ཁྲི་རལ་པ་ཅན།
ཕྱི་ལོའི་དུས་རབས་༡༤ ནས་༡༧ བར་ནུབ་ཕྱོགས་ཡོ་རོབ་རྒྱལ་ཁག་ནང་ཨི་ཏྲ་ལི་ནས་འགོ་བརྩམས་ཏེ། རིག་གཞུང་བསྐྱར་སོས་སམ་(Renaissance) ཟེར་བའི་ལས་འགུལ་གསར་པ་ཅིག་བྱུང་བ་དེས། འཛམ་གླིང་སྤྱིའི་འཕེལ་ཕྱོགས་ལ་འགྱུར་བ་གསར་པ་དང་ཁ་ཕྱོགས་ཤིན་ཏུ་མི་འདྲ་བ་ཅིག་ཏུ་འཁྲིད་ཡོད་ཅིང་། དེ་ནི་ཐོག་མར་ཨི་ཏྲ་ལིའི་མི་ཆོས་རིང་ལུགས་པ་དང་སྙན་ངག་པ། རི་མོ་སྒྱུ་རྩལ་བ་(Francesco Petrarca) ནས་རང་གི་འགྲུལ་བཞུད་ཟིན་ཐོ་དང་སྤྲིངས་ཡིག། མགུར་གླུ་དང་སྙན་ངག་སོགས་བརྩམས་ཆོས་མང་པོའི་ནང་དུ། མཐོང་ཐོས་སུ་གྱུར་པའི་གནས་ཚུལ་མང་པོ་འཁོད་པ་དང་། སློབ་གསོའི་ལམ་སྲོལ་རྙིང་པར་བསྒྱུར་བཅོས་ཀྱི་བསམ་ཚུལ་འདོན་པ། མིའི་བདེ་དོན་དང་མི་ཚེ་དང་ཐོབ་ཐང་སོགས་གལ་ཆེ་ཤོས་ཡིན་པར་བཤད་ཡོད་པ་མ་ཟད། དཀོན་མཆོག་དང་མི་ཚེ། འཇིག་རྟེན་བཅས་མིའི་བསམ་བློའི་ནང་ལྐོག་གྱུར་དུ་སོང་བའི་རིགས་ཀུན་ལའང་། མི་སོ་སོའི་རྟོག་དཔྱོད་དང་ཉམས་མྱོང་། མཐོང་ཐོས་གཞི་ལ་བཞག་སྟེ་འགྲེལ་བཤད་བསྐྱོན་པ་མ་གཏོགས། ཡེ་ཤུས་ཆོས་ནས་གསུངས་པའི་ཡོད་ཚད་འཇིག་རྟེན་བཀོད་པ་བོས་བཟོས་བཞག་པའི་འགྲེལ་བརྗོད་སྟབས་བདེ་བོ་དེ་ངོས་ལེན་གནང་གི་མེད།
ལྷག་པར་རིག་གཞུང་བསྐྱར་སོས་དུས་སྐབས་དེའི་ཡོ་རོབ་སྤྱི་ཚོགས་ནི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་སྲོལ་འོག་ཡོད་པ་དང་བསྟུན། ཡེ་ཤུ་ཆོས་དེ་དར་ཁྱབ་དང་དབང་ཆ་ཧ་ཅང་ཆེན་པོ་ཡིན་པས། ཡོད་ཚད་ཡེ་ཤུ་ཆོས་ཀྱི་བསམ་ཚུལ་དང་ལྟ་སྟངས་ལྟར་འགྲོ་དགོས་ཤིང་། ཆོས་ཚོགས་ཁག་ནི་རྒྱལ་པོ་དང་ལག་འབྲེལ་ལམ་ཡང་ན་ཆོས་དཔོན་གྱིས་ཐད་ཀར་དབང་བསྒྱུར་ལམ་སྲོལ་ཡོད་སྟབས། བསམ་ཚུལ་གསར་པ་འཛིན་མཁན་ཚོར་ཁྲིམས་ཆད་ཀྱང་ཐེངས་མང་ཕོག་མིན་ལ་མ་ལྟོས་པར། བསམ་བློ་བ་ཚོས་ཡེ་ཤུ་ཆོས་ཁོ་ནའི་འགྲེལ་བཤད་ལྟར་གནས་ཚུལ་གང་ཡོད་ལ་གོ་བ་ལེན་རྒྱུ་དོར་ཏེ། གནའ་བོའི་གྷི་རིག་དང་རོ་མན་གྱི་ཤེས་རིག་ལ་བསྐྱར་དུ་བསམ་བློ་གཏིང་ཟབ་བཏང་སྟེ། དེ་སྐབས་ཀྱི་ལོ་རྒྱུས་དང་ལྟ་གྲུབ། རྩོམ་རིག་དང་སྒྱུ་རྩལ་བཅས་སུ་ཞིབ་དཔྱོད་དང་བགྲོ་གླེང་གི་དྲི་བ་སྣ་ཚོགས་བྱུང་བ་བརྒྱུད། འཇིག་རྟེན་འདིར་གལ་གནད་ཆེ་ཤོས་ནི་འགྲོ་བ་མི་ཡིན་པ་དང་། འགྲོ་བ་མིའི་བདེ་དོན་གྱི་ཆེད་མིའི་རྣམ་དཔྱོད་བེད་སྤྱོད་གཏོང་དགོས་པའི་ལྟ་སྟངས་ཤུགས་ཆེར་བྱུང་།
རིམ་པར་གནམ་དཔྱད་སྐར་རྩིས་ཀྱི་རིག་པ་ལའང་གསར་བརྙེད་ཆེན་པོ་བྱུང་སྟེ། ཡེ་ཤུ་ཆོས་ནས་ས་གཞི་འདི་འཇིག་རྟེན་བཀོད་པ་བོས་བཟོས་པ་དང་འཇིག་རྟེན་ཀུན་ཀྱི་ལྟེ་བ་ཡིན་པ་སོགས་ཁས་མ་བླངས་པར། འཇིག་རྟེན་ཁམས་ཀྱི་ལྟེ་བ་ནི་ཉི་མ་ཡིན་པ་དང་ས་ཡི་གོ་ལ་འདི་དེའི་རྒྱུ་སྐར་ཡིན་པ་སོགས་གསར་རྙེད་ཀྱིས་གྷ་ལི་ལོ་སོགས་ནས་བཟུང་ཚན་རིག་གི་རིག་པ་དར་སྲོལ་ཧ་ཅང་ཁྱབ་ཆེར་གྱུར་ཏེ། ཕྱིའི་རི་ཆུ་ནགས་ཚལ་དང་ཉི་ཟླ་གཟའ་སྐར། ནང་སེམས་ཅན་གྱི་གནས་ལུགས་སོགས་འབྱུང་བ་ཕྲ་རག་གང་ལའང་བརྟག་ཞིབ་ཀྱི་རིགས་ལམ་ལ་སྤྲོ་སྣང་དང་ལག་ལེན་རྒྱ་ཁྱབ་ཏུ་བྱུང་བས། ལོ་རྒྱུས་སྨྲ་བ་ཚོས་རིག་གཞུང་བསྐྱར་སོས་ཀྱི་ལས་འགུལ་དེ་ནི་དུས་རབས་དཀྱིལ་མ་དང་དེང་རབས་བར་གྱི་ཟམ་པ་ལྟ་བུར་ངོས་འཛིན་གནང་ཡོད་ཅིང་། དེང་སང་གི་འཛམ་གླིང་འདི་འཕྲུལ་ཆས་དང་དཔལ་འབྱོར། ཤེས་ཡོན་དང་ཕན་ཚུན་འབྲེལ་བ་སོགས་གང་ཆ་ནས་ཡར་རྒྱས་ཤིན་ཏུ་ཆེན་པོ་ཕྱིན་ཡོད་པ། དེ་འབྲེལ་གྱི་དམག་འཁྲུག་དང་ལྟ་བ་གསར་རྙིང་བར་གྱི་རྩོད་པ། ཆོས་ལུགས་དང་རིག་གཞུང་མི་འདྲ་བའི་འགལ་བ། ཆབ་སྲིད་དང་ཚོང་། རྩེད་མོ་སོགས་གང་ཡིན་ཐམས་ཅད་གོ་ལ་གྲོང་ཚོ་ཅན་དུ་གྱུར་པའང་ལས་འགུལ་འདིར་རང་བཞིན་གྱིས་འབྲེལ་བསྡད་ཡོད་པ་རེད།
དུས་སྐབས་འདི་འདྲ་ཅིག་གི་ནང་བོད་མི་རྣམས་ནི་རྒྱལ་ཁབ་ཤོར་ཏེ་གཞུང་དང་རྒྱལ་པོ་སྐྱབས་བཅོལ་དུ་གནས་པ་དང་། རང་གི་མི་རིགས་ས་གཞི་འདིར་མུ་མཐུད་གནས་ཐབས་སུ་བོད་ཕྱི་ནང་གཉིས་ཀར་བསམ་ཡོད་ཚོས་བསམ་བློ་བཏང་སྟེ་ཇུས་བཏོན། ལྷག་བསམ་དཀར་བ་ཚོས་སྲོག་བློས་གཏོང་གནང་གི་ཡོད་པ་རེད། འོན་ཀྱང་། ང་ཚོ་ལ་ད་དུང་ལམ་ཁ་ངེས་གཏན་ཅིག་རག་མེད་པ་རེད། དེའི་དབང་གིས་བོད་མི་རྣམས་གྲངས་ཀ་ཉུང་མིན་ལ་མ་ལྟོས་པར་ཆབ་སྲིད་སྟེང་ནས་ལམ་དབུ་མ་དང་རང་བཙན། རང་ཐག་རང་གཅོད། ཐ་ན་རྒྱ་ནག་གི་འོག་འདུག་རྒྱུར་མོས་མཐུན་བྱེད་པ་དང་། སྐྱབས་བཅོལ་པ་རྣམས་རང་རང་གནས་སའི་ཡུལ་དུ་འདུག་རྒྱུ་མ་གཏོགས་བོད་ལ་ཕྱིར་ལོག་འདོད་མེད་པ་བཅས། བསམ་ཚུལ་བར་འགལ་ཟླ་ཤུགས་ཆེར་ཡོད་པས་མང་ཆེ་བ་འཐོམས་བསྡད་ཡོད་ཅིང་། ཆོས་དང་རིག་གཞུང་གི་ཆ་ནས་དེ་ལས་ཀྱང་འཐོམས་ཞྭ་ཆེན་པོ་ཅིག་གྱོན་བསྡད་ཡོད་པ་རེད།
སྤྱིར་སངས་རྒྱས་བཅོམ་ལྡན་འདས་རང་གི་མདོ་ལུང་ཁ་ཤས་སུ་སངས་རྒྱས་ཀྱི་རྗེས་འཇུག་ནང་ཚགས་ཕར་ཟད། ཕྱི་རོལ་པ་མུ་སྟེགས་བྱེད་སོགས་ཆོས་ལུགས་གཞན་རྣམས་ལའང་གུས་ཞབས་གནང་དགོས་པ་གསུངས་ཡོད་རུང་། བོད་པའི་ཆོས་འདི་འགོ་བཙུགས་དུས་ནས་ཡར་གསང་སྔགས་ཀྱི་ཆོས་ཉམས་ལེན་གྱི་ཐིག་ཚད་བླངས་ཏེ། བླ་མ་སངས་རྒྱས་དངོས་སུ་བལྟ་བ་དང་སངས་རྒྱས་ལས་ཀྱང་ལྷག་པ་སོགས་ཀྱི་ལྟ་བ་ཤུགས་ཆེར་སྤེལ་བ་དེས། བླ་རྒྱུད་དང་ཆོས་རྒྱུད་མི་འདྲ་བ་རྟ་མོག་མོག་གི་སྤུ་ནང་བཞིན་བྱུང་བ་དང་ཆབས་ཅིག། དེ་དག་ཕན་ཚུན་བར་ར་དང་ཁྱི་ནང་བཞིན་མི་མཐུན་པའང་ཆེན་པོ་བྱུང་སྟེ། བཙན་པོའི་རྒྱལ་ཁབ་དུས་སུ་བོན་དང་ནང་ཆོས་བར་རྒྱལ་ཕམ་གྱི་འཐབ་རྩོད་སྣ་ཚོགས་བྱུང་ཡོད་ལ།
