐྱོན་རང་གི་ངོས་འཛིན་ཐུབ་པའི་ལན་ཞིག་རེད་འདུག་པས་འདི་ཡི་གསལ་པོ་ཤེས་ཐུབ་
སྐུ་ཞབས་བསོད་ནམས་ཚེ་རིང་ལགས།
ཐུགས་རྗེ་ཆེ། ཁྱེད་ཀྱི་བསམ་ཚུལ་འགའ་ཤས་རྒྱུ་མཚན་འདུག མ་རེད་ཞུ་ཡས་མིན་འདུག དཔེར་ན། ཆོལ་ཀའི་ལམ་ལུགས་འདིས་སྤྱི་འཐུས་ནང་ཆོལ་ཁའི་སྐུ་ཚབ་དེ་ཆ་སྙོམས་པོའི་ཐོག་ནས་འདོན་ཐུབ་པའི་ནུས་པ་འདུག
ད་དུང་དྲ་གྲོགས་གཞན་གྱི་བསམ་འཆར་ཡང་ཉན་འདོད་འདུག མི་སྒྱོགས་རྒྱ་མཚོ་ལགས་དང་རྔ་བ་རྒྱལ་ཁམས་པ་ཞུ་བ་གཉིས་བློ་སྒོ་ཡངས་ཤིང་། ཤེས་ཡོན་ཡང་མཐོན་པོ་འདུག ཁོང་རྣམ་གཉིས་ཀྱི་བསམ་ཚུལ་ཞིག་འཐོབ་ཐུབ་ན་བགྲོ་གླེང་འདི་ད་དུང་གཏིང་ཟབ་ཏུ་འགྲོ་བའི་ཡོད་ཆེས་ཡོད།
ངའི་མོ་ནང་དུ་བབ་པ་ལྟར་ན་བསོད་ནམས་ཚེ་རིང་གི་བསམ་ཚུལ་ལྟར་བྱས་ན་ལེགས། འོན་ཀྱང་ར་ལུ་ཅན་དེ་འདྲ་ཅིག་གི་དོན་དུ་སྤྱི་འཐུས་ནང་དུ་ཁག་གཉིས་སུ་འགྲོ་དགོས་པ་དང་། ཚོགས་འདུ་གྲོལ་དགོས་པ། ཚོགས་འདུ་མཇུག་སྐྱོང་མི་ཐུབ་པ་སོགས་ལ་ལྟོས་ན། གབ་བསྡད་པའི་དོན་དག་ལྐོག་གྱུར་བ་ཞིག་མེད་འགྲོ་བསམ།
དྲ་གྲོགས་བསོད་ཚེས་བཤད་པ་ལྟར་ཆོལ་ཁའི་མི་འབོར་ལ་གཞིགས་ནས་བསམ་བློ་གཏང་རྒྱུ་དེ་ནི་ད་ལྟའི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་ཞིག་རེད། ད་བར་བཀའ་ཁྲི་འདེམས་ཐོན་ཐེངས་གཉིས་བྱས་ནས་ཟམ་གདོང་བློ་བཟང་བསྟན་འཛིན་ལ་འོས་ཤོག་གི་བརྒྱ་ཆ་མང་ཤོས་ཐོབ་པ་དེ་གོང་གི་ཆོལ་ཁའི་གནད་དོན་ལས་རིང་དུ་སོང་བ་ནི་དམིགས་བསལ་ཅན་ཞིག་རེད། འདི་ཡང་དབུས་གཙང་པས་ཕྱོགས་རིས་མ་བྱས་ནས་བྱུང་བ་ཞིག་རེད་མ་གཏོགས་མདོ་སྟོད་སྨད་གཉིས་ཀྱིས་ཨུ་ཚུགས་ཀྱིས་རང་ཁོངས་ནས་བཀའ་ཁྲི་གཞན་ཞིག་ཡོང་ཐབས་བྱས་པ་རེད། མ་འོངས་པའི་བཀའ་ཁྲི་འོས་འདེམས་སྐབས་སུ་ཆོལ་ཁའི་ཕྱོགས་ཞེན་ཧ་ཅང་མངོན་གསལ་དོད་པ་ཡོང་པའི་གནས་སྟངས་ཤིག་ཆགས་ངེས་རེད། དེའི་སྐབས་སུ་དཀའ་རྙོག་ཇི་འཕྲད་ད་ལྟ་ཚོད་དཔག་མི་ཐུབ།
