ཆགས་པ་རྡོ་རྗེ།
གཏམ་དཔེར། བོད་རེ་བས་ཕོངས་ཟེར་སྲོལ་ལྟར།བོད་མི་ཚོར་ཐུན་མོང་གི་གོམས་གཤིས་ཤིག་ཡོད་པ་ནི། དཀའ་ངལ་གང་ཞིག་དངོས་སུ་རང་གི་མགོ་ཐོག་ཏུ་མ་སླེབས་པར། མི་གཞན་གྱིས་ཉེན་བརྡ་བཏང་ཡང་དེ་ཙམ་དོ་ནན་མི་གནང་ལ། ཆ་འཇོག་དང་ཡིད་གཟབ་ལྟ་བུ་དོགས་པའི་རིགས་ལ་ཤིན་ཏུ་འཛེམ། དེ་ལས་སོ་སོའི་སེམས་སུ་འཁྲུལ་སྣང་དང་རྨི་ལམ་སྐྱིད་པོ་རེ་བཏང་སྟེ་སྣང་བ་དག་རྒྱུར་མོས། དེ་བས་ངའི་བསམ་ཚུལ་འདིར་བོད་མི་ཚོས་དོ་སྣང་ཡོང་རྒྱུར་རེ་བ་ཆེན་པོ་མེད། འོན་ཀྱང་། བོད་མི་གནད་ཡོད་རེས་ཡིད་འཇོག་རེ་མི་ཡོང་ངམ་སྙམ་ནས་བྲིས་པ་ཡིན།
དེང་སང་འཛམ་གླིང་གི་ཡར་རྒྱས་ཆེ་བའི་རྒྱལ་ཁབ་སྤྱི་དང་ལྷག་པར་ཤར་ཕྱོགས་ཉི་ཧོང་དང་ཧན་གོའུ།རྒྱ་ནག་སོགས་ཀྱི་ནང་བུད་མེད་མང་ཆེ་བ་རང་དབང་གིས་འཚོ་བ་བསྐྱལ་རྒྱུར་འདོད་མོས་དང་། གཞན་གྱི་གནོན་ཤུགས་དང་ཇུས་འཁྲི་སོགས་ལ་འཛེམ་ཟོན་ཆེ་བར་བརྟེན། ཁེར་རྐྱང་དུ་སྡོད་རྒྱུར་འདོད་མོས་ཀྱིས་འཁྲུངས་ས་བསྐྱོན་མཁན་ཇེ་ཉུང་ལ་སོང་སྟེ། ཉི་ཧོང་ལྟ་བུར་ཕོ་སར་དང་མོ་སར་ཙམ་མ་ཟད། དར་མ་ལོ་ཚད་བཞི་བཅུ་ལོན་པ་ཚོའི་ཁྲོད་ཀྱང་མི་ཚེར་དགའ་རོགས་སྒྲིག་མ་མྱོང་བ་ཤིན་ཏུ་མང་ལ། བུད་མེད་བརྒྱ་ཆ་བཞི་བཅུ་ལྷག་གིས་མི་ཚེའི་རིང་གཉེན་སྒྲིག་བྱ་ཡི་མེད་ན། ཉི་ཧོང་རྒྱལ་ཁབ་ལ་མི་འབོར་ཇེ་ཉུང་དུ་སོང་སྟེ། ལོ་བཅུ་ཕྲག་འགའི་ཡར་སྔོན་སློབ་ཕྲུག་སུམ་སྟོང་ཡོད་པའི་སློབ་གྲྭ་དེ་འདྲར། དེང་སང་སློབ་ཕྲུག་ཉི་ཤུ་ནས་སུམ་ཅུའི་བར་ཙམ་ལས་མེད།
དེ་ལས་ཀྱང་ཧན་གོའུ་རྒྱལ་ཁབ་འདི་ཡར་རྒྱས་ཧ་ཅང་ཆེ་བའི་ཡུལ་ལུང་ཞིག་ཡིན་མོད། བུད་མེད་མང་ཆེ་བ་དེང་དུས་ཡར་འཐོན་གྱི་རྣམ་པ་དང་བསམ་སྤྱོད། དམིགས་བསལ་ནུབ་ཕྱོགས་ཀྱི་རིག་གནས་དང་སྤྱི་ཚོགས་ལ་སྤྲོ་སྣང་ཤིན་ཏུ་ཆེ་ཁར། བུད་མེད་མང་ཆེ་བ་རང་དབང་གི་འཚོ་བ་དང་ཡུལ་ལུང་གཞན། མི་རིགས་གཞན་གྱི་རིག་གནས་དང་འཚོ་ཐབས་ལ་དགའ་མོས་ཆེ་བར་སོང་། སྤྱིར་སོ་སོའི་མི་རིགས་ནང་ཕན་ཚུན་དབར་འཇིག་རྟེན་མཐུན་འཇུག་པ་བརྒྱ་ཆ་བཞི་ཅུ་ཙམ་གྱི་མུར། མི་ཚེ་ཁེར་རྐྱང་གིས་བསྐྱལ་མཁན་མང་བར་སྨྲ།
