རྭ་རྒྱ་བློ་དབང་།
རིག་གནས་ལ་ཁྲོམ་རའི་རིན་ཐང་མེད་པ་དེ་འཆི་ལྟས་དང་པོ་རེད།
ཆེས་གནའ་བོའི་དུས་ཤིག་ནས་བཟུང་རང་རེའི་མི་རིགས་འདིར་འབྱོར་བའི་རྩོལ་སྒྲུབ་ཀྱི་ཕྱོགས་ནས་དེ་ཙམ་སྤྱང་གྲུང་འཛོམས་པ་ཞིག་མིན་ངེས་ཆེ་ལ། ལྷག་པར་དུ་ནང་པ་སངས་རྒྱས་པའི་བསྟན་པ་དར་ཁྱབ་བྱུང་རྗེས་སུ་སྤྱི་ཚོགས་ཀྱི་སྐྱེས་བུ་རྣམ་དཔྱོད་དང་འཇོན་ཐང་ལྡན་པ་ཕལ་མོ་ཆེ་ཆོས་ལུགས་པར་གྱུར་སྟབས། སྤྱི་ཚོགས་ཀྱི་འཚོ་གོས་གནས་མལ་ལ་རང་བཞིན་གྱིས་ཚོད་འཛིན་ཐེབས་ཤིང་། ཚོད་འཛིན་དེ་ཡང་ལོ་ངོ་བརྒྱ་ཕྲག་མང་པོར་རྒྱུན་མཐུད་སྟབས། ལྷ་ཁང་གསེར་ཁང་བརྗིད་པོ་དང་། གསེར་གདུང་དངུལ་སྐུ་མཛེས་བག་ཅན་རེ་མ་གཏོགས་མི་རིགས་འདི་ལ་འབྱོར་བའི་ཕྱོགས་ནས་ངོམ་སོ་བྱེད་རི་བ་ཅི་ཡང་མེད་ལ། དུས་རྒྱུན་དམངས་སྤྱི་ཡོངས་ཀྱི་འཚོ་བའི་སྤུས་ཚད་དེ་ཡང་ཧ་ཅང་རྒྱུན་ལྡན་དང་། དཀྱུས་མ། ཐབས་ཆགས་ཀྱི་རྣམ་པ་ལས་འདའ་མ་མྱོང་། དེ་བཞིན་དུ་ཁྲོམ་རའི་འཁོར་རྒྱུགས་སམ་ཚོང་ལས་ཀྱང་ཐོན་རྫས་ཐད་ཀར་བརྗེ་ལེན་གྱི་རྣམ་པ་ཙམ་དང་། དུས་བསྟུན་གྱི་དགོས་མཁོའི་དངོས་པོ་རྣམས་ནི་ཉེ་འཁོར་རྒྱ་གར་དང། བལ་ཡུལ་རྒྱ་ནག་སོགས་ནས་ཁྱེར་ཡོང་བ་ཤ་སྟག་ལས། རས་ཆ་ངོས་འཇམ་ཞིག་གསར་བཟོ་བྱས་པའི་བྱུང་བའང་རྙེད་དཀའ་མོ་ཡིན། རང་རེའི་སྔར་སོང་དེ་ལྟར་བྱུང་ཞིང་དེ་ལྟར་རྒྱུན་མཐུད་ནས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་འཛམ་གླིང་གི་མིའི་རིགས་ཧྲིལ་བོའི་འགྱུར་ལྡོག་དར་རྒུད་ཀྱི་ཀློང་ལ་ཚུད་པ་རེད།
རང་བྱུང་གི་ཐོན་ལས་ཙམ་གྱི་སྤྱི་ཚོགས་ཤིག་གློ་བུར་དུ་ལག་རྩལ་དང་། ཚོང་ལས། སློབ་སྦྱོང་སོགས་ཀྱི་འགྲན་རྩོད་ཁྲོད་ལྷུང་སྟབས་བརྟན་ཆགས་པའི་འཁོར་ཕྱོགས་ཤིག་རྙེད་རྒྱུ་ཧ་ཅང་དཀའ་ལ། རིག་གནས་གསར་བརྗེའི་རྗེས་ཀྱི་རྒྱུ་ཟོག་དང་ས་ཆ་སྒེར་བདག་གི་སྲིད་ཇུས་བྱུང་བ་དེས་རང་རེའི་མི་རིགས་ལ་སླར་ཡང་གདོད་མ་དང་། དལ་ལྷོད། རྗེས་ལུས་ཀྱི་འཚོ་བའི་ལམ་བུ་ཞིག་ལ་རེ་ལྟོས་བྱེད་དུ་བཅུག་ཅིང་། དབྱར་དགུན་སྟོན་དཔྱིད་ཀྱི་ཞིང་འབྲོག་གི་འཚོ་ལས་བསྐྱར་ཟློས་བྱེད་པའི་སྣང་ཚུལ་དེས་འདས་པའི་ལོ་ངོ་ཉི་ཤུ་ལྷག་རྨག་མེད་དུ་ཟོས་ཤིང་། ད་ལྟ་འབྲོག་པ་གྲོང་སྒྱུར་དང་ཞིང་ས་ཐང་སྟོང་དུ་སྒྱུར་བའི་སྲིད་ཇུས་སླེབས་སྐབས་གོམ་པ་གར་སྤོ་མི་ཤེས་པའི་གནས་སྟངས་ཉམ་ང་བ་འདི་བསུས་པ་རེད། རྒྱ་གཞུང་གི་བཙན་པོའི་དབང་ཡོད་ཀྱི་སྲིད་ཇུས་དེ་ཚོ་མེད་དབང་དུ་བཏང་རུང་། འཛམ་གླིང་སྤྱིའི་འགྱུར་ལྡོག་ལ་ལྟོས་ན་ཡང་ང་ཚོ་སྔར་མུས་བཞིན་བརྗེ་སྤོར་གཏན་ནས་མེད་པའི་བསྐྱར་ཟློས་ཀྱི་འཚོ་ལས་དང་། རང་བྱུང་གི་ཐོན་ལས་ཏེ། ཤ་དང་ཀོ་པགས། མར་དང་ཆུར་བ། ནས་དང་གྲོ་ཕྱེ་ལྟ་བུའི་འཚོ་ཆས་སྐོར་ཞིག་དང་། སྣམ་བུ་དང་པགས་སློག སྦྲ་ནག་དང་ཤིང་ཁང་ལྟ་བུའི་སྟབས་བདེའི་ལོངས་སྤྱོད་འགའ་ཤས་ཁྲོད་གཏན་ནས་འདུག་ཐབས་མེད་དེ།
སྟོང་ལོ་གསར་པ་རིམ་གྱིས་ཚེས་ཤིང་ནུབ་ཕྱོགས་ཀྱིས་སྣེ་ཁྲིད་པའི་ཚན་རིག་ལག་རྩལ་ནི་མགྱོགས་ཚད་གཟུང་དུ་མེད་པར་འཕེལ་རྒྱས་བྱུང་བ་དང་། སྐད་ཡིག་དང་། རྩོམ་རིག སྒྱུ་རྩལ། ཁྲོམ་ར་སོགས་གློག་རྡུལ་གྱི་ལམ་དུ་འཕོས། འགྲུལ་བཞུད་དང་། ཉོ་ཚོང་། སྡོད་གནས། འབྲེལ་འདྲིས་སོགས་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་སྣང་ཚུལ་ཕལ་མོ་ཆེར་ལོ་ཟླ་རེ་རེ་བཞིན་འགྱུར་ལྡོག་འབྱུང་བཞིན་ཡོད་པས་ངེད་ཅག་གཞན་དབང་དང་རང་བསམ་གང་ལགས་ཀྱང་འགྱུར་ལྡོག་འདིའི་ཁྲོད་འཐམ་འཐོམ་ངང་མི་ཞུགས་ག་མེད་ཡིན། འགྱུར་ལྡོག་འདི་དག་ཅིའི་ཕྱིར་འབྱུང་བ་དང་ཇི་ལྟར་བྱུང་བ་སོགས་ལ་རྒྱུ་མཚན་མང་པོ་ཞིག་ཡོད་མོད། མཐར་གཏུགས་ན་འགྱུར་ལྡོག་འདི་དག་ཐམས་ཅད་འགྲན་རྩོད་ཀྱི་ཁྲོད་ནས་ཡོང་ཞིང་། འགྲན་རྩོད་དེ་ཡང་རིག་གནས་དང་། དཔལ་འབྱོར། ལག་རྩལ། ཆབ་སྲིད་སོགས་ཕྱོགས་མང་པོའི་འགྲན་རྩོད་ཅིག་ཡིན་པ་དང་། འགྲན་རྩོད་འདིའི་ཁྲོད་རྒྱལ་ཁབ་དང་མི་རིགས། ཁྱིམ་ཚང་། ཐ་ན་མི་སྒེར་རེ་རེ་བཞིན་ལུས་སེམས་ཀྱིས་ལྕོགས་ཚོད་དུ་ཞུགས་དང་འཇུག་བཞིན་ཡོད་ལ།
གལ་ཏེ་འགྲན་རྩོད་འདི་ལས་ཕམ་པ་ཡིན་ན། རྒྱལ་ཁབ་འཇིག་འགྲོ་ཞིང་། མི་རིགས་རྒུད་འགྲོ་བ། ཁྱིམ་ཚང་འཐོར་འགྲོ་བ། མི་སྒེར་ཕམ་འགྲོ་བ་ཡིན། གྷི་རིག་སའི་དཔལ་འབྱོར་ཉམས་རྒུད་དང་། ཨ་རབ་ཀྱི་འབངས་མིའི་གླེང་ལོག འཇིགས་བསྐུལ་པས་མང་ཚོགས་སྡེབས་གསོད་སོགས་ཀྱང་འགྲན་རྩོད་འདིའི་ཆ་ཤས་ཤིག་དང་། ཕམ་ཉེས་འབྱུང་ངེས་ཀྱི་ཞེད་སྣང་འོག་འགྲན་རྩོད་བྱ་ཚུལ་གྱི་རྣམ་པ་གཞན་ཞིག་ཀྱང་རེད། ཉི་ཧོང་དང་ཨ་རིའི་རང་ཤི་རྒྱག་མཁན་ཚོ་དང་། ལྷོ་བྱང་ཀོ་རི་ཡའི་སློབ་ཕྲུག་དམར་གསོད་བྱེད་པོ་དག་ཀྱང་མདོར་དེད་ན་འགྲན་རྩོད་འདིའི་ཁྲོད་ནས་ཕམ་ཁ་མྱོང་མཁན་ཡིན། འགྲན་རྩོད་འདི་ལྟོས་ཚོད་ཀྱིས་ཁྲོམ་རར་འཁོར་སྐྱོད་བྱེད་པའི་ཅ་ལག་དང་སྒོར་མོའི་སྟེང་ཡོད་པ་འདྲ་ན་ཡང་། འགྲན་རྩོད་འདི་ཐོག་མར་འཕོས་ས་ནས་ཐ་མའི་འབབས་སྟེགས་དང་བཅས་པ་ཆེ་བ་རྒྱལ་ཁབ་དང་ཆུང་བ་མི་སྒེར་རེ་རེ་བཞིན་དུ་རང་ཉིད་ཀྱི་རིན་ཐང་མཐར་ཐུག་སྟེ་རིག་གནས་ཀྱི་འགྲན་རྩོད་ཡིན། འཇོན་ཐང་གི་འགྲན་རྩོད་ཡིན། རྣམ་དཔྱོད་ཀྱི་འགྲན་རྩོད་ཡིན། བརྩོན་འགྲུས་ཀྱི་འགྲན་རྩོད་ཡིན། མི་རིགས་ཤིག་ལ་མཚོན་ན་འགྲན་རྩོད་འདིའི་ཐོན་འབྲས་ཀྱི་ཁྲོམ་རའི་ནང་རང་ཉིད་ཀྱི་རིག་གནས་ཀྱི་སྣང་བརྙན་ཕབ་མ་ཐུབ་ཕྱིན་མི་རིགས་དེ་ཕམ་རྒྱུ་ཡིན་པ་དང་། འཆི་རྒྱུ་ཡིན་པ་ཐག་གིས་ཆོད་པ་རེད། རྒྱུ་མཚན་ནི་གནའ་ནས་ད་བར་དུ་འགྲོ་བ་མིའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་འདི་འཚོ་བའི་ཆེད་དུ་འཚར་ཞིང་། འཚོ་བའི་ཆེད་དུ་འཚོ་བ། འཚོ་བའི་ཆེད་དུ་རྒས་ཤིང་། འཚོ་བའི་ཆེད་དུ་འཆི་བཞིན་ཡོད། དེང་སྐབས་ཀྱི་འཚོ་བ་ནི་དེང་སྐབས་ཀྱི་ཁྲོམ་ར་རེད། དེའི་ཕྱིར་ད་ལྟ་སུ་ཞིག་ཕམ་པ་ལས་ཐར་པར་འདོད་ན་ཐེ་ཚོམ་མེད་པར་དང་དུ་ལེན་དགོས་པ་ནི་དེང་རབས་ཀྱི་ཁྲོམ་ར་ཡིན་ལ། ཁྲོམ་རའི་ནང་རང་ཉིད་ཀྱི་ངོ་རྟགས་གསལ་བོ་ཞིག་འཇོག་རྒྱུ་དེ་ཡིན།
འོན་ཀྱང་། རང་ཅག་ལ་མི་རིགས་རང་གི་ངོ་རྟགས་གསལ་བའི་ཁྲོམ་ར་ཞིག་ཕར་ཟད། ད་དུང་ཡང་ཙག་སྒྲ་བཟོ་ཐུབ་མིན་དང་། ཁ་པར་དུ་བོད་ཡིག་འཆར་མིན། གློག་རྡུལ་གྱི་ཚིག་མཛོད་ཡོད་མེད་ཙམ་ནི་དུས་རབས་འདིའི་ང་ཚོའི་ངོ་རྟགས་མཚོན་པའི་དེང་རབས་ཀྱི་རྨང་གཞི་རེད་ལ། ང་ཚོའི་མི་རིགས་ཀྱི་ཤེས་ཡོན་པ་ཚོ་དབུས་པའི་མང་མང་གིས་ངོ་མཚར་དང་རླབས་ཆེན་དུ་བརྩི་སའང་འདི་རེད། འདི་ནི་ད་ལྟའི་ང་ཚོའི་ཕྱི་ནང་གཉིས་སུ་རིག་གནས་ཀྱི་ངང་ཚུལ་ལྡན་པའི་དུས་རབས་ཀྱི་ཁྲོམ་ར་ཡོད་ན་མེད་ན་དེ་ཡང་རེད།
གཡར་རྩ་དགུན་འབུ་དང་། གཡག་ཤ་ལུག་ཤ། གཡག་ཀོ་ལུག་ལྦགས་ཀྱི་ཐོན་ལས་ཀྱང་མི་རིང་བར་འཆོར་རྒྱུ་རེད་ལ། ངའི་ཕ་ཡུལ་གྱི་ས་ཕྱོགས་ཁ་ཤས་ནས་ཤོར་ཟིན་ཏེ། མཚོ་ལྷོ་འབའ་རྫོང་གི་འབྲོག་ས་མང་པོ་ཞིག་གཞུང་བཞེས་བཏང་བའི་གསར་འགྱུར་གོ་ཐོས་ལྟར་ལ། བཙན་བྱོལ་ནས་དེའི་ཆེད་དུ་ཀི་རིང་པོ་ཞིག་འདེབས་མཁན་མ་བྱུང་བའང་ཤེས་གསལ་ལྟར་རོ། ། དེ་ལས་ལྷག་པའི་ཁྲོམ་ར་ཞིག་ང་ཚོར་མེད་དེ། ལོ་ངོ་སྟོང་ཕྲག་རིང་བེད་སྤྱད་ཅིང་མེད་ཐབས་གཏན་ནས་མེད་པའི་ཁ་བཏགས་དང་། ལྷ་སྐུ་སོགས་ཀྱང་ངེས་པར་དུ་གཞན་ནས་ཉོ་དགོས་པ་རེད། ལོ་སྔོན་མར་རྒྱལ་སྤྱིའི་བོད་ཀྱི་ས་གདན་འགྲེམས་སྟོན་དང་ཉོ་ཚོང་གི་ཚོགས་འདུ་ཞིག་ཟི་ལིང་དུ་བསྡུས་ཤིང་། རྒྱལ་ཁབ་དང་ས་གནས་མི་འདྲ་བ་དྲུག་ཅུ་ལྷག་མཉམ་ཞུགས་བྱས་ཡོད་པའི་ཁྲོད་བོད་ཀྱི་ཚོང་བ་གཅིག་ཡོད། འདི་ལས་ཀྱང་སྙིང་ཁུང་སྟོང་སང་སིང་དུ་གཏོང་བའི་དོན་དག་ཅིག་སྟོན་གྱི་ཡོད།
ལོ་ཤས་སྔོན་དགུང་ལོ་བཞི་བཅུའི་ནང་སོན་པའི་བོད་ཀྱི་ཁེ་ལས་པ་ཞིག་གིས་བཤད་དོན། “ང་ལོ་ཆུང་ཆུང་སློབ་འབྲིང་དུ་འགྲོ་སྐབས་ནས་མགོ་ལོག་གི་འབྲོག་པ་ཚོས་དབྱར་རྩ་དགུན་འབུ་འཚོང་གི་འདུག ཇི་ལྟར་འཚོང་གི་འདུག་ཅེ་ན། ས་འོག་ནས་བཀོག་ཅིང། ས་ཤུན་ཕྱིས་རྗེས་ཐད་ཀར་སྲིང་བར་དུ་ཁྱེར་ཡོང་ནས་འཚོང་གི་འདུག དེ་བཞིན་དུ་ཀོ་པགས་འཚོང་གི་འདུག དེ་ཡང་ནོར་ལུག་བསད་རྗེས་ཀོ་པགས་དམར་པོ་སྲང་བར་དུ་ཁྱེར་ཡོང་ནས་འཚོང་གི་འདུག