ད་ལྟར་ངེད་ཚོ་བོད་པའི་དཀའ་རྙོག་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་གནང་མཁན་མེད་བ་ལྟ་བུ་རེད། ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་མི་བསམས་པར་ཕྱོགས་ཞེན་གྱི་གནང་དུ་སོང་བ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་རེད། འདི་དག་ལ་དག་བཅོས་མེད་ན་སྤྱི་ཚོགས་ནང་དུ་དཀྲུག་ཤིང་བསླང་གི་རེད། དེ་ཞོར་ཕྲོས་ཙམ་ཡིན།
ད་ངའི་བསམ་ཚུལ་མཐའ་མ་དེ་ཞུའོ།
སྒྲོམ་གཞི་རྙིང་པའི་ཀླད་རྩ་ཡིས་སྤྱིར་ཡོངས་ཀྱི་ཛ་དྲག་ཆེ་ཆུང་ལ་མ་ལྟོས་པ་རང་ལ་ཐག་ཉེ་ཤོས་ཀྱི་གནོད་དོན་གང་ཞིག་གལ་ཆེ་བ་འཛིན་གྱི་ཡོད་པ་དེར་ངལ་རྩོལ་གྱིས་བརྟེན་མི་དགོས་པ་རང་ཤུགས་ཀྱིས་ཐོན་ཡོང་གི་ཡོད།
ཆོལ་ཁ་རེ་ནས་དཔེ་མཚོན་རེ་ཞུའོ།
ད་རེས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལ་སྐྱོན་འཛུགས་ཤུགས་ཆེན་བྱས་པ་དེ་ནི་གཙོ་བོ་ཁོང་ཆོལ་ཁའི་ཁྱུ་ཚོགས་ནས་རིང་དུ་བརྒལ་ཏེ་རང་གི་ལྟ་ཕྱོགས་ལྷུག་པོར་བརྗོད་པར་བརྟེན། ཐག་ཉེ་བའི་རང་གི་ཆོལ་ཁའི་མཐུན་སྒྲིལ་ལ་དོར་ཕོག་ཡོང་བར་ཞེད་འཚབ་ཀྱིས་སྔར་བྱུང་མྱོང་མེད་པའི་གྲོས་ཆད་ཅིག་དབུས་གཙང་རྒྱུན་ལས་ནས་བཞག་དགོས་བྱུང་བ་རེད། སྐབས་འདིའི་གནད་དོན་འདི་འདྲའི་ཛ་དྲག་ཅིག་ཏུ་གཟིགས་པ་ནི་དེ་རེས་ཆོལ་ཁ་དང་འབྲེལ་བའི་དོན་དག་ཅིག་སླེབས་པ་འདི་རེད། གནད་འགག་འདི་འདྲ་ཞིག་ལ་རྒྱ་འདྲེ་ཞུགས་པ་ལྟ་བུ་འདི་འདྲའི་ཐག་གཅོད་གནང་མཁན་ཚོས་གྲོས་ཆད་འདིའི་མཇུག་འབྲས་ལ་འགན་ལེན་ཐུབ་བ་ཞིག་དགོས་ཀྱི་རེད།