དེ་ཚོར་རྒྱབ་ལྗོངས་ཀྱི་རྒྱུ་མཚན་མང་པོ་ཡོད། བར་ལམ་ཧན་གོའུ་རང་གི་གསར་འགྱུར་ཁག་གིས་ཉམས་ཞིབ་ཀྱི་གྲུབ་དོན་ལ། ཡུལ་དེའི་བུད་མེད་བརྒྱ་ཆ་བདུན་ཅུ་བརྒལ་བས་རབ་ཡིན་ན་ཨ་མི་རི་ཁ་དང་ཁ་ན་སྒྲ། ཨོ་སི་ཁྲི་ལི་ཡ། འབྲིང་ལ་ཡོ་རོབ་རྒྱལ་ཁབ་གང་རུང་། ཐ་མ་ལའང་གང་ལྟར་ནུབ་ཕྱོགས་རྒྱལ་ཁབ་གང་རུང་ཞིག་གི་མི་རིགས་དང་ལྷན་མི་ཚེ་བསྐྱལ་འདོད་ཡོད་པ་བསྟན་ཡོད་ཅིང་། ཉམས་ཞིབ་པ་ཚོས་ལབ་ན་དེ་ནི་ཨ་གསར་དང་ཆགས་སྲེད། ཡ་མཚན་གྱི་འཆར་སྣང་རིགས་ཙམ་ལས་བྱུང་བ་མིན་པར། ཧན་གོའུ་ནི་ཡུལ་ལུང་ཆུང་ལ་འཚོ་ཐབས་ཀྱི་འགྲན་རྩོད་ཤིན་ཏུ་ཆེ་བ། ལས་ཚེགས་དང་གནོན་ཤུགས་ཀྱིས་འཛམ་གླིང་ཡོངས་ནས་རང་ཤི་བརྒྱབ་མཁན་གྱི་གྲངས་མང་ཤོས་ཡིན་པ་སོགས། འཚོ་བའི་དཀའ་ངལ་དང་ཡང་འབྲེལ་བ་གཏིང་ཟབ་ཡོད་པར་བཤད།
དེར་བརྟེན། བུད་མེད་མང་ཆེ་བ་ཕྲུག་གུ་སྐྱེ་གསོ་དང་བཟའ་ཚང་སྒྲིག་རྒྱུར་འཚམ་འཚོམ་དང་ཐེ་ཚོམ་དབང་གིས་ཆང་ས་བརྒྱབ་མཁན་དཀོན་པོ་ཡིན་པས། དོ་ཞག་མི་འབོར་ཞིབ་འཇུག་པ་ཚོས་ཡུལ་དེར་བྱིས་པ་མེད་པའི་རྒྱལ་ཁབ་ཏུ་འབོད་བཞིན་ཡོད། རྒྱུ་མཚན། ཡུལ་དེའི་གྲོང་ཁྱེར་ཆེ་ཁག་གི་ཟ་དང་ཟུར་གང་སར་ཕྲུ་གུ་ལོ་ཆུང་མཐོང་རྒྱུ་ཧ་ཅང་དཀོན།
རྒྱ་གར་དུའང་ཤེས་ཡོན་དང་འཇོན་ཐང་འགྲན་ཟླ་བྲལ་བ་པར་སིག་གི་མི་རིགས་རྣམས་མང་ཆེ་བ། ཚོང་པ་ཆེན་པོ་ཏྲ་ཏྲ་དང་བྷེར་ལ་ལྟ་བུ་ཤེས་འཇོན་གཉིས་ལྡན་ཞེ་གཅིག་ཡིན་ཙང་། ཤར་ཕྱོགས་ཀྱི་འཇོའུ་མི་རིགས་ཞེས་གཞན་གྱིས་ཆེ་བརྗོད་གནང་གིན་ཡོད་པ་དེ་ལྟར་ཡང་། ད་ཆ་མི་འབོར་གྱི་དཀའ་རྙོག་ནང་ཚུད་ཡོད།
ཉེ་ལམ་རང་བྷེ་བྷེ་སི་གསར་ཁང་གིས་ཞིབ་བཤེར་སྙན་ཐོ་ལས། པར་སིག་གི་མི་རིགས་རྣམས་རྒྱ་གར་དུ་འབྱོར་ཕྱུག་རྒྱས་ཏེ་སློབ་གསོ་ཚད་མཐོར་ཐོབ་པ་དང་མཚུངས།བུད་མེད་ཚོས་གཉེན་སྒྲིག་བྱས་ན་ཁྱོ་བོའི་ངོ་ལ་བསྟུན་དགོས་པས་མི་ཚེ་རང་དབང་ལྡན་པ་ཡོང་དཀའ་མོ་དང་། ཕྲུ་གུ་གསོ་སྐྱོང་བྱ་དགོས་ཚེ་རང་གི་བྱ་བཞག་ལ་བར་ཆད་དང་ལས་ཀ་རྒྱུན་མཐུད་མི་ཐུབ་པ། འཚོ་བའི་དཀའ་ངལ་ཆེ་བ་བཅས་མཐོང་སྟེ། པར་སིག་སྤྱི་ཚོགས་སུ་འཁྲུངས་ས་བསྐྱོན་པ་དང་ཕྲུ་གུ་སྐྱེ་མཁན་ཉུང་བས། ཕྱི་ལོ་༡༩༤༠ནང་མི་༡༡༤༠༠༠ཙམ་ཡོད་པ་ད་ཆ་༥༧༠༠༠ལ་མར་ཟགས་ཡོད།
པར་སིག་ལྟ་བུ་མི་རིགས་ཆུང་ཆུང་དེ་གྲས་རྩ་སྟོང་དུ་འགྲོ་བའི་ཉེན་ཁར་ལྷུང་ཡོད་ན། དེང་སང་ཁོང་ཚོས་གཞོན་སྐྱེས་རྣམས་ཀྱིས་འཁྲུངས་ས་བསྐྱོན་པ་དང་བཟའ་ཚང་ཚོས་འཁྲིག་སྤྱོད་སྐབས་འགྱིག་ཤུབས་བེད་སྤྱོད་མི་བྱ་རྒྱུ། ཕྲུ་གུ་སྐྱེས་པའི་ཨ་མ་རྣམ་པར་དམིགས་བསལ་འཚོ་ཐབས་ཀྱི་རྒྱབ་རོགས་དང་ལྟ་སྐྱོང་གང་དགོས་ཡོང་ཐབས་སུ། ཐེབས་རྩ་བཙུགས་ཏེ་དཔལ་འབྱོར་མཁོ་སྒྲུབ་དང་སྐུལ་འདེད་ཤུགས་ཆེ་གཏོང་གི་ཡོད་སྟབས། པར་སིག་བུད་མེད་ལོ་ན་བཞི་ཅུ་ཅན་ཁག་གི་ནང་མི་རིགས་ཀྱི་ཆེད་ཕྲུ་གུ་བཙས་མཁན་མང་པོ་ཡོང་བཞིན་པ་རེད།
ད་འོ་ན་བོད་མིའི་སྤྱི་ཚོགས་སུ་བུད་མེད་དང་ཕྲུ་གུའི་གནས་སྟངས་དང་མི་འབོར། མ་འོངས་པར་དཀའ་ངལ་ཅི་ཞིག་འཕྲད་སྲིད་ཅེས་ན། གཞི་རྩ་བོད་མིའི་སྤྱི་ཚོགས་སུ་གྲྭ་བའི་གྲངས་འབོར་ཧ་ཅང་ཆེ་བའི་བཀའ་དྲིན་གྱིས། སྤྱི་ཚོགས་ནང་ཕོ་ལས་མོ་གྲངས་འབོར་ཆེ་བ་དང་ལྷག་པར་བཙན་བྱོལ་དུ་བར་སྐབས་བོད་གཞུང་གི་གྲངས་ཐོ་སོགས་གཞིར་བྱས་ན། ཕོ་ལས་རྦད་དེ་མོ་རྣམས་གྲངས་འབོར་མང་ལ། ཁྱད་པར་སློབ་གྲྭ་ཁག་ནང་མོ་ཡིས་ཧ་ལམ་བོད་པ་སློབ་ཕྲུག་གི་བརྒྱ་ཆ་བདུན་ཅུ་ཙམ་ཟིན་ཡོད། དེའི་ཕྱིར། དེ་སྔ་བོད་མིའི་སྤྱི་ཚོགས་སུ་མོ་དཀོན་གྱི་དཀའ་ངལ་དེ་ཙམ་འཕྲད་མེད།
ཡིན་ནའང་། བོད་པ་ཚོར་མོ་དཀོན་གྱི་ན་ཚ་ཡོང་ཉེན་བཟོའི་མངོན་རྟགས་གང་མང་ཞིག་ད་ལྟ་ནས་ཤར་ཡོང་གི་ཡོད། རྒྱུ་མཚན། བོད་མི་ཚོའི་མངོན་སུམ་མཐོང་ཆོས་སུ་ཡོད་པའི་དཀའ་རྙོག་གནད་འགག་ཅིག་ནི། བོད་མི་མང་བརྒྱ་ཆ་དགུ་བཅུ་བརྒལ་བ་རྒྱ་ནག་གི་ཁོངས་སུ་བསྡད་ཡོད་ལ། དེ་སྔ་ནས་ནུབ་ཕྱོགས་ཀྱི་དུས་དེབ་གྲགས་ཅན་TIME-Magazineལྟ་བུར་འཁོད་པ་གཞིར་བཟུང་ན། རྒྱ་ནག་ལ་བུ་མོ་ལས་བུ་རྣམས་ཧ་ཅང་རྩ་ཆེར་འཛིན་པའི་སྲོལ་རྒྱུན་གྱི་ལྟ་བ་ཐབས་སྡུག་ཅིག་ཡོད་རྐྱེན། བུད་མེད་རྣམས་མངལ་སྦྲུམ་ཚེ་འགོ་སྟོད་ནས་བརྟག་དཔྱད་ཀྱིས་མངལ་གྱི་བྱིས་པ་བུ་མོ་ཡིན་ན། འཕྲལ་དུ་མེད་པར་བཟོ་རྒྱུ་ནང་མི་རྒན་རྒོན་ཚུན་གྱི་འདོད་མོས་སུ་བཟུང་སྟེ་མེད་པར་བྱེད་པས། རྒྱ་མིའི་སྤྱི་ཚོགས་ལ་མོ་གྲངས་བརྒྱ་ཡོད་སར་ཕོ་གྲངས་བརྒྱ་དང་བཅུ་དགུ་ཡོད་པའི་ཁྱད་པར་གྱིས། རྒྱ་རྒན་མང་པོ་ཚེ་གང་རིང་ཁེར་རྐྱང་དུ་བསྡད་དེ་འཁྲིག་ཚོར་སླེབས་དུས་ལག་པའི་ཕྱག་རྒྱ་ཙམ་ལ་མི་བསྟེན་རང་བསྟེན་དུ་གྱུར།