ད་ལྟ་ང་ལོ་ལྔ་བཅུར་ཟིན་ལ་ཉེ་མོད། མགོ་ལོག་གི་དབྱར་རྩ་དགུན་འབུ་དང་། ཀོ་ལྦགས་ཀྱི་ཚོང་བྱེད་ཚུལ་ལ་འགྱུར་ལྡོག་ཅུང་ཙམ་ཡང་མ་བྱུང་། མ་མཐའ་དབྱར་རྩ་དགུན་འབུ་བཅུ་ཚན་རེ་ཤོག་སྒམ་དུ་བླུགས་ཏེ་ཐུན་མོང་གི་ཚོང་ཁང་ཞིག་འཛུགས་ཐུབ་དབང་དུ་བཏང་རུང་རིན་གོང་ཅུང་ཇེ་མཐོར་འགྲོ་གི་རེད་ལ། མ་མཐའ་རང་གི་གོང་ཐང་རང་གིས་གཅོག་དགོས་ཐུག་གི་མ་རེད་མོད། དེ་འདྲ་གཏན་ནས་བྱུང་མ་སོང་། ད་ནི་ང་ཚོས་འགྱུར་བ་ཞིག་གཏོང་རན་རེད་” ཅེས་ཟེར། ངེས་པར་བདེན་ཏེ། མགོ་ལོག་མ་ཟད། བོད་ཡུལ་ཕལ་མོ་ཆེའི་ས་གནས་ཀྱི་ཐོན་རྫས་ཚོང་སྒྱུར་བྱེད་ཚུལ་དེ་འདྲ་རེད། དབྱར་ཀའི་ཡོང་འབབ་འཕྲལ་དུ་བརླགས་ཏེ་དགུན་མཇུག་ཏུ་སླེབས་དུས་ལག་གི་དངུལ་རྫོགས་ཤིང་ཁྱིམ་གྱི་ཟས་རྫོགས་ཏེ། བུན་ལོན་གྱི་འོག་ཏུ་འཛུལ་རྐྱང་བྱེད་ལ། སང་ལོ་སླར་ཡང་དབྱར་རྩ་དགུན་འབུ་ཡོད་ངེས་ལ་མེད་ཀྱང་གཡག་རྒན་ལུག་ཐོ་རེའི་རྐེ་ལ་ཞགས་ཐག་བསྐོན་པས་སླར་ཡང་ཟླ་བ་འགའ་བསྲིང་ཐུབ་པའི་འཆར་གཞི་སྒྲིག་བཞིན་ཡོད་པ་རེད།
གནས་སྟངས་འདི་ནི་འབྲོག་ཕྱོགས་ཕལ་མོ་ཆེའི་གནས་སྟངས་ཡིན་ལ། རོང་ཕྱོགས་སུ་ཚོང་ལས་གཉེར་མཁན་རེ་མིན་ཕྱིན་སྤྱིར་བཏང་ནས་ཡོང་སྒོ་ཧ་ཅང་ཉུང་ཉུང་རེད། འདི་ནི་ད་ལྟའི་བོད་ཡུལ་ཁྱོན་ཡོངས་ཀྱི་ཁྱིམ་ཚང་གི་ཡོང་སྒོ་གསོག་སྟངས་དང་འཚོ་བ་རོལ་ཚུལ་རེད། ཁྱིམ་ཚང་ལ་དཔལ་འབྱོར་མེད་པ་དང་། ཁྱིམ་ཚང་གི་དཔལ་འབྱོར་བེད་སྤྱོད་དང་གསོག་སྒྲུབ་ལ་ཁ་ཕྱོགས་མེད་པ་དེས་མི་རིགས་ཧྲིལ་བོའི་དཔལ་འབྱོར་གྱི་གནས་ཚད་དང་འཚོ་བའི་འཁོར་ཕྱོགས་ཡ་མ་བརླ་རུ་གྱུར་ཟིན་པ་རེད། མདོར་ན་ད་ལྟ་བོད་ལ་རྒྱ་སྒོར་དུང་ཕྱུར་ཅན་གྱི་ཁྱིམ་ཚང་ག་ཚོད་ཡོད་དམ། བྱེ་བ་ཅན་ག་ཚོད་ཡོད་དམ་ཞེས་པའི་དཔྱད་པ་ཞིག་བྱས་ན་གྲུབ་འབྲས་གང་འདྲ་སོན་ནམ། ངས་ནི་ཚོད་ཐིག་དཀའ་མོད། མཚམས་འདིར་ང་ལ་སླེབས་པའི་ཚོར་བ་ནི་ལྟོགས་སྣང་ཞིག་ལས་ཅི་ཡང་མ་རེད། དཔལ་འབྱོར་གྱི་རྨང་གཞི་མེད་པ་དང་། ཐོན་རྫས་ཀྱི་རིན་ཐང་ཤོར་བ་དེས་འཇིག་རྟེན་འདི་དང་ལྷག་པར་དུ་ད་ལྟའི་དུས་རབས་ལ་ལྟོས་ནས་བཤད་ན་འཆི་ལྟས་ངན་པ་ཞིག་དང་གཉིས་སུ་མ་མཆིས་སོ། །
ཁྲོམ་རའི་རང་བཞིན་ལྡན་པའི་ཆོས་ལུགས་ཀྱི་བྱ་བ་ཞིག་འཛམ་གླིང་དུ་རྒྱ་ཁྱབ་ངང་འཕེལ་བཞིན་ཡོད་མོད། རང་རེའི་དེང་རབས་པ་ཚོས་དང་ལེན་མི་བྱེད་པ་མ་ཟད། དུས་ཡུན་མི་རིང་བར་དེ་ལ་ཡང་མི་རིགས་ཀྱི་ངོ་བོ་མུ་མཐུད་དུ་ལྡན་མི་སྲིད། རྒྱུ་མཚན་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་མ་གཞི་ནས་མི་རིགས་སྒེར་པ་ཞིག་ལ་དབང་ཆོག་པ་ཞིག་མིན་པས་རེད།
སྐད་ཡིག་ལ་འཚོ་བའི་རིན་ཐང་བྲལ་བ་དེ་འཆི་ལྟས་གཉིས་པ་རེད།
ཉེ་བའི་ལོ་འདི་དག་གི་འཛམ་གླིང་འགྱུར་འགྲོས་སྤྱི་དང་། ཁྱད་པར་དུ་ཉིས་སྟོང་བརྒྱད་ཚུན་ཆད་དུ་བྱུང་བའི་འགྱུར་ལྡོག་ལ་བསམ་ཞིང་བསམ་བཞིན་དུ་ངའི་མགྲིན་སྒོར་འཚང་འོང་བ་ནི་ཐོས་པ་ཙམ་གྱིས་རྣམ་རྟོག་སློང་བ་ཞིག་སྟེ། བོད་ལ་ཐར་ལམ་མེད་ཅེས་པ་འདི་རེད། ཐར་ལམ་མེད་པའི་མངོན་རྟགས་གཙོ་ཆེ་ཤོས་དེ་ནི་རིག་གནས་ཀྱི་སྟེང་ནས་མངོན་གྱི་འདུག་ལ། ལྷག་པར་དུ་སྐད་ཡིག་གི་བླ་སྲོག་ནི་འཆི་བསླུ་བྱེད་དཀའ་ཚོད་དུ་ལྷུང་སོང་བ་དེ་ནི་ཐར་ལམ་མེད་པའི་ནད་རྟགས་གཙོ་བོ་དེ་རེད།
སྤྱིར་བཏང་ནས་ཀྱང་སྐད་ཡིག་གིས་མཚོན་པའི་རིག་གནས་དང་གོམས་སྲོལ་གྱི་ཆ་སྐོར་ཞིག་གིས་མི་རིགས་དང་མི་རིགས་ཀྱི་ཁྱད་པར་འབྱེད་ཀྱི་ཡོད་ལ། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་ཞེས་པའང་ང་ཚོས་དུང་ཕྱུར་ལོངས་པ་ཞིག་བགྲངས་ཟིན་ཡོད། གལ་ཏེ་སྐད་ཡིག་གམ་རིག་གནས་ཀྱི་འབྱེད་ཆོས་དེ་མེད་སོང་ན་མི་རིགས་མི་རིགས་ཞེས་ཅི་ཙམ་བཟླས་ཀྱང་འགྲོ་སྡོད་སྤྱོད་གསུམ་གང་ན་ཡང་ངའི་མི་རིགས་ཀྱི་ཞེན་པ་ཕྲ་མོ་རེ་ལས་འབྱུང་དཀའ་ལ། ཡོད་པ་དེ་ཡང་ཆུ་ནང་གི་གཉེར་མ་ལྟར་འགྱུར་ལྡོག་རེ་གཉིས་ཀྱིས་གཏན་མེད་དུ་འགྲོ་ངེས་རེད། མི་རིགས་ལྔ་བཅུ་ང་དྲུག་ལ་བཀར་བའི་རྒྱ་ནང་གི་མི་རིགས་དེ་ཚོ་ནི་དཔེར་མཚོན་གསོན་པོ་དག་རེད། རིག་གནས་གསར་བརྗེའི་རྗེས་ནས་འདས་པའི་ལོ་ཉི་ཤུ་ཙམ་ལ་བོད་ཀྱི་སྐད་ཡིག་གི་བསྟན་པ་ཅུང་དར་ཞིང་། ལྷག་པར་དུ་མཁས་པ་རྒན་རབས་པ་སྐོར་ཞིག་གི་འབད་རྩོལ་ལས་ཕལ་ཆེར་ལོ་རྒྱུས་ཐོག་མཐོང་དཀོན་པའི་དར་རྒྱས་བྱུང་བ་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད་པའི་ཚོད་དུ་ཡོད།