ཉེ་ཆར་སྤྱི་འཐུས་སུ་རྩོད་རྙོག་ཅན་གྱི་གྲོས་འཆར་དེ་ཡང་སྔར་དང་མི་འདྲ་བའི་ཛ་དྲག་གི་རྣམ་པ་ཞིག་གིས་སྟེང་ནས་འཁྱེར་ཡོང་བའང་བོད་སྤྱི་དོན་ལས་ཀྱང་ཐག་ཉེ་བའི་ཆོལ་ཁའི་ཕྱོགས་ཞེན་ཞིག་ཡིན་པ་དོགས་པ་འཁྲུངས་ནས་རང་གི་ཁེ་ཕན་ལ་དོར་ཕོག་འབྱུང་དོགས་ཀྱིས་གནད་དོན་ཆུང་ཆུང་དེ་ཆེན་པོ་ཆགས་པ་རེད། དེའི་སྐབས་སུ་སྤྱི་འཐུས་བསྟན་འཛིན་མགོན་པོས་རང་གི་ཁྱུ་ཚོགས་སུ་མ་འཛུལ་བ་རང་གི་ལྟ་ཕྱོགས་བཤད་པ་སོང་ཙང་ཆོལ་ཁ་དེའི་ཁོངས་ནས་ཁོང་ལ་སྐྱོན་བརྗོད་བྱེད་སའི་གཞི་ཞིག་བརྙེད་པའམ་རང་དང་ཐག་ཉེ་ཤོས་ཀྱི་ཆོལ་ཁའི་ཁྱུ་དང་མི་བསྡེབས་པས་རེད།
སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས་རང་ཁྱུ་དང་མི་འགྲོགས་པ་རྒྱུན་ལས་ཀྱིས་མི་དྲང་བ་བཤད་པར་བརྟེན་མདོ་སྟོད་པ་འགའ་ཞིག་གིས་ཁོང་ལ་ཡང་སྔར་མེད་པའི་སྐྱོན་བརྗོད་བྱེད་སའི་གཞི་ཞིག་བརྙེད་པ་རེད། དེ་ཡང་རང་དང་ཐག་ཉེ་སའི་ཆོལ་ཁའི་ཕྱོགས་སུ་མེད་པའི་གནད་འགག་འདི་ལ་ཐུག་པ་རེད།
གོང་གི་སྤྱི་འཐུས་གསུམ་པོས་སྐབས་འདི་དང་འབྲེལ་བའི་སྐད་ཆ་འགྲིག་མིན་ཇི་ལྟར་ཡང་ཁོང་གསུམ་གྱིས་གནང་ཕྱོགས་དེ་འགྲིག་པ་རེད་བསམ་གྱིན་ཡོད། ཁོང་གསུམ་གྱི་གནང་ཕྱོགས་ཀྱིས་སྐབས་འདིར་རང་གི་ཆོལ་ཁའི་དཔུང་སྒྲིལ་དམ་དུ་བཏང་མེད་ཀྱང་ཆོལ་གསུམ་ཆིག་སྒྲིལ་ལ་ཕན་པའི་གནད་འགག་ཞིག་རེད་བསམ་གྱི་ཡོད། གནད་འགག་འདི་འདྲ་འཕྲད་དུས་ཆོལ་ཁ་ཕན་ཚུན་གྱི་ས་མཚམས་བརྒལ་ཐུབ་ན་ཡག་པོ་རེད་བསམ་ཀྱི་ཡོད། གང་ལྟར་སྐད་གྲགས་ཅན་གྱི་ཉེ་ཆར་གྱི་སྤྱི་འཐུས་གྲོས་འཆར་འདི་ལ་གོང་གི་སྤྱི་འཐུས་གསུམ་པོའི་བྱེད་ཕྱོགས་བྱེ་བྲག་པ་འདི་ལ་གཞིགས་ནས་བཤད་བ་ཡིན།
དྲ་གྲོགས་ཚངས་དབྱངས་ལགས་ཀྱི་ཁ་སྔོན་དྲི་བ་འགའ་བཏང་གནང་འདུག དེ་དག་གལ་ཆེན་པོ་རེད། ངས་དེ་དག་གི་སྐོར་ལ་འཚོལ་ཞིབ་དང་བསམ་གཞིགས་བྱེད་བཞིན་ཡོད། ད་དུང་ཡང་ལན་གསལ་པོ་ཞིག་བརྒྱབ་ཐུབ་ཀྱི་མིན་འདུག ཡིན་ནའང་བཙན་བྱོལ་བའི་གནས་སྐབས་སུ་དམངས་གཙོ་ལས་ཀྱང་ཆིག་སྒྲིལ་གྱི་སྒྲིག་ཞིག་དེ་གལ་ཆེ་བ་སྣང་། ཁྱེད་རང་གིས་སྲིད་དོན་ཚོགས་པ་བཙུགས་ན་གང་འདྲ་འདུག་ཅེས་པ་སྲིད་དོན་ཚོགས་པ་བཙུགས་སླ་བོ་རེད། དེ་དོན་དང་ལྡན་པ་ཞིག་འགྲུབ་ཁག་པོ་རེད་དྲན་གྱི་འདུག དེ་མིང་དོན་མཚུངས་པ་ཞིག་ཡོང་མིན་དཔེ་མཚོན་ཞིག་འདིར་འགོད་མི་དགོས་པར་བཀའ་ཁྲི་འོས་འདེམས་ཀྱི་དྲ་རྒྱ་ལ་ཕེབས་ནས་འདེམ་བྱ་གདམ་བྱེད་སོགས་ལ་ཞིབ་པར་གཟིགས་ན་རགས་ཙམ་མཁྱེན་གྱི་རེད། ཆོལ་ཁ་སོ་སོའི་བཀའ་ཁྲི་གདམ་གྱི་མེད་དམ་སྙམ་པ་ཡོང་གི་འདུག
ངས་ཉེ་ཆར་ཆོལ་ཁའི་རྒྱུན་ལས་དང་སྤྱི་འཐུས་འོས་གཞི་བར་གྱི་འབྲེལ་བའི་ངོ་བོ་ཇི་ཡིན་དྲིས་པ་དེ་ད་སྐབས་དབུས་གཙང་རྒྱུན་ལས་ཀྱིས་གྲོས་ཆད་འདིས་ཁ་གསལ་དུ་གཏོང་གི་འདུག གནད་འགག་ཇི་ལྟར་ཞིག་འཕྲད་ཀྱང་རང་གི་ཆོལ་ཁའི་ཕྱོགས་སུ་ལངས་ཐུབ་མཁན་གྱི་སྤྱི་འཐུས་ཤིག་ཡོང་ཐུབ་པར་བྱེད་རྒྱུ་ནི་ལས་ཁུངས་འདི་དག་གི་ལས་འགན་གཙོ་བོ་རེད།
ཉེ་སྔོན་དུ་མདོ་སྨད་དབུས་རྒྱུན་ལས་ཀྱིས་དཔྱད་བརྗོད་པ་ཀླུ་མཁར་བྱམས་ཀྱིས་བོད་རྒྱ་ཞི་མོལ་དང་འབྲེལ་བའི་གནད་དོན་ཐད་དུ་རྒྱ་ལོ་དོན་འགྲུབ་ཀྱི་ཕྱག་ལས་སྐོར་ཞིག་འགྲིག་མིན་བཤད་པར་བརྟེན་ནས་ཁོང་མདོ་སྨད་མི་ཁུངས་ནས་འབུད་རྒྱུ་སོགས་ཀྱི་མི་འོས་པའི་གནད་འགག་ཆེན་པོ་བཟོ་གི་ཡོད་པ་རེད། རྒྱུན་ལས་ཀྱི་བྱེད་སྟངས་འདི་ནི་བསམ་བློ་གུ་དོག་དྲགས་པ་རེད།
མདོ་སྟོད་ནང་ཁུལ་དུ་ར་དང་ལུག་གི་མི་རྒྱུད་ཀྱི་འཐེན་འཁྱེར་དང་ཆུ་སྒང་གསར་རྙིང་གཉིས་སུ་གྱེར་བ་དང་། རྩོད་གཞི་ཅན་གྱི་ལྷ་འདྲེ་བསྟེན་མི་བསྟེན་གྱི་རྙོག་དྲས་ནང་ཁུལ་ལྷིང་འཇགས་མེད་པ་བཟོ་གི་ཡོད་པ་རེད།