བོད་སིལ་བུའི་རྗེས་སུ་རིམ་པར་སངས་རྒྱས་པ་ནང་ཚགས་ཀྱི་གྲུབ་མཐའ་ཕན་ཚུན་འཐབ་འཁྲུག་ཁོ་ནའི་ནང་མགོ་འཐོམས་ཏེ། ལུང་ཚན་བྱེ་བྲག་པ་རེ་ལ་ཆོས་རྒྱུད་དང་བླ་རྒྱུད་མི་འདྲ་བ་རེས་དབང་བསྒྱུར་གྱིས་མཆོད་གཞིས་དང་ལྷ་སྡེའི་མིང་བཏགས། དེས་ཀྱང་བླ་མ་དང་དགོན་པའི་ལ་རྒྱ་བཟུང་སྟེ་དགོན་བླ་གཞན་ཚོའི་ལྷ་སྡེ་ལ་དམག་འཁྲུག་བརྒྱབས། བླ་མ་རེ་རེའི་ལྷ་སྡེ་དང་ས་རིས་རྒྱ་བསྐྱེད་ཀྱི་དོན་དུ་མི་དཀྱུས་སྟོང་ཕྲག་མང་པོའི་སྲོག་འཆོར་བ་སོགས། དེང་སང་དུས་རབས་ཉེར་གཅིག་པའི་ནང་དུའང་ཆུ་ཁོལ་ནང་བཞིན་བསྡུ་བཞིན་པའི་ཚད་ན་ཡོད།
དེའི་སྟེང་དེང་སང་བོད་ནང་གི་བོད་མི་ཚོར་རྒྱ་ནག་དང་དམར་པོའི་རིག་གཞུང་གི་ཤན་ཤུགས་ཆེན་པོ་ཐེབས་ཡོད་ལ། ནུབ་ཕྱོགས་རྒྱལ་ཁག་གི་བོད་པ་ཚོར་ནུབ་ཕྱོགས་བསམ་སྤྱོད་ཀྱིས་ཚོས་ཡོད་པ་བཤད་མི་དགོས། དེ་མཚུངས་རྒྱ་གར་དང་བལ་བོ་སོགས་ཀྱི་ནང་ཆོས་དང་འབྲེལ་བའི་རིག་གཞུང་ཡུལ་གོམས་བཟང་ངན་སྣ་ཚོགས་ཤིག་ཡོད་པས། ཡུལ་ལུང་དེ་ཁུལ་གི་བོད་མི་ཚོར་ནི་གང་ལྟར་བོད་སྐད་ཐོར་རེ་ལུང་ངེ་རེ་བཤད་ཤེས་ཙམ་ལས། བོད་མིའི་གཤིས་སྤྱོད་རང་ཚུགས་ཐུབ་པ་ཅིག་སློབ་མི་ཐུབ་པ་མིག་མཐོང་དུ་གྱུར་ཡོད།
གནས་སྟངས་འདི་འདྲ་རྙོག་འཛིངས་སྐྱ་འཐབ་པའི་འོག་བོད་མི་རིགས་དང་བོད་ཀྱི་རིག་གཞུང་གསོན་གནས་ཀྱི་ལམ་ཁ་ཅིག་འཚོལ་བཞིན་པ་རེད། གསོན་ལམ་འཚོལ་བའི་བརྒྱུད་རིམ་ནང་བོད་ལ་ཆོས་ལུགས་ཀྱིས་ལན་པ་ཡིན་རྐྱེན། ཆོས་ལུགས་འདོར་དགོས་པ་དང་ཆོས་ལུགས་ཁོ་ན་བོད་ཀྱི་སྲོག་རྩ་ཡིན་པ་གཉིས་བར་འགལ་ཟླ་ཆེན་པོ་ཡོད།
ང་རང་གིས་བསམ་ཚུལ་དེ་གཉིས་ཀ་ལ་མོས་མཐུན་བྱེད་ཐུབ་ས་མ་རེད། སློབ་དཔོན་ལེགས་ལྡན་གྱིས་དབུ་མ་སྙིང་པོའི་ནང་དུ། དཔེར་ན་གཉིད་ལོག་གཉིད་དབང་གིས།། བུ་དང་བུད་མེད་གཞལ་མེད་ཁང་།།གནས་ལ་སོགས་པ་མཐོང་གྱུར་པ།། སད་ན་དེ་ལ་མི་མཐོང་ལྟར།། དེ་བཞིན་ཀུན་རྫོབ་ཤེས་པ་དག། བློ་གྲོས་མིག་ནི་ཕྱེ་གྱུར་ཅིང་།། མི་ཤེས་གཉིད་དང་བྲལ་གྱུར་ནས།། སད་པའི་ཚེ་ན་མི་མཐོང་ངོ་།།གསུངས་པ་ལྟར། གོང་གི་བསམ་ཚུལ་དེ་གཉིས་ཀྱིས་ཁུངས་མི་འཁྱོལ་བ་འཐོམས་མ་སངས་བར་ཧ་གོ་རྒྱུ་ཁག་པོ་ཡིན་སྟབས། ད་ནི་བོད་ཀྱི་རིག་གཞུང་བསྐྱར་སོས་ཀྱི་ལས་འགུལ་ཚ་ཚ་འུར་འུར་ཅིག་ཡོང་སྟེ་བོད་མི་རྣམས་གཉིད་ལས་དཀྲོག་དུས་སུ་བབས་ཡོད།
ཨ་རིའི་ནང་ཆོས་མཁས་པ་རོབྷིར་ཏྲི་ཐོར་མན་གྱིས་བོད་ཀྱི་ནང་ཆོས་དེབ་ཅིག་གི་མིང་ལ་ནང་སེམས་ཀྱི་གསར་བརྗེ་ཞེས་བཏགས་ཡོད་ཅིང་། རྩ་བའི་ནང་ཆོས་ཀྱི་དོན་དག་ངོ་མའི་སྟེང་འགྲོ་ཐུབ་པ་དང་ལག་ལེན་གནང་ཐུབ་པ། གོ་བ་ངོ་མ་ལེན་ཐུབ་མཁན་ཅིག་ཡིན་ན།དེ་ལྟར་ཡིན་པར་ཐེ་ཚོམ་མེད། འོན་ཀྱང་།ལག་ལེན་ངོ་མའི་སྟེང་ང་ཚོ་བོད་མི་ནང་པ་བརྒྱ་ཆ་དགུ་བཅུ་གོ་དགུས་ཆོས་བྱེད་སྟངས་དང་ཆོས་ལ་གོ་བ་ལེན་སྟངས་བཅས། རྒྱ་གར་མུ་སྟེགས་པ་ཚོས་སྐུ་བརྙན་ཁོ་ནར་སྐྱབས་སུ་འཛིན་སྟངས་དང་ཁ་ཆེ་ཚོས་ཨལླ་ལ་དད་མོས་བྱེད་པ། ཡེ་ཤུ་ཚོས་འཇིག་རྟེན་བཀོད་པ་བོར་དད་པ་ལས་ལྷག་པ་གང་ཡང་མེད་རྐྱེན། ནང་ཆོས་སུ་བཤད་པ་དང་ང་ཚོས་ལས་བཞིན་པ་རྒྱབ་འགལ་ལམ་ཆོས་དང་གང་ཟག་ཐ་དད་དུ་སོང་སྟེ།ཆོས་དེ་ང་ཚོ་ཡར་རྒྱས་དང་མཐུན་སྒྲིལ། རང་དབང་འཐབ་རྩོད་ཀྱི་འགལ་རྐྱེན་དུ་འགྱུར་བཞིན་པ་རེད།