གང་ལྟར་ཀྱང་། རིག་པ་ཅུང་ཟད་གུ་ཡངས་པོར་བྱས་ཤིང་རང་གི་ཉེ་འཁོར་གྱི་འགྱུར་བ་ལ་བསམ་བློ་ཅུང་ཙམ་གཏོད་ཐུབ་སོང་ན། རང་རེའི་ཉམ་ང་མཐའ་དག་རང་དབང་མེད་པར་མིག་ལ་འཆར་ནུས་ཤིང་། བོད་ལ་ཐར་ལམ་མེད་པའི་ནད་རྟགས་རྗེན་པར་མཐོང་ནུས་པ་ཡིན། ལྷག་པར་དུ་བརྒྱ་བརྒྱ་སྟོང་སྟོང་གི་མིག་གིས་འཚོ་ས་དང་ཡིད་ཀྱི་རེ་སར་གྱུར་པའི་མཐོ་བ་བཀའ་ཤག་ལས་ཁུངས་ནས། སྒྲིག་འཛུགས་ཆེ་ཆུང་ཁག ཆུང་བ་གཞི་ནས་སློབ་ཆེན་གྱི་ཐེམ་པ་རྡོག་པས་འཇལ་བཞིན་པའི་གཞོན་ནུ་ཚོའི་བར་ཞིབ་ལྟོས་ཐེངས་ཤིག་བྱས་ན་བོད་ཀྱི་རིག་གནས་སམ་བོད་ཀྱི་སྐད་ཡིག་གི་མ་འོངས་པ་ཤི་ཟིན་པ་མཐོང་ཐུབ་པ་ཡིན། འདི་ནས་གསལ་བོར་བརྡ་སྤྲོད་དགོས་པ་ཞིག་ནི། ང་ཚོའི་བཀའ་བློན་ནང་བོད་ཡིག་གི་འབྲི་རྩོམ་རང་མགོ་ཐོན་པ་དུ་ཙམ་ཡོད་པ་དང་། དེ་ནས་གཞོན་ནུ་ཚོགས་པའི་རྒྱུན་ལས་ཁྲོད་དང་། སློབ་ཕྲུག་ཚོགས་པའི་འགོ་གཙོ་རྒན་གཞོན། བུད་མེད་ཚོགས་པའི་འགན་ཁུར་བ་ཚོ་སོགས་སྤྱི་ཚོགས་ཆུང་ཆུང་འདི་རིམ་གྱིས་བཙགས་ཡོང་ན་དུས་རྒྱུན་དུ་ང་ཚོས་ལེན་བཞིན་པ་དེ་གླུ་ཚིག་མེད་པའི་དབྱངས་འགྲོས་སྟོང་བ་ཞིག་ཡིན་པ་གཞི་ནས་ཤེས་ངེས་རེད།
བཙན་བྱོལ་དུ་ཡོད་པའི་གསར་འབྱོར་རྩོམ་འབྲི་བ་ཚོས་རྒྱུན་གྱི་བཤད་ཚུལ་ཞིག་སྟེ། ཕྱི་ལོགས་ནས་བོད་ཀྱི་སྐད་ཡིག་བོར་སོང་བ་མ་གཏོགས་ནང་ལོགས་ནས་བཙན་པོའི་དབང་གིས་བཀག་ཀྱང་མ་ཁོགས་པར་བོད་ཀྱི་སྐད་ཡིག་གི་བསྟན་པ་དགུང་ལ་དར་བཞིན་པའམ་ཡང་ན་གཞིས་སྡོད་ཚོ་ནི་དངོས་གནས་བོད་ཀྱི་རིག་གནས་དང་སྐད་ཡིག་ལ་ལྷག་པར་དགའ་ཞིང་གཅེས་པ་ཞིག་ཡིན་པར་གཅིག་མིན་དུ་སྒྲོག་གི་ཡོད། དེ་ནི་བོད་ནང་ལོགས་ལ་བོད་ཡིག་ཤེས་མཁན་མང་ཙམ་ཡོད་པའི་དོན་དུ་འགྲེལ་ན་འོས་ཤིང་འཚམ་པ་ཞིག་ལས། བཙན་བྱོལ་ན་མེད་པ་དང་བོད་ཡུལ་ན་ཡོད་པའི་དོན་དུ་བསྙད་ན་གཏན་ནས་མི་འགྲིག་སྟེ། བོད་ཀྱི་སྙན་ངག་པ་ཆེན་པོ་འཇུ་སྐལ་བཟང་ལགས་ཀྱིས། “ད་ལྟ་ང་ཚོའི་སྐད་ཡིག་ནི། དགོན་སྡེ་དང་དམངས་ཁྲོད་ན་སྟོབས་ཆེ་ཞིང་། སློབ་གྲྭ་དང་སྤྱི་ཚོགས་ན་ཉམ་ཕྲ་བ། སྤྱི་ཚོགས་ཀྱི་ཡས་སྣེ་དང་མས་སྣེ་ནས་བེད་ཆོད་པ། དཀྱིལ་སྙིང་དང་སྲོག་ཤིང་ན་བེད་མེད་པ། འཚོ་བའི་ཁྱབ་ཁོངས་ན་ཡོད་ཡོད་འདྲ་བ། བྱ་བའི་ཁྱབ་ཁོངས་ན་མེད་མེད་འདྲ་བ།” ཞེས་གནད་ལ་ཁེལ་བའི་སྡོམ་ཚིག་གྲགས་ཅན་དེ་ཡང་བོད་ནང་གི་མཁས་པས་བོད་ནང་གི་སྤྱི་ཚོགས་ལ་ལྟོས་ནས་བཤད་པ་ཞིག་དང་དེ་ཡང་ཧ་ཅང་བདེན་པའི་གཏམ་ཙམ་དུ་མ་ཟད།
དེའི་ངན་ཁག་ཀྱང་ཧྲིལ་བོར་རྒྱ་ནག་སྲིད་གཞུང་ལ་འགེལ་ཐབས་རྩ་ནས་མེད་དེ། བོད་ཀྱི་སློབ་གསོ་བ་དང་། དགེ་རྒན། ལས་བྱེད་བཅས་ཀྱི་ཁྲོད་དུ་སྔ་མོ་ཞིག་ནས་བཟུང་བོད་ཡིག་རྒྱང་དུ་འབོར་ལ་དགའ་བ་ཤིན་ཏུ་མང་བ་མ་ཟད། དེའི་ཆེད་དུ་བསམ་བཞིན་འབད་དང་རྩོལ་བ་སྟེན་མཁན་ཀྱང་རིམ་པར་བྱུང་ཡོད། སི་ཁྲོན་དང་། བོད་ལྗོངས། ཡུའུ་ནན་བཅས་སུ་བསླབ་བྱའི་ཁྲོད་སྐད་ཡིག་ཙམ་བོར་ཟིན་པ་དང་འབོར་བཞིན་དེ་ཡང་ས་གནས་དང་རང་རིགས་ཀྱི་བྱ་སྟངས་བྱེད་སྟངས་ཀྱི་གྲུབ་འབྲས་སུ་བརྩིས་ཀྱང་མི་ཆོག་པ་མེད་པའི་ཚོད་ཡིན། ལར་ནས་ཀྱང་། ཧ་ཅང་ཁ་འཐོར་སྣ་འཐོར་གྱི་མི་གྲངས་འབུམ་གཅིག་ཡས་མས་དང་། གཞི་གཅིག་ལ་ཚོགས་ཤིང་གནས་པའི་ས་ཡ་དྲུག་གི་བསྡུར་ཚད་ཀྱིས་གཞལ་ན་བོད་ནང་ལོགས་ཀྱི་བོད་ཀྱི་སྐད་ཡིག་གི་འཕེལ་རྒྱས་དེ་ཡང་སྣ་ཤུ་འཆོར་དགོས་པ་ཞིག་ལས་ཅི་ཡང་མིན་ལ།
ལྷག་པར་དུ་བླ་རྒན་སྐོར་ཞིག་གི་ལག་རྗེས་མིན་ན་འབུམ་གཅིག་དང་ས་དྲུག་གི་བསྡུར་ཚད་ནས་བལྟས་ན་བོད་ནང་ལོགས་ཀླད་གོར་དུ་ལྷུང་རྒྱུར་ཐེ་ཚོམ་མེད་པ་རེད། ལྷ་ས་དང་། ཟི་ལིང་། ཁྲིན་ཏུའུ། ཁུན་མིང་། ལན་ཀྲུའི་ལྟ་བུའི་གྲོང་ཁྱེར་ཆེན་པོ་ཚོའི་མི་རྣམས་སྨོས་ཅི་དགོས། བོད་ཁུལ་རང་གྲོང་བརྡལ་དག་གི་བོད་མིའི་ཁྱིམ་ཚང་གི་རྒྱུན་སྤྱོད་སྐད་ཡིག་དང་། དེ་དག་ནས་འཚར་བའི་བོད་ཕྲུག་ཚོའི་སྨྲ་སྒོ་ལ་ཉན་ཙམ་བྱས་ན་གཞི་ནས་བཙན་བྱོལ་གྱི་བུ་ཕྲུག་ཚོའི་སྐད་ཆ་ལ་ཡང་ར་མ་ལུག་གི་སྐད་ཅེས་དམོད་ཤོར་དགོས་པའི་རྒྱུ་མཚན་ཆེན་པོ་རྙེད་མི་ཐུབ། བོད་ནས་སྐྱེས་ཤིང་བོད་ནས་འཚར་བའི་བྱེས་འབྱོར་བ་མང་མང་གི་ཁྲོད་ཀྱང་རྒྱ་སྐད་མ་གཏོགས་མགྲིན་ན་མེད་ལ། རྒྱ་ཟས་མ་གཏོགས་ལྟོ་བར་མི་འགྲོ་བ། རྒྱ་ཆས་མ་གཏོགས་མིག་ལ་མི་མཛེས་པ་ཅི་འདོད་འདོད་དུ་རྙེད་དུ་ཡོད་ལ། ཁོ་ཚོ་ལྡི་ལི་མ་ཅིང་ཀྲི་ལ་དང་། རྡ་རམ་ས་ལ་སོགས་གང་ས་གང་དུ་ཁྱབ་ཡོད་པས་ལམ་སང་མཐོང་བཏུབ་པ་ཡིན།