ཕྱོགས་མཚུངས། བཙན་བྱོལ་བོད་པ་མང་ཆེ་ཤོས་གནས་ཡུལ་སྤྱི་ཚོགས་ནི་ཕོ་མཆོག་མོ་དམན་གྱི་དཀའ་རྙོག་དང་། ཕོ་མོ་གྲངས་འབོར་གྱི་དབར་ཁྱད་ཀྱིས་ས་ཆ་གང་ལ་སོང་ན། ཕོ་རྐྱང་རྐྱང་མཐོང་བསྡད་པ་ལས་མོ་རིགས་རྣམས་མཐོང་ཤིན་ཏུ་དཀོན་པའི་ཡུལ་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་ཀྱི་གོམས་སྲོལ་དང་རིག་གཞུང་རྙིང་བ་སྣ་ཚོགས་ཀྱི་ལྟ་སྟངས་གཏིང་ཟབ་ཡོད་པ། དེང་རབས་ཀྱི་ཤེས་ཡོན་དང་བསམ་བློ་གཏོང་མཁན་གང་འཚམ་དཀོན་པོ་ཡིན་པ་སོགས་ཀྱིས། ཕོ་ཡིས་མི་རིགས་གཞན་ལ་འཁྲུངས་ས་བསྐྱོན་ན་འགབ་ཀྱང་མོ་ཡིས་མི་འགབ་པའི་དགོངས་ཚུལ་རྒྱུན་འབྱམས་སུ་ཡོད།
དེ་མིན་གྱི་བོད་པ་གནས་ཡུལ་ནུབ་ཕྱོགས་པའི་སྤྱི་ཚོགས་ཁག་ནི་དེང་དུས་ཀྱི་ལྟ་བ་ཧ་ཅང་ཤུགས་ཆེ་ལ། གཙོ་ཆེར་མི་སྒེར་བའི་བསམ་སྤྱོད་ཀྱི་རང་དབང་དང་འཚོ་བ། གདམས་ཀ་བཅས་ནུབ་ཕྱོགས་པ་དང་དེང་རབས་རིག་གནས་ཀྱི་སྙིང་པོ་འདྲ་བོ་ཡིན་ཙང་། སྨྲ་བརྗོད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། གུ་ཡངས་དང་འདྲ་མཉམ་སོགས་ལྟ་སྟངས་མང་པོ་ཞིག་ཁྲིམས་ཀྱི་ནང་ཚུན་ལ་བསླེབས་ཚར།
བོད་ཕྲུག་གི་གྲངས་འབོར་ནི་དེང་སང་བཙན་བྱོལ་ནང་རྦད་དེ་ཉུང་ཉུང་ཡིན། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་གྲྭ་ས་ཁག་གི་མི་འབོར་མང་ཤོས་རྒྱ་གར་དང་བལ་བོ། འབྲུག་རྒྱལ་ཁབ་སོགས་ཀྱི་མི་རིགས་ཞེ་གཅིག་ཡིན་པ་ལས། བོད་མི་རང་གི་ཕྲུ་གུ་ནི་ཧ་ལམ་མཚོན་པ་ཙམ་དུ་འགྱུར་བཞིན་ཡོད། ཡང་སྒོས་དེང་སང་ནི་སྔ་མོ་ལྟར་སྤྱི་ཚོགས་ཕན་ཚུན་དེ་ཙམ་འབྲེལ་འདྲིས་དཀོན་མོ་དང་ལྟ་སྟངས་གུ་དོག་པོ་མིན་པར། སྤྱི་ཚོགས་ཆེ་ཆུང་ཀུན་འབྲེལ་འདྲེས་ཟབ་ལ་བསྲེས་བཞག་པ། མི་རིགས་མི་འདྲ་བ་ཕན་ཚུན་གཉེན་བསྡེབ་པར་འཛེམ་ཟོན་ཆུང་།
སྣང་ཚུལ་དེ་མི་སྤྱི་ལ་མཚོན་ན་དོན་བཟང་ཞིག་ཡིན་སྲིད་ཀྱང་། བོད་པ་ཚོར་མཚོན་ན་མི་རིགས་རྩ་སྟོང་གི་རྐྱེན་རྩར་ཏན་ཏན་ཐུག་ཡོད།