དེ་འདྲར་བརྟེན། ང་ཚོས་ནན་ཏན་གྱི་སྒོ་ནས་ཆོས་ལ་དད་པ་ཡོད་ཕྱིན་ཆད། ཆོས་ཀྱི་ནང་དོན་ལ་བསམ་བློ་བཏང་། དཔྱད་པ་གཏིང་ཟབ་བྱས། ཆོས་ནས་གསུང་བཞིན་པ་གང་ཐུབ་རྒྱུད་ཐོག་ཏུ་སྦྱར། ཆོས་ལས་བྱུང་བའི་ཤེས་རབ་དང་རིགས་ལམ་ཁག་དངོས་ཡོད་འཚོ་བའི་ནང་བཀོལ་ཐུབ་པའི་ཁར། དེས་གྲོགས་བྱས་ཏེ་གནས་ལུགས་གང་ལ་རྟོག་དཔྱོད་ཀྱི་བློ་གྲོས་རྒྱས་པ་དང་མ་རྨོངས་པ་ཅིག་ཡོང་བར་འབད་དགོས་སྙམ།
དེ་མ་གཏོགས་ད་ལྟའི་ང་ཚོའི་གནས་སྟངས་དེ་ཆོས་ཀྱིས་རང་ཉིད་ཡར་རྒྱས་སུ་གཏོང་རྒྱུ་མ་ཤེས་པར། རང་ཉིད་ཆོས་ཀྱི་བྲན་གཡོག་འདྲ་བོར་གྱུར་ཡོད་པ་རེད།
དེ་ལྟ་བུར་ཆོས་དེ་ཆོས་ཀྱི་ས་ནས་བེད་སྤྱོད་གཏོང་ཤེས་ན་ཆབ་སྲིད་ལ་མི་གནོད་པ་ནི། ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་སུ་སངས་རྒྱས་བསྟན་པ་ཉི་མ་ཤར་འདྲ་ཞིག་དར་ཡོད་ནའང་། ཆབ་སྲིད་ཀྱི་མངའ་ཐང་འགྲན་ཟླ་བྲལ་བ་ཅིག་ཡིན་པ་ནི་རྫ་དཔལ་སྤྲུལ་རིན་པོ་ཆེས་“ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་སྟོད་བལ་བོ་ནས་སྨད་རྒྱ་ནག་གི་ཡུལ་ཁམས་ཡན་ཆད་སྤྲུལ་པའི་དམག་གིས་བཏུལ། ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། འཛམ་བུའི་གླིང་གི་སུམ་ཆ་གཉིས་མངའ་འོག་ཏུ་བསྡུས།ཆོས་རྒྱལ་རལ་པ་ཅན་གྱི་སྐུ་རིང་ལ། རྒྱ་གར་ཆུ་བོ་གང་གཱའི་འགྲམ་དུ་ལྕགས་ཀྱི་རྡོ་རིང་བསླངས་ཏེ་རྒྱ་བོད་ཀྱི་ས་མཚམས་མཛད། རྒྱ་གར་ནག་དང་གེ་སར་སྟག་གཟིག་ལ་སོགས་པ། རྒྱལ་ཁབ་མང་པོ་མངའ་ཞབས་སུ་བསྡུས་ནས་”ཞེས་གསུངས་ཡོད་པས། ཆབ་སྲིད་ཀྱི་སྟོབས་ཤུགས་ཇི་ཙམ་ཆེན་པོ་ཡོད་པ་རྟོགས་ཐུབ།
ཆབ་སྲིད་བརྟན་པོ་དང་ཕུགས་འཕེར་བོ། དུས་བབ་དང་མཐུན་པའི་གོ་སྐབས་ལེན་ཤེས་པ་དང་འགྱུར་བཅོས་གཏོང་ཤེས་པ། ལམ་ཁ་གསར་པ་འཚོལ་ཤེས་པ་སོགས་དགོས་ན། དེང་རབས་ཀྱི་ཤེས་ཡོན་གཏིང་ཚུགས་པ་ཅིག་མི་ཤེས་ཐབས་མེད་རེད། ད་ལྟ་བར་བོད་ཕྱི་ནང་གཉིས་སུ་བོད་མི་གཞོན་ནུ་མང་པོ་ཅིག་ལ་སློབ་སྦྱོང་གི་གོ་སྐབས་འཐོབ་སྟེ། བོད་མི་མང་པོ་ཡིག་རྨོངས་ཙམ་ལས་སད་ཡོད་པ་དངོས་གནས་ཚུལ་རེད།
འོན་ཀྱང་། གཅིག་ནས་བོད་ཕྱི་ནང་གཉིས་ཀར་སློབ་གྲྭ་མང་ཆེ་བར་དེང་རབས་ཤེས་ཡོན་ཚད་ལྡན་སྦྱང་ས་དང་དགེ་རྒན་མེད་པ། ཁོར་ཡུག་གིས་ཀྱང་ཤེས་ཡོན་དེ་ལ་སློབ་སྦྱོང་གི་སྤྲོ་སྣང་སྤེལ་གཏན་ནས་ཐུབ་མེད་པ་སོགས་ཀྱིས། བོད་མི་རྣམས་དེང་རབས་ཤེས་ཡོན་གྱི་གནས་ཚད་ཤིན་ཏུ་ནས་ཀྱང་སྐྱོ་བོ་ཡིན་པ་མངོན་སུམ་རེད།