རང་ཅག་ལ་ཐར་ལམ་མེད་པའི་ནད་རྟགས་ཧ་ཅང་མང་པོའི་ནང་གི་ནད་རྟགས་ཚབས་ཆེན་ཞིག་ནི་ད་ལྟ་ཅུང་ཙམ་དང་མིང་ཙམ་ཡོད་པའི་མི་རིགས་རིག་གནས་ཀྱི་རྒྱུན་དེ་དབང་སྒྱུར་བས་བསམ་བཞིན་གཅོད་པའི་ལས་འགུལ་ཏེ། སྐད་ཡིག་གཅིག་བུའི་བསླབ་བྱ་མ་གཏོགས་བོད་ཡིག་ཁྲོད་བསླབ་རྒྱུ་མེད་པར་བཟོས་པ་དེ་ཡིན་ལ། བོད་ནང་གི་དགེ་སློབ་སྐོར་ཞིག་གིས་བྱ་ངན་དེ་འགོག་པའི་སླད་དུ་ཁྲོམ་སྐོར་བྱེད་པ་དང་། སྙན་ཞུ་འབུལ་བ། ཁྲིམས་ལུགས་བགྲངས་པ་སོགས་ཐབས་ཤེས་ཡོད་རྒུ་ཕུད་ཀྱང་གྲུབ་འབྲས་མ་བྱུང་བ་མ་ཟད། ཕྱི་ལོགས་ནས་དེ་ལ་བྱེད་འོས་པ་དང་འདོན་འོས་པའི་རྒྱབ་སྐྱོར་མ་བྱས་པ་མ་ཟད། ཕལ་ཆེར་གནད་དོན་དེ་མི་རིགས་འདིའི་འཆི་གསོན་ལ་འབྲེལ་བ་དང་། གནད་དོན་དེ་འགན་ཁུར་དགོས་པའི་གནད་དོན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་ཙམ་ཡང་མ་ཚོར་བར་སྙམ། གང་ལྟར་ཡང་ཚར་སོང་། རྒྱ་གཞུང་གིས་སྲིད་ཇུས་དེ་ལྟར་གཏན་འབེབས་བྱས་ཟིན་ལ་ལག་ལེན་དུའང་བཏབ་དང་འདེབས་བཞིན་ཡོད། འོན་ཀྱང་། ང་ཚོས་དོན་དག་དེའི་སླད་དུ་ནུས་པ་ལྡན་པའི་བྱ་བ་ཞིག་རྩོམ་རྒྱུ་ཕར་ཟད། ཕལ་ཆེར་སྙན་ཐོ་ཞིག་གི་ནང་ཡང་འཇུག་ཐུབ་མེད་པའི་ཚོད་ཡིན་ལ། ད་ལྟ་ནི་བོད་ནང་གི་སློབ་གྲྭ་ཁག་ཏུ་དེ་ལྟར་བསྒྱུར་དང་སྒྱུར་བཞིན་པའང་བརྗེད་ཟིན་པའི་ཚོད་དུ་ཡོད། གནས་སྟངས་དེ་ལོ་ངོ་བཅུ་ལ་རྒྱུན་མཐུད་ན་ང་ཚོ་འཆི་ངེས་ཀྱི་ནད་རྟགས་སྙིང་ལ་འབབས་རྒྱུ་རེད།
ད་ལྟའི་ཆར་བོད་ཀྱི་སྐད་ཡིག་མ་ཤི་ཙམ་དུ་གནས་པ་ནི་དུས་རབས་ཀྱི་འགྱུར་ལྡོག་གི་གཡོ་སྐྱོམ་མ་ཐེབས་སའི་གྲོང་གསེབ་མང་ཙམ་ཡོད་པའི་རྨང་གཞིའི་སྟེང་ནང་པ་སངས་རྒྱས་པའི་ཆོས་ལུགས་མ་ཉམས་པར་གནས་པ་ཁོ་ནའི་བཀའ་དྲིན་ནོ། །གཞན་ང་ཚོའི་རྩོམ་རིག་སྒྱུ་རྩལ་དང་། ཟློས་གར་གླུ་གཞས་སོགས་ཀྱང་ཡོད་པ་རེད་མོད། དུས་རབས་ཀྱི་རླུང་བུ་གཡུག་ཐེངས་ཤིག་གིས་ཡོམ་ཡོམ་སྒུལ་ཐུབ་པའི་གྲོབ་གསེབ་པའམ་ཞིང་འབྲོག་མང་ཚོགས་ཁོ་ནར་བརྟེན་པ་ལས། གྲོང་ཁྱེར་ནས་རྡུང་ལེན་བསྐྱུར་ཟིན་ལ། དམངས་གླུ་གོ་ན་རྣ་མཆོག་གཟིར་བའི་ཚོད་དུ་ལྷུང་ཡོད། མཚམས་དེ་ནས་ཁོ་ཚོས་དང་ལེན་བྱ་ཐུབ་པ་ནི་རྒྱ་སྐད་ཀྱི་ཟློས་གར་གླུ་གཞས་སམ་ཡང་ན་དབྱིན་ཇི་དང་རྒྱ་གར་གྱི་དེ་དག་རེད། ཉིས་སྟོང་བརྒྱད་ཀྱི་རྗེས་ནས་བོད་ཀྱི་ས་ཁུལ་རེ་འགར་བོད་སྐད་བོད་ཡིག་ལ་ཞེན་ཁོག་བཅངས་ཏེ་བོད་སྐད་དག་མ་སྨྲ་བ་དང་། རྒན་གཞོན་ཀུན་གྱིས་བོད་ཡིག་སློབ་པ་སོགས་དམངས་ཁྲོད་རང་བཞིན་གྱི་ལས་འགུལ་ཞིག་ཁྱབ་བཞིན་ཡོད་པ་ནི་མི་རིགས་འདིའི་རིས་སུ་གཏོགས་པ་ཞིག་གི་ངོས་ནས་བསྟོད་བསྔགས་ཀྱི་གནས་སུ་གྱུར་པ་བརྗོད་མ་དགོས་མོད། ལ་རྒྱ་ནི་ལ་རྒྱ་རང་སྟེ་<<ཆུ་ངོགས་གཏམ་རྒྱུད>>ནང་གི་སྒྲུང་མི་ལྟར་ལ་རྒྱའི་ཆེད་རི་མགོར་བྲོས་ནས་འཚོ་རྒྱུ་མིན་ན།
ད་ལྟའི་སྤྱི་ཚོགས་ཀྱི་འགྲན་རྩོད་དྲག་པོ་འདིའི་ཁྲོད་ལ་རྒྱ་སྐམ་པོ་གཅིག་བུས་སྐད་ཡིག་དང་རིག་གནས་ཀྱི་མུ་རྒྱུན་བསྲིང་རྒྱུ་ནི་དཔེ་མི་སྲིད་པ་ཞིག་རེད། མདོར་དེད་ན་ང་ཚོའི་སྐད་ཡིག་དང་རིག་གནས་ཀྱིས་ད་ལྟའི་ང་ཚོའི་མངོན་འདོད་སྐོང་མི་ཐུབ་པ་དང་། ཨུ་ཚུགས་ཀྱིས་ཆོག་ཤེས་བསྟེན་དབང་དུ་བཏང་ན་དཔག་ཚད་དང་རྒྱང་གྲགས་ཀྱི་མཚམས་ནས་ད་ལྟའི་འཛམ་གླིང་གི་མི་གྲལ་དུ་མི་ཐོན་པ་དེ་ནི་ང་ཚོ་ཤི་རྒྱུ་ཡིན་པའི་ནད་རྟགས་ཚབས་ཆེན་གཉིས་པ་རེད།
མི་གྲངས་ཀྱི་འཕེལ་ཤུགས་ཞ་འཐེང་ཡིན་པ་དེ་འཆི་ལྟས་གསུམ་པ་རེད།
རང་རེའི་ནད་རྟགས་བརྒྱ་བརྒྱ་སྟོང་སྟོང་ཁྲོད་ཀྱི་ན་རྒྱུན་ཧ་ཅང་རིང་ཞིང་། ནད་རིགས་གཞན་དང་གཞན་དག་སྐྱེད་པའི་གཏིང་ནད་ཅིག་ནི་མི་གྲངས་ཉུང་བའི་ནད་རྟགས་ཏེ། ནད་རྟགས་འདིས་མཐའ་མཇུག་ང་ཚོ་ཤི་ལམ་དུ་འདེད་རྒྱུ་ཉག་གཅིག་ལས་མ་འདས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ་སད་མི་མི་བདུན་རབ་ཏུ་བྱུང་ནས་བོད་ལ་དམ་ཆོས་འདུལ་བའི་བསྟན་པ་དབུ་བརྙེས་ཤིང་། གྲུབ་པ་དང་རིག་པ་འཛིན་པའི་རྣལ་འབྱོར་ཕོ་མོ་དང་། དགེ་སློང་རྡོ་རྗེ་འཛིན་པས་བོད་ཡུལ་གང་སྟེ་དམག་འཁྲུག་དང་འཐབ་རྩོད་ཀྱི་འཚོ་བ་ལ་ལྟོས་འཇོག་གིས་རྫོགས་ཚིག་བཀོད་པ་ཡིན་ཞིང་། དར་མ་འུ་དམ་བཙན་པོས་རབ་བྱུང་རྒྱུན་གཅོད་པའི་སྲིད་ཇུས་ཀྱིས་ཆེས་མང་ན་ལོ་གྲངས་བཅུ་ཕྲག་སྐོར་ཞིག་ལ་སྟོང་ཆ་ཅུང་ཙམ་ལུས་ཡོད་སྲིད་པ་ཙམ་ལས། བོད་ཡུལ་ལ་རབ་བྱུང་གི་སྡེ་མུ་ནས་མུ་རུ་འཕེལ་ཞིང་། ཐ་ན་བོད་ཀྱི་གདོད་མའི་ཆོས་ལུགས་གཡུང་དྲུང་བོན་རྗེས་འཇུག་པ་ཚོ་ཡང་རབ་ཏུ་བྱུང་སྟེ། ལོ་ངོ་སྟོང་ཕྲག་ལྷག་ལ་རབ་བྱུང་ཕོ་མོ་ཁྲི་ཁྲི་འབུམ་འབུམ་བྱུང་བའི་རྗེས་འབྲས་ལ་བོད་ཀྱི་འཁོར་བ་རྒྱུན་གཅོད་པའི་ཚོད་དུ་ལྷུང་བ་རེད། སད་མི་མི་བདུན་རབ་ཏུ་བྱུང་བ་ནས་ད་ལྟའི་བར་ཉུང་རྩིས་ཀྱིས་སྐྱེས་པ་གཅིག་ལ་བུ་ཕྲུག་གསུམ་རེ་ཡོད་དབང་དུ་བཏང་ན་ལོ་ངོ་གཅིག་སྟོང་སུམ་བརྒྱ་ལྷག་ལ་སྐྱེས་པ་ག་ཚོད་ཅིག་རབ་ཏུ་བྱུང་ཡོད་དམ།
དེ་ཡང་རབ་ཏུ་བྱུང་ཚད་ཀྱི་གྲངས་ཀ་དེ་གཅིག་རྐྱང་ཞིག་ཡིན་ལ། མི་གྲངས་འཕེལ་འགྲིབ་ཀྱི་བསྡུར་ཚད་དེ་ལྡབ་འགྱུར་ནས་ལྡབ་འགྱུར་དང་། བཅུ་འགྱུར་བརྒྱ་འགྱུར་སྟོང་འགྱུར་སོགས་ཡིན་པས་རང་རེའི་མི་རིགས་ལ་ད་ལྟ་ས་ཡ་དྲུག་བདུན་ཞིག་དང་། དེའི་ཁར་སྔར་གྱི་མི་རྒྱུད་གཅིག་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོ་བརྩིས་པས་བྱེ་བ་གཅིག་ཙམ་ཞིག་འབྱུང་བ་འདི་ངོ་མཚར་དུ་བརྩིས་ཀྱང་མི་ཆོག་པ་མི་འདུག
ལོ་སྔོན་མར་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ད་ལྟ་ས་སྒང་རིལ་མོའི་མིའི་གྲངས་འབོར་དེ་དུང་ཕྱུར་བདུན་ཅུ་བརྒལ་བར་ཁྱབ་བསྒྲགས་བྱས་ཟིན་ལ། གྲངས་འབོར་དེའི་ཕྱེད་ཀ་ཙམ་ནི་ང་ཚོ་གཞིས་བྱེས་གཉིས་ཀ་རྒྱུན་མར་འཚོ་སའི་རྒྱ་ནག་རྒྱལ་ཁབ་དང་རྒྱ་གར་གཉིས་ན་ཡོད་པ་རེད། འཛམ་གླིང་ཧྲིལ་བོའི་མི་གྲངས་ཀྱི་བཞི་ཆ་གཅིག་ཟིན་པའི་སྤྱི་ཚོགས་ཆེན་པོ་དེར་ཐོན་ཁུངས་དང་སྡོད་གནས་ཀྱི་དཀའ་ངལ་རྒྱུན་མར་འཕྲད་བཞིན་པའི་ཁར། མདོ་དབུས་མདོ་སྒང་གི་ཕྱོགས་མཚམས་མང་ཆེ་བ་སྟོང་བར་ལུས་ཤིང་། ས་ཡ་དྲུག་ལ་ལོངས་མིན་གྱི་གནས་དེའི་བདག་པོ་སྟེ་ང་ཚོ་བོད་མི་རིགས་ཀྱི་གྲངས་འབོར་དང་། ཤེས་འབྱོར་གྱི་འཁོས་ཀ་དེས་ང་ཚོའི་ཐར་ལམ་ལ་མུན་ནག་དགུ་བརྩེགས་ཤིག་བསྐྱིལ་ཡོད།
གང་ལྟར་ཡང་མདོ་དབུས་མཐོ་སྒང་གི་ས་གཞི་ཆེན་པོ་དེ་དང་མི་གྲངས་ས་ཡ་དྲུག་གི་བསྡུར་ཚད་དེ་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་མ་ཟད། ང་ཚོའི་རབ་བྱུང་ཕོ་མོ་ནི་མུ་མཐུད་དུ་འཕེལ་རྒྱས་འབྱུང་གི་ཡོད། གསེར་རྟ་བླ་རུང་སྒར་ན་ཁྲི་ཕྲག་ཙམ་དང་། ཁམས་ཡ་ཆེན་སྒར་ན་ཁྲི་ཕྲག་བཞི་ཙམ་བཞུགས་པ་གཉིས་དཔེར་མཚོན་ནས་རྒྱ་གར་དང་བོད་ཡུལ་གྱི་དགོན་སྡེ་དག་ན་ཅི་ཙམ་གནས་པ་རྣམས་མི་གྲངས་འཕེལ་འགྲིབ་ལ་ལྡབ་འགྱུར་ནས་ལྡབ་འགྱུར་དང་བཅུ་འགྱུར་བརྒྱ་འགྱུར་སོགས་ཀྱི་ཤུགས་རྐྱེན་མུ་མཐུད་བཞིན་ཡོད་པ་རེད། འདི་ལྟར་མུ་མཐུད་བཞིན་པ་དང་ལྷན་དུ། བུ་ཕྲུག་སྐྱེ་འདོད་མེད་པ་དང་། ཡང་ན་གཅིག་གཉིས་ལས་སྐྱེ་འདོད་མེད་པའམ་མི་ཆོག་པ་སོགས་ཀྱང་མི་རིགས་འདིའི་གཤེད་མར་ལངས་ཡོད་པ་མ་ཟད། སྤྱིར་བཏང་ནས་རྒྱ་མི་བོད་དུ་སྡོད་མཁན་ལོ་རེ་ནས་ལོ་རེར་ཇེ་མང་ཡིན་པ་དང་། ཉིས་སྟོང་བརྒྱད་ཚུན་ཆད་ནས་བཟུང་སྲིད་གཞུང་གིས་ལྐོག་བགྲོས་འཆར་གཞི་ལྟར། མདོ་སྨད་མཚོ་སྔོན་གྱི་བོད་མིའི་གྲངས་འབོར་མང་ཤོས་ཀྱི་ས་ཁུལ་གསུམ་སྟེ། མཚོ་ལྷོ་དང་། རེབ་གོང་། མགོ་ལོག་གསུམ་ལ་རྒྱ་མི་ས་ཡ་གསུམ་གྱི་གནས་སྤོས་མགོ་བརྩམས་ཟིན་ལ། ས་ཆ་གཞན་དང་གཞན་དུ་ཡང་གཅིག་མཚུངས་ཀྱི་འཆར་གཞི་ལྟར་ལག་ལེན་ཡང་དེ་མཚུངས་འདེབས་བཞིན་ཡོད། གནས་ཚུལ་དེ་བོད་གཞུང་གིས་གསལ་གསལ་ཐང་ཐིང་ཤེས་པ་མ་ཟད། དེས་ང་ཚོ་འཆི་ལམ་ནས་ཕྱིར་ལྡོག་མེད་སར་འདེད་ངེས་པའང་ཐག་ཆོད་བཞིན་དུ་གོ་མེད་ཚོར་མེད་དུ་གནས་པ་འདི་དངོས་གནས་ཅི་ཡིན་ནམ། བཤད་ཚོད་ཐིག་གི་མི་འདུག