རྒྱ་ནག་ཏུ་རྒྱ་མོ་རྣམས་གྲངས་འབོར་ཉུང་ཁར་ཕྱི་མི་དང་གཉེན་བསྡེབས་མཁན་མང་བ་དང་། དཔལ་འབྱོར་ཡར་རྒྱས་ཀྱིས་རང་དབང་གི་མི་ཚེ་བདམས་ཏེ་མོ་ཧྲེང་དུ་སྡོད་མཁན་མང་བའི་མུར། སྤྱིར་ཕོ་མོའི་གྲངས་འབོར་མང་ཉུང་དབང་གིས་དོ་ཞག་རྒྱ་རྒན་ས་ཡ་མང་པོར་དགའ་རོགས་དང་ཚེ་གྲོགས་མི་རག་པ་དེ་དཀའ་ངལ་ཆེན་པོར་གྱུར་ཏེ། དེ་གྲས་མང་ཆེ་བ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་འཛུལ་ནས་ཚེ་རོགས་བཙལ་གྱི་ཡོད་ལ། དེང་སང་གྲོང་ཁྱེར་གྱི་བོད་མོ་ཚོ་ཕར་བཞག་སྟེ་འབྲོག་ས་དང་ཞིང་གྲོང་གི་བོད་མོ་མང་པོ་ཞིག་ཀྱང་། རྒྱ་རྒན་རྣམས་ཀྱིས་དཔལ་འབྱོར་གྱི་སྟོབས་ལ་ཚད་དེ་རྒུམ་འགྲོ་ཡི་ཡོད་པས།བོད་པ་ཚོར་དཀའ་ངལ་ཆེན་པོ་འཕྲད་འགོ་བརྩམས་བཞིན་པ་རེད།
རྣམ་ཀུན་སོ་སོས་བོད་ཀྱི་ས་གནས་སྣ་ཚོགས་པའི་མི་དང་འབྲེལ་འདྲེས་གླེང་མོལ་ཁྲོད། དེང་སང་བོད་ནང་གི་ཁྱོ་ག་ཚོའི་དཀའ་ངལ་ཆེ་ཤོས་ཤིག་ནི་སྐྱེས་དམན་མ་རག་པའི་དཀའ་སྡུག་རེད། བོད་ནང་གཞོན་སྐྱེས་མང་ཆེ་བ་སློབ་གྲྭ་འགྲིམས་བཞིན་པ་ཡིན་གཤིས། ལོ་ན་སུམ་ཅུ་ཙམ་དབར་རྒྱ་རིགས་འདུས་ཆེ་སའི་གྲོང་དང་གྲོང་ཁྱེར་ཁག་ཏུ་བཀྲམས་ཡོད་ན། བོད་པའི་ཞིང་གྲོང་གི་ས་ཁུལ་ཕར་བཞག་ཐ་ན་འབྲོག་ས་ཁག་ཏུའང་བུད་མེད་ལོ་གཞོན་དཀོན་མོ་རེད། འོན་ཀྱང་། བུ་ཕོ་རྣམས་མང་པོ་ཅིག་ལས་ཀའི་ཆེད་རང་ཁྱིམ་དུ་ཉར་བ་དང་སློབ་གྲྭ་ཁུངས་མ་འཁྱོལ་བ་བཅས་མང་མོད་ཀྱང་། ཁོང་ཚོར་མནའ་མ་བསུ་རན་ལ་སླེབས་དུས་མནའ་མའི་ཐོན་ཁུངས་ལྟག་ཆུ་ཆད་པའི་རྫིང་བུར་གྱུར།
བོད་པའི་བུ་མོ་ལོ་གཞོན་མང་ཤོས་རྒྱ་གྲོང་ཁག་ཏུ་ཡོད་པའི་སྟེང་། ཆུང་དུས་ནས་རྒྱའི་སློབ་གྲྭ་ཁག་ཏུ་སློབ་གཉེར་དང་རྒྱའི་དེང་རབས་སྤྱི་ཚོགས་སུ་འཚོ་བ་བསྐྱལ་ཟིན་པས། བསམ་སྤྱོད་དང་གོམས་གཤིས།འཚོ་ཐབས་བཅས་གང་ཅི་དེང་རབས་རྒྱ་སྲོལ་གྱི་འགྲོ་སྟངས་དེ་ཁམས་ལ་འཕྲོད་པོ་དང་། རང་གཤིས་ལ་མཐུན་པོ་ཡོད་པ་ལས་ཕྱིར་བསྣུར་གྱིས་གདོད་མའི་འཚོ་ཐབས་གཉེར་འདོད་མཁན་ཉུང་བ་དངོས་པོའི་ཆོས་ཉིད་རེད། དེའི་ཁར། ཁོང་ཚོ་འཚོ་སའི་གྲོང་ཁྱེར་གང་དེར་བོད་པའི་ཕོ་སར་ལས་རྒྱ་མིའི་ཕོ་སར་ལྡབ་འབུམ་འགྱུར་གྱིས་མང་བ་མཐོང་ཆོས་ཡིན། དེ་བས་ཁོར་ཡུག་གི་དབང་གིས་རང་བཞིན་གྱིས་ཁོ་ཚོ་རྒྱ་མི་ཕོ་ཧྲེང་ཚོའི་ལག་ཏུ་ཚུད་འགྲོ་བཞིན་པ་རེད།