དེ་བས་གནས་བབ་འདི་འདྲའི་འོག་མུ་མཐུད་བསྡད་པ་ཡིན་ན། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཅེས་ཇི་ཙམ་གསུང་གཅོང་ཆེན་པོ་བསྐྱོན་རུང་། སོ་སོའི་རིག་གཞུང་ཡིན་པའི་རྨོངས་ཞེན་ཙམ་ལས་དེས་དེང་རབས་ཤེས་ཡོན་གྱི་ཚབ་བྱེད་མི་ཐུབ་པ་མཐོང་ཡོང་དུས། རང་བཞིན་གྱིས་བོད་མི་རྣམས་རེ་རེ་བཞིན་དེ་དང་ཁ་བྲལ་ཏེ་མི་རིགས་གཞན་གྱི་རིག་གཞུང་ནང་འཐིམ་ངེས་རེད། ང་ཚོའི་རིག་གཞུང་དང་སྐད་ཡིག་མུ་མཐུད་གནས་དགོས་ན། མི་ཚོའི་སེམས་ནང་དེ་ལ་རིན་ཐང་ཡོད་པ་དང་སོ་སོའི་མི་ཚེའི་ནང་བེད་སྤྱོད་ཆེན་པོ་ཡོད་པ། ངོས་འཛིན་ཡག་པོ་ཅིག་ཡོང་ཐུབ་པ་བྱེད་དགོས། དེ་འདྲ་ཅིག་བྱུང་བ་ཡིན་ན་མི་མང་པོས་དྭངས་བླང་གིས་དེ་ལ་སྲུང་སྐྱོབས་རྒྱུན་འཛིན་གནང་གི་རེད།
ཡོ་རོབ་མི་ཚོས་རིག་གཞུང་བསྐྱར་སོས་སྐབས་སྔ་མོའི་གྷི་རིཀ་དང་རོ་མན་གྱི་རིག་གཞུང་དང་སྙིང་སྟོབས་ལ་བསམ་ཞིབ་གཏིང་ཟབ་བྱས་པ་ལྟར། ང་ཚོས་ཀྱང་བཙན་པོའི་དུས་སྐབས་ཀྱི་རིག་གཞུང་དང་སྙིང་སྟོབས་ལ་ཁ་མིག་ཡར་ལྟ་བྱས་ཏེ། སོ་སོའི་མ་འོངས་པ་འཚོལ་དུས་སུ་ཏན་ཏན་སླེབས་ཡོད། བཙན་པོའི་སྐབས་སུ་སྲིད་དང་དམག་གི་སྟོབས་ཤུགས་སོགས་འཇིག་རྟེན་ལ་དོ་སྣང་གིས་འཇོན་པོ་ཡོད་པ་དང་དུས་མཚུངས། རྒྱ་གར་དང་རྒྱ་ནག། ཕར་ཞི་ཡ་སོགས་ཀྱི་རིག་གཞུང་གི་ལེགས་མང་པོ་བསྡུ་ལེན་ནང་འདྲེན་ཧ་ཅང་གིས་རྒྱ་ཆེན་པོ་གནང་བས། བོད་དེ་ཆོས་སྲིད་གང་ཆ་ནས་འགྲན་ཟླ་བྲལ་བའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། དེང་སང་གི་ང་ཚོར་བོད་ཀྱི་རིག་གཞུང་གཏིང་ཟབ་ཞེས་གཞན་ལ་ངོམ་རིན་ཡོད་པ་དེའང་སྙིང་སྟོབས་དེ་ལས་བྱུང་བ་རེད།
འོ་ན་དེང་སང་གི་བོད་འདི་ག་འདྲ་རེད་ཅེས་ན། རྩོམ་བྲིས་ན། གླུ་བླངས་ན། རི་མོ་བྲིས་ན། ལས་འགུལ་སྤེལ་ན། སྐད་ཆ་བཤད་ན། ལས་ཀ་བྱས་ན། ཚོང་གཉེར་ན། གང་ལྟར་ལད་མོ་རྐྱང་རྐྱང་མ་གཏོགས་བྱེད་མི་ཤེས། ལད་མོ་དེའང་ཡག་པོ་ཅིག་བྱེད་མི་ཤེས། དེ་འདྲ་རེད། ད་ནི་འཐོམས་ཞྭ་དེ་ཕུད་དགོས་ན། བོད་རང་གི་རིག་གཞུང་གི་སྙིང་བཅུད་ལ་སྦྱངས་ཏེ་ཉམས་ལེན་གྱིས་མ་མཐའ་ཡང་ཚོགས་ལམ་པ་དང་སྦྱོར་ལམ་པ་ཟེར་བ་འདྲ་བོ། ཞི་གནས་ཐོབ་བསྡད་པ་དེ་འདྲ་དངོས་སུ་མཐོང་ཆོས་སུ་འཐོན་ཐུབ་པ་དགོས་ཀྱིན་འདུག་མ་གཏོགས། སྒྲུང་རྐྱང་རྐྱང་བཤད་བསྡད་པས་ཕན་ས་མ་རེད། དེང་རབས་ཤེས་ཡོན་ཀྱང་མཐོ་སློབ་རེའི་ལག་ཁྱེར་བླངས་ཏེ་སྡེར་མ་འཁྲུས་བསྡད་པ་དང་སྨན་ཞབས་བྱས་པ་སོགས་ཀྱིས་མི་ཕན་པར། བོད་མིའི་ཁྲོད་ཚན་རིག་པ་དང་སྨན་པ། དཔལ་འབྱོར་རིག་པ་བ་དང་ཚོང་པ། སྒྱུ་རྩལ་པ་སོགས་ཚད་འཛིན་འཕེར་བ་འགྲན་རྩོད་ཀྱིས་འཚང་ཁ་ཡོད་པ་ཅིག་དགོས་ཀྱི་འདུག།
དེ་འདྲ་འབད་བརྩོན་གནང་ན་བྱུང་ཐུབ་པ་ཅིག་རེད་དེ་ང་ཚོས་གནང་གི་མེད་པ་རེད། གང་ལྟར་དེ་འདྲ་ཅིག་བྱུང་ན། ང་ཚོས་བོད་མི་རིགས་གསོན་གནས་ཀྱི་ལམ་བརྙེད་ཐུབ་པ་མ་ཟད། འཛམ་གླིང་ཡོངས་ལ་ནང་བསམ་བློ་ཡར་རྒྱས་ཀྱི་འགྱུར་བ་ཆེན་པོ་ཅིག་གཏོང་ཐུབ་ངེས་རེད།