ད་ལྟའི་འཛམ་གླིང་ནི་ཁྲོམ་རའི་འཛམ་གླིང་ཡིན་པའི་ངོས་ནས་ཀྱང་མི་གྲངས་ཉུང་བ་དེས་ང་ཚོར་གཉའ་ནོན་བཟོད་དཀའ་བ་ཞིག་གཏོང་གི་ཡོད། གང་ན་མི་གྲངས་མང་ན་དེ་རུ་ཁྲོམ་རའང་དེ་ལྟར་མང་བ་དང་། མི་གྲངས་བསྡུར་ཚད་ལྟར་མཐོང་ཐོས་མྱོང་གསུམ་གྱི་ཆ་ཡང་དེ་ལྟར་མང་བས། འཇིག་རྟེན་ཐོག་གི་ལས་མང་པོ་ཞིག་མིག་རྒྱ་ཆེ་ཆུང་དང་། གནད་འགག་ཤེས་མིན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པས་མི་གྲངས་མང་བ་དེ་ཧ་ཅང་ཉུང་བ་ལས་དགེ་མཚན་ཆེ། ད་ལྟ་རྒྱ་དཀར་ནག་གཉིས་ཀ་འཛམ་གླིང་གི་སྟོབས་ཤུགས་ཅན་དུ་འཕོ་བཞིན་པའི་གནད་འགག་གཙོ་བོ་གཅིག་ནི་རྒྱལ་ཁབ་དེ་གཉིས་འཛམ་གླིང་གི་ཁྲོམ་རའི་ནང་སྐུ་མགྲོན་གལ་ཆེ་ཤོས་གཉིས་ཏེ། ཉོ་མཁན་ཆེས་མང་པའི་རྒྱལ་ཁབ་ཡིན་པས་རེད། གལ་ཏེ་རྒྱལ་ཁབ་དེ་གཉིས་ཀྱིས་བསམ་བཞིན་འབད་པ་མ་བྱས་ཀྱང་རྒྱལ་ཁབ་དེ་གཉིས་ཀྱི་རིག་གནས་སེམས་ཁམས་དང་མཐུན་པའི་ཅ་དངོས་དང་དེའི་ཁྲོམ་ར་ནི་ཇི་སྲིད་འཛམ་གླིང་ཧྲིལ་བོ་རྒུད་ལ་མ་ཐུག་ན་ཐེ་ཚོམ་མེད་པར་འཕེལ་རྒྱས་འབྱུང་ངེས་རེད། འོན་ཀྱང་། ང་ཚོའི་མི་རིགས་ཀྱི་ཁམས་དང་མཐུན་པའི་རིག་གནས་དངོས་རྫས་སུས་བཟོ་སྐྲུན་བྱ་སྲིད་དམ། ད་ལྟའི་འཛམ་གླིང་གི་ཁེ་ལས་འབྲིང་བའི་རིགས་ཀྱིས་ཀྱང་ང་ཚོ་ལྟ་བུ་མིག་ནང་ལ་འཇོག་མི་སྲིད་དེ།
སྤྱིར་བཏང་མི་གྲངས་ཉུང་བ་དང་ལྷག་པར་དུ་གྲལ་རིམ་ཅུང་མཐོ་བའི་ཅ་ལག་ཉོ་མཁན་དེ་བས་ཀྱང་དཀོན་པས་སོ། །དེའི་ཕྱིར་ང་ཚོའི་རིག་གནས་སེམས་ཁམས་ལ་འཚམ་པའི་ཐོན་ལས་ཤིག་ཡིན་ཕྱིན་རྒྱུ་རྐྱེན་རྟེན་འབྲེལ་ཡོད་དོ་ཅོག་ང་ཚོ་རང་གིས་འབད་རྩོལ་ནས་བྱུང་དགོས་པ་མ་གཏོགས། ཁྲོམ་རའི་ཁེ་ཕན་ལྟར་མི་རིགས་གཞན་གྱི་བཟོ་ཚོང་སོགས་ཀྱིས་ང་ཚོ་བདག་མེད་དུ་གཡུགས་ཡོད་ལ། མུ་མཐུད་དུ་གཡུག་ངེས་རེད།
ང་ཚོའི་སྐད་ཡིག་དང་། རིག་གནས་ལ་དེང་རབས་ཀྱི་མིའི་དགོས་མཁོ་ལྟར་གྱི་ཁྲོམ་རའི་རིན་ཐང་དེ་མ་ཚང་ཕྱིན་མང་པོ་མི་འགོར་བར་ང་ཚོ་འཆི་རྒྱུ་རེད་ལ། འཆི་སྟངས་དེ་ཡང་། ཤེས་མེད་ནས་བླུན་རྨོངས་དང་། དབུལ་ཕོངས་ནས་བྲན་གཡོག་ཏུ་གྱུར་ནས་འཆི་རྒྱུ་རེད། ང་ཚོ་དེ་ལྟར་ཤི་རྗེས་ཀྱི་མདོ་དབུས་མཐོ་སྒང་ནི་སྤྱད་ན་འཛད་མཐའ་བྲལ་བའི་རིན་པོ་ཆེའི་གཏེར་ཆེན་པོ་ཞིག་སྟེ། རྒྱ་མི་དུང་ཕྱུར་མང་པོའི་མ་འོངས་པའི་ལོངས་སྤྱད་ཁོ་ནར་འགྱུར་ངེས་ཤིང་། དབྱིན་ཡིག་དང་རྒྱ་ཡིག་སོགས་སུ་འཁོད་པའི་བོད་བརྒྱུད་ནང་བསྟན་གྱི་བསམ་པའི་ལོངས་སྤྱོད་དེ་ཚོ་ཡང་འཛམ་གླིང་གི་འགྲོ་བ་མིའི་རིགས་མ་ནུབ་བར་འོད་དུ་འཚེར་ངེས་རེད།
ཤེས་ཡོན་པ་ཤེས་བྱས་ཤིན་ཏུ་ཕོངས་པ་དེ་འཆི་ལྟས་བཞི་བ་རེད།
ང་ཚོ་ཤི་རྒྱུ་ཡིན་པའི་ནད་རྟགས་ཤིན་ཏུ་མང་པོ་དག་གི་ཆེས་ཚབས་ཆེ་བ་གཅིག་གཉིས་ཤིག་གོང་དུ་གླེང་བ་ལྟར་ལ། ནད་རྟགས་དེ་ཚོ་གཙོ་བྱས་པའི་ནད་གཞི་མང་ཆེ་བའི་འབྱུང་ཁུངས་སམ་ནམ་ཡང་དྲག་སྐྱེད་མི་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ང་ཚོའི་ཤེས་ཡོན་པ་ཚོ་རེད། ཡོངས་ཁྱབ་ཀྱི་རང་བཞིན་དུ་བྱས་ན་བཙན་བྱོལ་ནས་དུས་རབས་སྔོན་མའི་ལོ་རབས་དྲུག་ཅུའི་མགོ་སྟོད་དང་། བོད་ནང་ནས་ལོ་རབས་བརྒྱད་ཅུའི་མགོ་སྟོད་ནས་བཟུང་ང་ཚོའི་དེང་རབས་ཤེས་ཡོན་པ་སྐྱེད་བསྲིང་བྱེད་མགོ་བརྩམས་ཡོད་ལ། དྲུག་ཅུ་དང་བརྒྱད་ཅུ་གང་བྱས་ཀྱང་མི་རིགས་ཤིག་ལ་མཚོན་ན་དེ་འདྲའི་རིང་པོ་ཞིག་མིན་པ་མ་ཟད། ཧ་ཅང་ཐུང་ཐུང་རེད་ཅེས་ཀྱང་བརྗོད་ཆོག་པ་འདུག འོན་ཀྱང་། ང་ཚོས་ཀྱང་ལྟོས་ས་ལྟོས་འཇོག་གིས་མི་བཤད་མཐུ་མེད་ཡིན་པས། ང་ཚོའི་དེང་རབས་རིག་གནས་སློབ་སྦྱོང་གི་མགོ་བརྩམས་སྐབས་དེ་དག་ཏུ་རྒྱ་ནག་ལ་ཅི་ཡོད་དང་། ཡང་ན་རྒྱ་གར་ལ་ཅི་ཡོད། དེ་གཉིས་ཆེ་སོང་ན། སོག་པོ་དང་། ནང་སོག བལ་ཡུལ། དམག་འཁྲུགས་དང་ཉོག་འཛིང་ང་ཚོ་ལས་མི་ཆེ་ན་མི་ཆུང་བའི་ཝེ་ཏི་ནམ་དང་། འབར་མ་སོགས་ལ་ངེས་པར་བསྡུར་ཆོག་པར་འདོད། ང་ཚོའི་ཤེས་ཡོན་པ་དང་ནང་སོག་གི་ཤེས་ཡོན་པ། ང་ཚོའི་སྒྱུ་རྩལ་པ་དང་ནང་སོག་གི་སྒྱུ་རྩལ་པ། ང་ཚོའི་ཚོང་པ་དང་ནང་སོག་གི་ཚོང་པ། ང་ཚོའི་ལག་རྩལ་པ་དང་ནང་སོག་གི་ལག་རྩལ་པ་བཅས་རེ་རེ་བསྡུར་ཚད་གཅིག་གི་སྒང་ནས་གཞལ་ན་ལྡབ་མང་པོས་ང་ཚོ་རྗེས་སུ་ལུས་ཡོད་ཟེར། (བོད་དང་ནང་སོག་གི་བསྡུར་ཚད་དེ་ང་ལ་ཡིག་ཐོག་གི་དཔྱད་གཞི་མ་ལོན་ཀྱང་། ལས་རིགས་སོ་སོའི་མི་དང་ཁ་བརྡའི་ལམ་ནས་རྒྱུས་ལོན་བྱས་པ་ཡིན།)
ཅིའི་ཕྱིར་རྗེས་སུ་ལུས་སོང་བ་རེད། མཐོ་སྒང་གི་འབྲོག་རིགས་ཡིན་པ་གཅིག་པ། ཆོས་ལུགས་ཀྱི་སློབ་གསོ་ཐེབས་པ་གཅིག་པ། གྲངས་ཉུང་མི་རིགས་ཡིན་པ་གཅིག་པ་སོགས་ཐུན་མོང་གི་ཁྱད་ཆོས་མང་བ་མ་ཟད། ད་དུང་ཕྱོགས་མང་པོ་ཞིག་ནས་ང་ཚོ་ནང་སོག་གི་སྔོན་དུ་འགྲོ་ཆོག་པའི་མཐུན་རྐྱེན་ཁྱད་པར་བ་མང་པོ་ལྡན་ཡོད། འོན་ཀྱང་ང་ཚོ་ལྡབ་ཀྱིས་རྗེས་སུ་ལུས་སོང་བ་རེད།