བཙན་བྱོལ་སྤྱི་ཚོགས་ལ་ཆ་མཚོན་ནའང་། ང་ཚོས་རང་གི་མཐའ་འཁོར་ཁག་ལ་ཅིག་ལྟོས་དང་། བཙན་བྱོལ་དུ་གཞི་རྩ་ཕོ་མོ་གཉིས་ལས་མོ་ལ་གྲངས་འབོར་མང་ནའང་། བཙན་བྱོལ་བོད་པ་ཚོ་ཆུ་ཐིགས་གཅིག་ཡིན་ན། ང་ཚོ་མོ་ཡི་གྲངས་འབོར་ཤིན་ཏུ་ཉུང་བའི་རྒྱ་མཚོ་ཆེན་པོ་ཞིག་ཏུ་གནས་ཡོད། དེ་ཚོའི་ཤུགས་རྐྱེན་ང་ཚོས་ལས་སླ་བོར་ཚོར་ཐུབ། དཔེར་ན། བོད་པའི་ཕྲུག་གུ་དེ་འདྲ་ལྷན་འཛོམས་སྐབས་ལྟོས་དང་། བོད་རིགས་འདྲེས་མ་བཅུ་ལས་བདུན་གྱི་ཨ་མ་བོད་པ་དང་ཕ་མི་རིགས་གཞན་ཡིན། ལྷག་པར་ནུབ་ཕྱོགས་ཀྱི་མི་དང་འདྲེས་པ་བོད་མང་ཆེ་ཤོས་ཁོར་ཡུག་གི་རྐྱེན་པས། ཕར་ཁྱེད་རང་བོད་པ་རེད་ཨང་ལབ་ཀྱང་ཚུར་བོད་པ་མིན་ལབ་ཡོང་གི་འདུག
གང་ལྟར། བཙན་བྱོལ་བོད་མོ་མང་ཆེ་བ་ཕོ་མོ་གྲངས་འབོར་གྱི་ཁྱད་པར་གྱིས་མི་རིགས་གཞན་དང་གཉེན་མི་བསྡེབ་རང་བསྡེབ་ཡིན་ཁར། བོད་མི་ཉུང་ཉུང་ཞིག་སྤྱི་ཚོགས་ཧ་ཅང་ཆེན་པོ་དང་འཛམ་གླིང་གང་སར་བཀྲམས་ཡོད་པ། ལྷག་དོན། ང་ཚོ་གནས་སའི་ཁོར་ཡུག་ཏུ་སོ་སོ་སྒེར་གྱི་རང་དབང་ལས་མི་རིགས་གལ་འགངས་ཆེ་བར་འཛིན་པའི་མི་རིགས་ཀྱི་ལྟ་བ་དང་། མི་སྒེར་གྱི་བདེ་སྐྱིད་དང་བདམས་ཀ་ལས་སངས་རྒྱས་ཀྱི་བསྟན་པ་གལ་ཆེར་འཛིན་པའི་ཆོས་ལུགས་ཀྱི་ལྟ་བ་གཉིས་ཀ་མེད་པར། ཡུལ་ཁྲིམས་དང་མ་འགལ་ཕྱིན་གང་ཟག་སྒེར་སོ་སོའི་བདེ་སྐྱིད་དང་ཁེ་ཕན། རང་དབང་དང་འདོད་མོས་སོགས་རྩ་ཆེ་ཤོས་སུ་བརྩི་དགོས་པ་ཁོར་ཡུག་དེ་ནས་ཐོབ་པའི་ཤེས་ཡོན་གྱི་ཡང་སྙིང་རེད།
རྒྱུ་མཚན་དེ་འདྲ་ལ་བརྟེན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་གཏིང་ཟབ་པོས་ལྟ་ཐུབ་མཁན་ཞིག་ཡིན་ན། ང་ཚོའི་སྤྱི་ཚོགས་འདིར་མོ་དཀོན་དང་མོ་མུག་ཡོང་བཞིན་པའི་མངོན་རྟགས་མང་པོ་བརྙེད་ཐུབ། དཔེར་ན། བོད་པ་འདུས་ཆེ་བའི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བུད་མེད་ལོ་ན་བཞི་བཅུ་བརྒལ་ཙམ་ཚུན་གྱིས་པར་དེ་འདྲ་དྲ་ལམ་དུ་བཀོད་དང་། བུད་མེད་དེ་མཛེས་མ་ཡིན་མིན་ལ་དེ་ཙམ་ཁྱད་པར་མེད། པར་གྱི་གཤམ་དུ་བོད་པའི་ཕོ་སར་ལོ་གཞོན་དང་གྲྭ་གཞོན་བརྒྱ་ཕྲག་མང་པོས་ངོ་དགའ་སྤྲེལ་ལད་དང་འཁྲིག་ཚིག་སྨྲ་བ། འབྲེལ་ལམ་འཛིན་ཐབས་གནང་མཁན་སོགས་ཤིན་ཏུ་མང་། བུད་མེད་ལོ་ཆུང་ཚོར་བརྙད་བརྐོས་མཁན་མི་རིགས་གཞན་ལའང་མང་པོ་ཡོད་པ་ལས། མི་རིགས་གཞན་གྱི་ནང་བོད་པ་ལྟར་བུད་མེད་རྒན་པ་ཚོར་དོ་སྣང་དེ་ལྟར་སྤྲོད་མཁན་ནི་མོ་དཀོན་ཆེ་བའི་རྒྱལ་ཁབ་རེ་ཟུང་གི་མི་ཡིན་པས། འདི་ཚོ་རྒྱུན་ལྡན་གྱི་སྣང་ཚུལ་ཅིག་མ་རེད།
དེ་ལས་ཀྱང་ཁྱད་མཚར་བ་ནི། ཕྱི་རྒྱལ་དུ་ཡོད་པའི་བོད་པ་ཕོ་སར་ཚོ་ལ་ཕྱི་རྒྱལ་ནས་དགའ་རོགས་དང་བཟའ་ཚང་རག་པ་ཤིན་ཏུ་ཉུང་། ཡོ་རོབ་དང་ཨ་རི་གང་དུའང་བོད་པ་འཚོགས་ས་ཞིག་ལ་ལྟོས་དང་། ནམ་རྒྱུན་བུད་མེད་རྒན་པ་ལོ་ལྔ་བཅུ་ཡས་མས་ཅན་ཁ་ཤས་རེ་ཕོ་སར་སུམ་ཅུ་ནས་བཞི་བཅུ་རེ་ཡིས་བསྐོར་ཏེ་བསྡད་ཡོད་ལ། ཕོ་ཧྲེང་དེ་ཚོ་མང་ཆེ་ཤོས་ཀྱིས་བཙན་བྱོལ་བོད་མི་འཚོ་བ་སྐྱོ་ཤོས་གྲས །རྒྱ་གར་དང་བལ་ཡུལ།འབྲུག་ཡུལ། ཡང་ན་བོད་བཅས་ནས་མནའ་མ་རེ་ལོན་ཐབས་སུ་རེ་སྒུག་དང་རེ་བཅོལ་གནང་གི་ཡོད། དེས་ན་ཕྱི་རྒྱལ་ན་བོད་པའི་བུ་མོ་མེད་དམ་ལབ་ན། མ་རེད། མང་པོ་ཡོད་པ་རེད། འོན་ཀྱང་། དེ་ཚོ་ཟང་ཟིང་དང་ཁྲ་ཁྲ།གུ་ཡངས་དང་རང་དབང་གི་སྤྱི་ཚོགས་སུ་བསླེབས་ཏེ་མི་སྣ་ཚོགས་ལ་ཐུག་ཚར་ཕྱིན། རང་གི་སྣང་བར་གང་འགྲོའི་མི་ཚོགས་དང་འདྲེས་འགྲོ་བ་ལས། ཁ་སྟབས་ཞན་པའི་བོད་ཕོ་ཚོར་མི་རིགས་ལ་བསམ་བློ་བཏང་སྟེ་ཡ་བྱ་མཁན་ཉིན་སྐར་རེད། རྒྱ་བལ་འབྲུག་གསུམ་གྱི་བུ་མོ་ཚོའང་ཁྱོ་ག་དེར་སེམས་པ་མཐུན་མིན་ལ་མ་ལྟོས་པར་ཕྱི་རྒྱལ་ལ་ཐར་ཐབས་དང་ཐོངས་མཆན་ཆེད་འཁྲུངས་ས་བསྐྱོན་རྐྱང་གིས། གནས་སྐབས་ཙམ་ལས་ཕྱི་རྒྱལ་ལ་ཐར་ཚར་རྗེས་བཟའ་ཚང་ཁུངས་འཁྱོལ་མཁན་ཤིན་ཏུ་ཉུང་བའི་སྟེང་། གནས་ཚུལ་དེ་རིགས་ལ་རྐྱེན་གྱིས་བོད་པ་ཕོ་སར་ལོ་གཞོན་ཚོའི་ནང་སེམས་ཐང་ཐང་མེད་པ་དང་། རིག་འཚོ་མ་ཟིན་པར་གྱུར་པ་རྒྱ་གར་དང་ཕྱི་རྒྱལ་གཉིས་ཀར་མང་པོ་འདུག།
མདོར་རྩ་གནད་དོན་འདི་རིགས་འཛམ་གླིང་སྤྱིའི་སྤྱི་ཚོགས་འཕེལ་ཕྱོགས་ཤིག་གིས་དཀའ་ངལ་འཕྲད་བསྡད་པ་ཅིག་ཏན་ཏན་རེད་མོད། དཀའ་ངལ་གང་ཡིན་ནའང་ཕལ་ཆེ་བ་ལ་སེལ་ཐབས་ཤིག་ཀྱང་ཏན་ཏན་ཡོད་ངེས་ན།བོད་མི་རིགས་རྩ་སྟོང་དུ་འགྲོ་བར་སེམས་ཁྲལ་ཡོད་པ་ཅིག་ཡིན་ཕྱིན། གནད་དོན་འདི་སེལ་ཐབས་ལ་ཛ་དྲག་འབད་བརྩོན་མ་བསྟེན་ན།རིམ་པས་བོད་མི་རིགས་སྐད་ཡིག་དང་བཅས་པ་རྩ་སྟོང་དུ་འགྲོ་ངེས་ཅན་རེད། ངས་ནི་དེང་སང་གི་ཆབ་སྲིད་ཀྱི་སྐད་ཆ་རང་བཙན་དང་དབུ་མ་སོགས་ལས་ཀྱང་གནད་དོན་འདི་རྩ་དོན་རང་མཐོང་གི་འདུག