འོས་གཞི་ཡོང་སྟངས་ལ་ཞིབ་པ་བལྟས་ན་ཨ་རིའི་སྔོན་འགྲོའི་འོས་ཤོག་(primary election)་དང་(caucus) གཉིས་ཀ་ཆོལ་ཁའི་རྒྱུན་ལས་སོ་སོས་བྱེད་ཀྱི་མེད་འགྲོ་བམས་ཀྱིན་འདུག གལ་སྲིད་དེ་ལྟར་ཡིན་ཚེ་སྤྱི་འཐུས་ཀྱི་སྤུས་ཚད་དང་ཐོག་མ་སྤྱི་འཐུས་ཐོན་སའི་ཨུ་ཁུང་དེ་ཆོལ་ཁ་སོ་སོའི་དབུས་རྒྱུན་ལས་ཁང་ནས་རེད། གལ་སྲིད་རྒྱུན་ལས་ཁང་འདི་དག་གིས་བོད་སྤྱི་བའི་ལས་དོན་ལས་ཆོལ་ཁ་སོ་སོའི་ཞེན་ཁོག་ཡོད་མཁན་ཞིག་དགོས་ཀྱི་ཡོད་པར་བརྩིས་ན་སྤྱི་འཐུས་ནང་གི་ཕྱོགས་ཞེན་དཔུང་བསྒྲིགས་ཡོང་ཁུངས་དེ་འདི་ནས་བཟོ་གི་ཡོད་པ་རེད། ཨ་རི་ལྟ་བུ་ལ་ཆ་མཚོན་ན་སྲིད་དོན་ཚོགས་པའི་འཐུས་མིའི་འོས་གཞིའི་ཁྱད་ཆོས་ལ་གང་ཞིག་འཛོམས་དགོས་པ་དང་སུ་ལ་དེ་ལྡན་སོགས་གོང་གི་ལས་གཞི་ཁག་གིས་ཐག་གཅོད་ཀྱི་ཡོད།
སྤྱི་འཐུས་ཁ་ཤས་ནི་གཅིག་གི་ཁ་གཏད་དུ་གཞན་ཞིག་བསྐོས་འཛུགས་བྱེད་པ་ལྟ་བུ་chess་ རྩེད་མོའི་སྒྲིག་གཞི་དམ་འཛིན་བྱེད་ཀྱི་མེད་འགྲོ་བསམ་པ་དེ་འདྲ་ཡང་ཡོང་གི་འདུག
ངེད་ཚོའི་སྤྱི་ཚོགས་ཀྱི་ནང་དུ་ཁ་ཞེ་མི་མཚུངས་པའི་བྱ་སྤྱོད་སྤེལ་མཁན་ཇེ་མང་དང་ཇེ་མང་དུ་འགྲོ་བཞིན་པ་འདི་འདྲ་མཐོང་དུས་རང་ཉིད་བོད་པའི་སྤྱི་ཚོགས་ནང་དུ་མགོ་བརྒྱུ་དགོས་ཀྱི་མེད་པ་འདི་ཡག་པོ་རེད་དྲན་ཡོང་གི་འདུག གནས་ཚུལ་ག་ཚོད་ཀྱིས་རྒྱུས་ལེན་ཡོང་བ་དེ་ཚོད་ཀྱིས་སྐྱུག་དྲོ་ཡོང་གི་འདུག བདེ་མོ་བྱོས། དེ་རིང་ནས་བོད་ཡིག་ལ་ལྟ་ཀློག་འབྲི་གསུམ་བྱ་རྒྱུ་མཚམས་འཇོག་གི་ཡིན། བོད་ཡིག་གི་འཁོར་ཡུག་ནང་དུ་འཛུལ་ནས་མགོན་ཕྱག་གི་སྤྲིན་གྱི་ཕོ་ཉ་དང་འབྲེལ་བའི་ཟིན་བྲིས་ལས་དབྱིན་ཡིག་ཏུ་སྙན་རྩོམ་དེ་ཐོག་མ་བཀླག་རྒྱུའི་དོ་དབྱིངས་སྤྲོད་པ་དང་། སམ་སཱ་རཱ་ཞུས་པའི་དབྱིན་ཡིག་ནས་བོད་ཡིག་ཏུ་སྐད་དོད་བསྒྱུར་ཚུལ་དང་། ཀླུ་སྨྱོན་གྱི་སྙན་རྩོམ་ཤམ་བྷ་ལྷའི་དུད་སྤྲིན་དང་། བང་ཆེན་གྱི་བཀྲ་རྣམ་ཞུས་པའི་ཟློ་དང་རྫོའི་བརྡ་ཆད་བྱུང་སྟངས་སོགས་མ་གཏོགས་འདི་ཡིན་ཟེར་བ་ཞིག་འཁྱེར་རྒྱུ་མིན་འདུག
བཀྲིན་ཆེ།