འདི་དག་ཐམས་ཅད་ཀྱི་བྱེད་པོ་ང་ཚོའི་ཤེས་ཡོན་པ་ཚོ་རེད། རྒྱུ་མཚན་ནི་དུས་རབས་འདི་ལ་དཔགས་པའི་ང་ཚོས་ཤེས་ཡོན་པ་ཚོས་ཅི་ཡང་མི་ཤེས་ཟེར་ཆོག་སྟེ། གང་ཤེས་པ་ནི་བོད་ཀྱི་རྩོམ་རིག་དང་། ལོ་རྒྱུས། བརྡ་སྤྲོདསོགས་གང་ལྟར་སྐད་ཡིག་གི་རྒྱ་ལས་མ་འདའ་བ་ཤ་སྟག་ཡིན་ལ། དེ་ཡང་ཆེས་མཁས་པར་གྲགས་པ་ཚོས་མ་གཏོགས་མི་ཤེས། ཤེས་ཡོན་པར་གྲགས་པ་མང་ཆེ་བ་(ང་རང་ཉིད་ལྟར་དུ་།) ཡིག་ཐོག་ནས་ཁ་བརྡ་བྱེད་ཤེས་པ་ཙམ་ཡིན། ཁ་ཤས་ཀྱིས་དེ་ཡང་མི་ཤེས། ཡིག་ཐོག་གི་ཁ་བརྡ་ཤེས་པའི་ང་རྒྱལ་གྱིས་མགོ་བོ་མཐོ་རུ་དགྱེས་ཤིང་། སྟོང་སྐད་བསྒྲགས་ཏེ། འཛམ་གླིང་ཧྲིལ་བོའི་ཁམ་དུ་མིད་ལ་ཁད་པའི་ཁ་ཆེན་པོ་གདངས་ཤིང་། འཛམ་གླིང་གི་ལྟ་གྲུབ་སྣ་ཚོགས་དང་། མཁས་པ་མང་པོའི་མིང་ནས་འཛིན་རྒྱུར་དགའ་ཞིང་། འདྲ་འདྲ་འགྲིག་འགྲིག་གིས་ཉོག་གཏམ་སྣ་ཚོགས་རྩོམ་ཡིག་གི་རྣམ་པ་དང་དེབ་དང་དཔེ་ཚོགས་སུ་བཀྲམས་ནས། གཅིག་གིས་གཅིག་སྤུར་རྒྱུ་ལས། རང་ཉིད་གང་ལ་གཏོགས་པའི་མི་རིགས་ཀྱི་དངོས་ཡོད་གནས་བབ་དང་། དངོས་ཡོད་ཀྱི་འཚོ་བ། དངོས་ཡོད་ཀྱི་བདེ་བ་སྡུག་བསྔལ། མ་འོངས་པའི་མདུན་ལམ་བཅས་ནི་རྣམ་རྟོག་གི་དམིགས་པར་སླེབས་ཀྱི་མེད། གལ་ཏེ་འགན་ཞིག་འཁུར་མཁན་དུ་རློམ་པ་ཚོའང་ཕལ་མོ་ཆེས་མི་རིགས་རང་ཉིད་ཀྱི་དགའ་ཕྱོགས་དང་། དད་ས། བརྩེ་ས་སོགས་ཀྱི་ལྡོག་ཕྱོགས་ཁོ་ན་ལས་མཐོང་གི་མེད་པའམ་ཡང་ན་མ་མཐོང་ཁུལ་བྱེད་ཀྱི་ཡོད།
དཔེར་ན། དབྱར་རྩྭ་དགུན་འབུ་ཇི་ལྟར་བཙོང་དགོས་པ་དང་། ཀོ་པགས་དང་མར་ཆུར་གྱི་རིན་གོང་གང་དུ་མཐོ་བ། དེ་དག་ཅུང་ཙམ་ལས་སྣོན་བྱས་ནས་ཁྲོམ་རར་འཁོར་སྐྱོད་བྱ་ཚུལ་ཞིག་ཀྱང་ང་ཚོས་ཤེས་ཡོན་པས་མང་ཚོགས་ལ་བསླབ་མ་མྱོང་། གཏན་ནས་མ་མྱོང་། ང་ཚོའི་ཤེས་ཡོན་པས་ང་ཚོར་བསླབ་འདོད་པ་ནི་ནུབ་ཕྱོགས་ཀྱི་ཅིག་ཅིག་གི་རྩོམ་རིག་གི་ལྟ་བ་དང་། རྒྱ་ནག་གི་ཉིག་ཉིག་གི་ལྔ་བཞིའི་ལས་འགུལ། རོམ་གོང་མ་དང་ཡེ་ཤུ་ཆོས་དཔོན་ཚོས་མུག་མུག་བྱས་རབས་ལྟ་བུ་སྟེ། ང་ཚོ་དང་འདྲ་འབྲེལ་རྡུལ་ཙམ་མེད་པ་ཁོ་ན་འཆད་ཀི་ཡོད་པ་ལྟར། ཁོ་ཚོའི་བཤད་བྱ་འཆད་བྱེད་དང་བཅས་པ་བོད་ཀྱི་མང་ཚོགས་ལ་མཚོན་ན་ཏུན་ཧོང་གཏེར་ཡིག་ལས་ཀྱང་བརྡ་རྙིང་དུ་གྱུར་ཡོད།
ཁ་གསལ་བོ་ཞིག་བཤད་ན། བོད་ཀྱི་ཤེས་ཡོན་པས་ཚན་རིག་མི་ཤེས་ལ་འཕྲུལ་རིག་ཀྱང་མི་འཁྱོངས། རང་བྱུང་མི་ངེས་ལ་སྤྱི་ཚོགས་ཀྱང་མི་རྟོགས། བར་སྣང་ག་ལ་ཤེས་ཏེ་རྫས་འགྱུར་ཀྱང་མི་མཁྱེན། བརྡ་འཕྲིན་གསར་བཏོད་ག་ལ་ཞིག་སྟེ་གཞན་གྱིས་བཀོལ་ཆོག་ཆོག་ཏུ་བསྐྲུན་པའི་ལག་རྩལ་ལ་རྗེས་ཟློས་ཙམ་ཡང་མི་ནུས། འདི་ལྟར་ཡ་མ་བརླ་དང་གོག་མ་ནུར་གྱི་རང་གཟུགས་རྫོབ་ཏོ་དེའི་ཕག་ན་བསྐུངས་ཡོད་པ་ནི། སྟོང་གསུམ་ཁྱོགས་པའི་ང་རྒྱལ་གྱི་ལྷུན་པོ་དང་། འཇིག་རྟེན་ཟ་བའི་འདོད་ཆགས་ཀྱི་རྒྱ་མཚོ། མུན་པར་གཏིབས་པའི་གཏི་མུག་གི་སྨག་རུམ་ལས་མ་འདས་སོ། །
དེ་བཞིན་དུ། རྩོམ་པ་པོར་རློམ་ཞིང་སྟོང་སྐད་བར་མེད་སྒྲོག་པར་དགའ་བ་ཕལ་མོ་ཆེའི་ཉེ་སར་བཅར་ན་བསྲུབས་ཀྱང་སྙིང་བོ་མེད་པའི་ཆུར་ཁུ་སྔོ་ཤི་བ་ཞིག་ལས་ཅི་ཡང་མིན་ཏེ།(རང་ཉིད་ཀྱང་འདི་ལ་གཏོགས།) ཁོ་ཚོས་བོད་ཀྱི་རིག་གནས་ཆེ་ཆུང་གང་རུང་ཐད་ལྷུ་ལག་ཚང་བའི་དཔྱད་རྩོམ་ཐུང་ཐུང་ཞིག་མི་འཁྱོངས་ལ། རྩོམ་རིག་དང་སྒྱུ་རྩལ་ཐད་དུ་དགེ་ཅུང་ཙམ་ཐོན་པ་ཞིག་ཀྱང་ཧ་ཅང་དཀའ་མོ་ཡིན།
མདོར་དེད་ན་བོད་ཀྱི་དེང་རབས་ཤེས་ཡོན་པ་ནི་རྨོངས་དད་ཀྱི་མུན་པ་ཤིན་ཏུ་མཐུག་པའི་ཤེས་ཡོན་པའི་སྡེ་ཞིག་ཡིན་ལ། སྡེ་འདིའི་དད་མོས་ཀྱི་ཡུལ་མཐར་ཐུག་ས་དེ་མི་སྒེར་རང་ཉིད་ཡིན། སྡེ་འདིས་དུས་རབས་ཉེར་གཅིག་པ་གཡོ་ཞིང་འཁྱོམས་ལ་འགྲན་རྩོད་རྒྱ་མཚོའི་རླབས་ལྟར་འཕྱོ་བའི་དངོས་ཡོད་ཀྱི་འཇིག་རྟེན་འདི་རུ། མདུན་དུ་ལྷགས་པའི་མི་རིགས་ཀྱི་དར་རྒུད་དང་། ལོ་རྒྱུས་ཀྱི་འཇིག་ཉེན་སོགས་ཡོངས་སུ་དོར་ཏེ།
གཏི་མུག་གཉིད་ལ་མ་ཤོར་ཀྱང་གཉིད་གཏམ་རྡབ་རྡིབ་གླེང་གི་ཡོད།
ལྷ་འདྲེ་ཁོག་ལ་མ་ཞུགས་ཀྱང་གོ་མེད་བརྡ་གླུ་ལེན་བཞིན་ཡོད།
མི་རུ་རློམ་པའི་མི་སྐད་ཀྱང་བསྐལ་པ་རིང་མོའི་བརྡ་རྙིང་ཡིན། །
ད་ལྟའི་བོད་ཀྱི་ཤེས་ཡོན་པ་དུས་རབས་གསར་པའི་གླེན་རྨོངས་ཡིན། །
ཞེས་ཀྱང་ཤོར་སོང་།
སྤྱི་ལོ་༢༠༡༢ ལོའི་༥་ཚེས་༢༧ཉིན།