མིའི་ལོ་རྒྱུས་ནང་བལྟས་ན། ནུབ་ཕྱོགས་ཀྱི་གསར་བརྗེ་སྙན་གྲགས་ཅན་དེ་ཚོ་བསླངས་ཡོང་མཁན་རྣམས་ཀྱང་ཤིང་བཟོ་དང་མགར། ལྷམ་འཚེམ་པ་སོགས་མི་ཉམ་ཐག་ཉུང་ཉུང་གིས་བསམ་བློ་དར་ཁྱབ་ཀྱིས་བྱུང་ཡོད་ལ། ང་ཚོར་ཆ་རྒྱུས་ཆེན་པོ་ཡོད་པ་དམར་པོའི་ལྟ་བ་སྤེལ་མཁན་མཱར་ཁེ་སི་ཟེར་བ་དེའང་རང་གིས་ཁ་མ་སོས་པར། གྲོགས་པོའི་རོགས་སྐྱོར་ཁོ་ན་ལ་ཡུན་རིང་བརྟེན་བསྡད་པ་ཅིག་རེད་མོད། ཐ་མ་ཁོའི་བསམ་བློ་དེས་འཛམ་གླིང་ལ་ཤུགས་རྐྱེན་ཇི་ཙམ་ཐེབས་ཡོད།
མདོར་རྩ། ད་ཆ་ང་ཚོ་ལམ་ཁ་འགའ་ཤས་ཀྱི་སུམ་མདོ་ནས་འཐོམས་མི་འདུག་པར། བོད་རང་གི་རིག་གཞུང་གི་སྙིང་བཅུད་ངོ་མ་དོན་དམ་གྱིས་རྒྱུད་འཛིན་དར་སྤེལ་དང་། དེང་རབས་ཀྱི་རིག་གཞུང་ལ་འདོམས་བདེ་བོས་སྐྱོན་བརྗོད་རྐྱང་བྱས་ཏེ་མི་འདུག་པར། དེང་རབས་རིག་གཞུང་སློབ་སྦྱོང་ནང་འདྲེན་དང་ལེགས་ཆ་བསྡུ་ལེན་ཚད་འཛིན་འཕེར་བ་ཞིག་བྱེད་དུས་བབ་ཡོད་ཅིང་། དེ་ནི་དོན་གྱིས་ང་ཚོ་འཐོམས་སངས་པ་དང་རིག་གཞུང་བསྐྱར་སོས་བྱུང་བ་ཞིག་རེད།
ངས་ནི་འཐོམ་ཞྭ་འདི་མི་འཕུད་ཐག་ཆོད་ཡིན། རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་དྲིན་ལ་བོད་ཀྱི་དོན་དག་ཚང་མ་འགྲིག་འགྲོ་གི་རེད།
དེང་རབས་ཀྱི་སྟོབས་དུག་མདའ། དེང་རབས་ཀྱི་རྒྱུ་སྒྲོ་ལོར། དེང་རབས་ཀྱི་ཤེས་བྱ་ཚན་རིག་སོགས་དགོས་བ་དང་འཁོ་བ་ནི། བླ་མས་ཁྲི་ཁ་ནས་ཤེས་ཡོད་པ་རེད་ལ། རྒན་མོས་གོ་ཁ་ནས་ཡང་ཤེས་ཡོད་པ་ཞིག་རེད། ཡིན་ན་ཡང་། དེ་དག་རག་པའི་ཐབས་དང་ལམ་ནི་མི་རྡོག་རྐང་གཅིག་ལ་ཡང་ལམ་སྟོན་ཤེས་བའི་ཤེས་བྱ་ཞིག་མེད་དུས། དགོས་རེད་དགོས་རེད་ཟེར་ནས། ངུས་བསྡད་པས་ཅི་ལ་ཕན།
དེ་ལས་འདི་འདྲ་བྱས་ན་འདི་འདྲ་རག་ལེ་རེད། དེ་འདྲ་བྱས་ན་གན་འདྲ་བྱུང་ནི་རེད། བྱ་བ་དེ་འདྲ་ཞིག་བྱེད་ན་ལམ་ཁ་འདི་རེད། བྱེད་ལུགས་འདི་རེད། བྱས་འབྲས་འདི་རེད། བྱེད་ཐབས་འདི་རེད། གཅིག་བྱས་ན་སློབ་སྦྱོང་བྱེད་དགོས་རེད་ཟེར་མདོག་
འདྲ་པོ་རེད། སློབ་སྦྱོང་ཞིག་བྱས་བ་ཙམ་གྱིས་ཡོད་ཚད་བྱེད་ཐུབ་ཀྱི་ཡོད་དམ། མེད་ན། སློབ་གྲྭ་གང་ནས། སློབ་སྦྱོང་ཅི་ཤིག་བྱས་ན་ཅི་ཞིག་བྱེད་ཐུབ་པ་རེད། བོད་ཕྲུག་འབྱོར་མེད་ཞིག་གིས་དེ་འདྲ་ལ་འགྲོ་ཐུབ་པའི་ཆ་རྐྱེན་ཡོད་དམ་མེད། མེད་ན་དེ་འགྲོ་ཐུབ་པར་བྱེད་པའི་ལས་ལམ་ཁ། རྒྱུ་རོགས་པ་གང་ནས་རག་པ་སོགས་ཀྱི་ལམ་སྟོན་མེད་པར། འཐོམ་ཞྭ་གོན་འདུག་ཟེར་ནས། བོད་རིགས་ཚོས་གཅིག་གིས་གཅིག་ལ་མཐོང་ཆུང་འདྲ་བྱས་ནས། སོ་སོ་གཅིག་པོ་ལ་ཡེ་ཤེས་ཀྱི་སྤྱན་ཅིག་ཡོད་པའི་མཁས་མདོག་དང་སྤྱང་མདོག་ལ་དགའ་བསུ་མེད་དོ།
འཐོམས་ཞ་ཁྱེད་ཀྱི་མགོ་ལ་གྱོན་མ་རེད་དམ་བོད་པའི་ཆོས་རིག་འཛམ་གླིང་་ལ་དར་ཁྱབ་ཆེ་པོ་འདི་འདྲ་འགྲོ་བཞིན་པ་ཁྱེད་ཀྱི་མ་ཤེས་པ་རེད་དམ་མ་འདོད་པ་་རེད། བོད་ནང་བོད་དཔའ་བོ་དཔའ་མོ་བཅུ་ཕྲག་གསུམ་ལྷག་གི་རང་ལུས་མེར་བསྲེགས་བཏང་བ་དེ་ཡང་བོད་་ཀྱི་རིག་གཞུང་སྲུང་སྐྱོབས་ཆེད་དུ་ཡིན་པ་ལས་བོད་ཀྱི་རིག་གཞུངབསྐྱར་བཅོས་ཆེད་དུ་མིན་པ་དེ་་ཡང་ཤེས་ཐུབ་དགོས་