གནད་དོན་འདི་ང་ཚོའི་བོད་མི་རྒྱུན་མཐུད་གནས་དང་མི་གནས་ལ་ཐུག་ཡོད། བོད་མི་ཡལ་ཕྱིན། ༧གོང་ས་མཆོག་གིས་རྣམ་ཀུན་གསུང་བཞིན་པ། འཛམ་གླིང་གི་སྤྱི་ནོར་དུ་འབོད་པ། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་ཡལ་འགྲོ། དེས་ན་བོད་མི་རིགས་ཙམ་མ་ཟད། འཛམ་གླིང་སྤྱི་དོན་ལ་བསམ་བློ་བཏང་ནའང་། གནད་འགག་འདི་ཧ་ཅང་གལ་ཆེ་བར་མཐོང་ངོ་།། །།
ཆགས་པ་རྡོ་རྗེ་ལེགས་ཀྱིས,་རྨད་བྱུང་ཞིབ་འཇུག་གི་བྲིས་པའི་འཇིག་རྟེན་སྤྱི་ཚོགས་ལ་འགུར་བ་སྟངས་འདི་ཀུན་གྱིས་ཤེས་དགོས་པར་སེམས།
་
ཧན་གོའུ། ཞེས་པར་ཞེས་པ། ཨིན་ཡིག་ཇི་ལྟར་འབྲི་འམ། བར་ཞེས་པར། དབར། ཞེས་བྲིས་པ་ཇི་ཡིན་ནམ།
་
“་ཁོར་ཡུག་གི་རྐྱེན་པས། ཕར་ཁྱེད་རང་བོད་པ་རེད་ཨང་ལབ་ཀྱང་ཚུར་བོད་པ་མིན་ལབ་ཡོང་གི་འདུག”
གོང་གསལ་ཚིག་བརྗོད་དེར། བོད་སྐད་སྔོན་མཁས་པས་བྲིས་པ་དང་མི་མཐུན་ཇི་ཙམ་སྣང་ངམ།
ཞེས་དྲི་བ་བཅས། ཉིད་ཀྱི་ཞིབ་འཇུག་བྲིས་ཧ་ལས་པ་ཞིག་གོ །
བོད་ལ་མོ་དཀོན་དང་མོ་མུག་འབྲི་བ་པོ་ཆགས་པ་རྡོ་རྗེ། རོ་དངོས་གྲུབ་རྡོ་རྗེ་འཁུར་བ་པོས། རོ་དངོས་གྲུབ་རྡོ་རྗེའི་དྲི་བ་དག་ལ། གཏམ་ལན་གྱིས་དབུལ་བར་རོ་དངོས་གྲུབ་རྡོ་རྗེ་རང་གིས་ལན་རྒྱབ་དགོས་པར་མཐོང་། ཧན་གོའུ། ཞེས་པའི་ཡུལ་དེ། ནམ་ཞིག་ན་ཤེས་པར་རེ་བ་བྱེད། “་ཁོར་ཡུག་གི་རྐྱེན་པས། ཕར་ཁྱེད་རང་བོད་པ་རེད་ཨང་ལབ་ཀྱང་ཚུར་བོད་པ་མིན་ལབ་ཡོང་གི་འདུག” གོང་གསལ་ཚིག་བརྗོད་དེར། བོད་སྐད་སྔོན་མཁས་པས་བྲིས་པ་དང་མི་མཐུན་པ་ཇི་ཙམ་སྣང་ངམ། དེའི་ལན་དུ། འདི་ལྟར་འགོད་དགོས་པར་མཐོང་བ་ནི། རྐྱེན་གྱིས། ཞེས་པར་རྐྱེན་པས་དང་། འོང་ལ་ཡོང་། འབྲི་བ་ནི། བོད་སྐད་ཀྱི་ཡི་གེ་དག་ཆ་འགོག་པའི་རྐྱེན་དུ་འགྱུར། ཨང་སྒྲ་ནི། དང་ ཞེས་པའི་ད་མེད་པར་སོང་ནས། ཨང་། ཞེས་བྱུང་ངོ་།
༄༅།་ཆགས་པ་རྡོ་རྗེས་བྲིས་པའི་རྩོམ་དེ་དངོས་གནས་བརྒྱ་ཆ་ ༩༩་༡༠ རྒྱབ་སྐྱོར་དང་
བདེན་པ་རེད་ཞུ་གི་ཡོད།