རྩོམ་པ་པོ་ཁྲི་རལ་པ་ཅན་ལགས། བོད་ཀྱི་རིག་གཞུང་གི་སྙིང་བཅུད་ངོ་མ་དེ་མི་མང་ལ་ངོ་འཕྲོད་སོང་ན་བླ་ཆེན་མི་ཆེན་འགའི་ཟ་སྒོ་འཐུང་སྒོ་འགག་འགྲོ་གི་ཡོད་པ་རེད། དེར་བརྟེན། ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་མི་ཆེན་པོ་ང་ཡིན་ཟེར་མཁན་འགས་ཀྱང་ཁོང་ཚོ་ཚན་རིག་ལ་ཚན་རིག་ལ་དགའ་ཞེན་ཡོད་མདོག་བཤད་གི་ཡོད་རེད། ཚན་རིག་པའི་མིང་ཅན་ཁ་ཤས་རེ་དང་ལྷན་དུ་ཚོགས་འདུ་འདྲ་བསྡུ་ཁུལ་བྱས་ནས་བླ་ཆེན་ཚོའི་ཟ་སྒོ་འཐུང་སྒོ་ལ་མི་གནོད་པའི་ལས་འགུལ་ཡང་སྤེལ་གྱིན་ཡོད་པ་རེད། དོན་ངོ་མར་ཐུག་ཡོང་དུས། མོ་འདེབས་པ། ལྷ་ཕབ་པ། སྤྲུལ་སྐུ་ངོས་འཛིན་བྱེད་པ་སོགས་ཚན་རིག་དང་རྦད་དེ་ལྡོག་ཕྱོགས་ཀྱི་ལས་ཀ་རྐྱང་རྐྱང་བྱས་ནས་དད་ལྡན་མི་མང་མགོ་འཐོམ་པར་བྱེད་གི་ཡོད་པ་རེད། དཔེར་ན། ཁོར་ཡུག་གཙང་སྦྲ་ཟེར་བ་དེ་ནང་པ་སངས་རྒྱས་པའི་འདུལ་ཁྲིམས་ཀྱི་བསླབ་པའི་རྐང་གྲངས་ཡན་ཆོད་ཀྱི་ནང་ལ་ཡོད་པ། གསང་བ་སྔགས་ཀྱི་བྱ་རྒྱུད་ཀྱི་དམ་ཚིག་མན་ཆོད་ཀྱི་ནང་ལ་ཡོད་པ། དེང་རབས་ཚན་རིག་གི་རྙེད་དོན་ལྟར་ན་འཕྲོད་རྟེན་དང་ཐོན་ཁུངས་རྒྱུན་སྲིང་གང་ཐད་ཀྱི་སྲོག་རྩ་ལྟ་བུ་་ཞིག་ཡིན་མོད་ང་ཚོའི་རྒྱལ་ས་གཉིས་པ་རྡ་རམ་ས་ལའི་སྲང་ལམ་གཙང་བཟོའི་ལས་འགུལ་ཞིག་ཀྱང་སྐུལ་སློང་དང་འགྲོ་གྲོན་གཏོང་མྱོང་མེད་པ་རེད།
བོད་ཀྱི་རིག་གཞུང་གི་སྙིང་བཅུད་ངོ་མ་དེ་ནི་གདོད་མའི་བོན་ལུགས་རེད། གདོད་མའི་བོན་ལུགས་ནམ་སླར་གསོ་བྱུང་བའི་ཉིན་མོ་དེ་ནས་བོད་པ་ཟེར་བའི་གཟི་བརྗིད་ཅན་གྱི་མི་རིགས་དེ་སླར་ཡང་ངོ་ཤེས་དགོས་པའི་ཉི་མ་འཆར་ཡོང་གི་རེད། སྔོན་མ་བོན་པོའི་སེམས་ཤུགས་ཚ་པོ་ཚ་པོ་ཡོད་པའི་དུས་སྐབས་དེ་ཚོ་ལ་བོད་མི་རིགས་འདིས་ག་རེ་ཡིན་ན་བྱེད་ཐུབ་འདུག དཔེར་ན་དུས་རབས་བདུན་པ་དང་བརྒྱད་པ་དེ་ཚོ་ལ་ལྟོས་དང་། རྒྱ་གར་ནས་ཀྱང་རྒྱ་གར་བའི་ནང་ཆོས་གདན་དྲངས་ཐུབ་ཡོད་པ་རེད། བོད་ཀྱི་ཡི་གེ་ཡང་ཡར་རྒྱས་ཡག་པོ་གཏོང་ཐུབ་ཡོད། རྒྱལ་ཁབ་གཞན་ཚོ་ལ་དཔུང་འཇུག་བྱས་པའི་ལོ་རྒྱུས་ཀྱང་ཡོད། བྱ་བ་དང་ལས་དཀའ་ག་འདྲ་ཞིག་བྱས་པ་ཡིན་ན་ལས་རང་གཤིས་སུ་ཡོད་པའི་མི་རིགས་རང་གི་ལྟ་བ་དང་ལངས་ཕྱོགས་ཟེར་བ་དེ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་པ་རེད། རྗེས་སུ་རིམ་པ་བཞིན་དུ་ཁྱི་ཆུ་ལ་བརྒྱབ་པ་ནང་བཞིན་ག་རེ་བྱུང་འདུག་ད་ལྟ་ཚང་མས་མཐོང་བསྡད་པ་འདི་རེད། བཀའ་འགྱུར་དང་བསྟན་འགྱུར་རྩ་ཆེ་རི་ཆེ་ཚད་ཕལ་ཆེ་བ་ནི་སྔོན་མ་བོན་པོའི་སེམས་སྟོབས་མ་ཉམས་པའི་་སྐབས་སུ་བྱུང་བ་དེ་འདྲ་རེད། སྔོན་བོན་པོའི་དུས་སུ་གདན་དྲངས་བའི་ཆོས་ལུགས་དེ་ལ་དུས་ཕྱིས་སྡེ་ཚན་མང་པོ་ཞིག་དབྱེ་བསྡད་པ་རེད་མ་གཏོགས་གཞན་གསར་པ་དམིགས་བསལ་བ་ག་རེ་འཇོན་འདུག འདི་ཚོ་ཚང་མ་བསམ་བློའི་འདུ་ཤེས་ཁྱེར་སྟངས་གཅིག་གི་སེམས་ནུས་ཉམས་ཆགས་སུ་ཕྱིན་པ་ཡིན་འགྲོ་བསམ་བཞིན་ཡོད། ཡིན་ནའང་ཁྱེད་ཚོས་དགོངས་པ་བཞེས་དང་། །
བཀའ་འགྱུར་དང་བསྟན་འགྱུར་རྩ་ཆེ་རི་ཆེ་ཚད་དེ་ཚོ་ལ་གསེར་ཕྱེ་མང་པོ་ཞེ་བོ་ཞིག་འགྲོ་སོང་བཏང་ནས་གདན་དྲངས་རབས་ཤོད་ཀྱི་འདུག་བ། གསེར་ཕྱེ་ཕོན་ཆེན་དེ་ཚོ་ནི་སྔོན་བོན་རྒན་ཚོའི་དུས་སྐབས་ནས་རྒྱུ་ནོར་བསགས་བཞག་དེ་འདྲ་ཡིན་པ་རེད། བསམ་ཤེས་ན་བོན་རྒན་དེ་ཚོ་ལ་བཀའ་དྲིན་རྗེས་དྲན་ལོས་བྱ་འོས། གཞན་བོད་ཀྱི་རྒྱལ་པོ་ལ་གློ་བུར་དུ་གསེར་ཕྱེ་མང་པོ་དེ་འདྲ་ག་བ་ནས་ཁྱེར་ཡོང་རྒྱུ་རགས། །
དབྱིན་སྐད་དུ་Renaissance ལ་བོད་སྐད་དུ་” རིག་རྩལ་བསྐྱར་དར།” སྔོན་མ་ནས་བཏགས་ཡོད་པ་བཞིན་འདིར་ཡང་བསྐྱར་མིང་ཚིག་གསར་ཞིག་འཇོག་དགོས་དོན་འདུག་གམ། དེ་རྒྱ་སྐད་དུ་” 文艺复兴”ཟེར། རྩོམ་མཇུག་ད་དུང་མུ་མཐུད་ནས་ཀློག་གིན་ཡིན།
བོན་པོ་ཞུ་བ་དེ། ཚོགས་མ་བསག་པ་ཞིག་འདུག
སྔོན་གྱི་མི་སྤུར་རྒྱལ་བོད་པ་ཡིན་པ་ལས། ཁྱོད་ཀྱིས་ཞུས་པའི་བོན་པོ་ག་ལ་ཡིན།
བོན་པོ་ཟེར་བ་དམར་མཆོད་བྱེད་མཁན་ལམ་ལོག་ཞུགས་དེ་དག་རེད།
པུར་རྒྱལ་གྱི་སྐབས་སུ་བོད་མི་དང་པུར་རྒྱལ་བོད་པ་ཆ་ཚང་བོན་པོ་དམར་མཆོད་བྱེད་མཁན་ཡིན་ཟེར་ན་ནི།
ལོ་རྒྱུས་ལ་བརྩི་འཇོག་མ་བྱས་པའི་སྐད་ཆ་ཉེས་པོ་རེད།
བོན་དུ་འབོད་པ་ཚོ་དེང་སང་མཉམ་ས་མཉམ་འཐུང་གི་གོ་སྐབས་སྤྲད་ཡོད་དུས་ཡག་པོར་མི་འདུག་པར
ད་དུས་ལོ་རྒྱུས་ལ་འཁྱོག་བཟོ་བྱེད་རྩིས་བྱེད་ཀྱི་འདུག ༧གོང་ས་རྒྱལ་བའི་དབང་པོ་མཆོག་གིས་ཀྱང་བོན་པོ་ཚོས་སངས་རྒྱས་ཤཱཀྱ་ཐུབ་པའང་བོན་པོ་ཡིན་ཟེར་བ་ལྟ་བུ་ལོ་རྒྱུས་ལ་འཁྱོག་བཤད་བྱེད་པ་དེ་ཚོ་ཧམ་པ་རེད་གསུངས་པ་ལྟར།
རྒན་པོའི་གཉིད་ལབ་མ་བཤད། ཧམ་པ་ཧམ་པ། ཧམ་པ་ཚ་པོ་དེ་འདྲ་བྱེད་མ་འོང་།
འདུག་ཤེས་གྱིས
ཐུབ་པ་ཟེར་བའི་ལས་ངན་འདིས་ག་རེ་བཤད་འདུག་ལྟོས་དང་། བོད་པ་ཡིན་ན་བོན་པོ་མ་ཡིན་དགོས་པ། བོན་པོ་ཡིན་ན་བོད་པ་མ་ཡིན་དགོས་པ། བསམ་བློ་འདི་འདྲ་བཏང་ནས་བོད་ཕུང་བ་རེད། བོད་རྒྱལ་ལྷ་སྲས་དར་མ་དམར་མཆོད་འབུལ་མཁན་དེ་བོན་པོ་རེད་དམ་བན་དེ་རེད། བན་དེས་དམར་མཆོད་ཕུལ་ཚད་ཚང་མ་རེ་རེ་བཞིན་དུ་མིང་འདོན་བྱ་དགོས་ན་ཁག་པོ་བཟོས་ཡོང་ད། དུད་འགྲོ་དམར་མཆོད་འབུལ་མཁན་གཏེ་བོ་དེ་ཚོ་ནི་ཁྱེད་ཚང་གི་ཆོས་ལུགས་གདན་དྲངས་ཡོང་སའི་ལུང་པ་དེ་ཚོ་རེད། ཁྱེད་ཚོ་ནི་དེ་ཚོའི་དགེ་ཕྲུག་ཡག་ཤོས་དེ་མ་རེད་དམ། བོད་གངས་ཅན་ལྗོངས་ལ་སྲོལ་ངན་ལུགས་ངན་དེ་འདྲ་སྤེལ་མ་ཡོང་རོགས། །
ང་ཚོ་ནི་ཡེ་གདོད་མའི་གཙང་རིགས་ཀྱི་ལྷ་སྲུང་བསྟེན་མཁན་ཡིན། གསེར་སྐྱེམ་དང་གཡུ་བུན་མཆོད་མཁན་ཡིན། བརྩི་ཤིང་བན་བུན་གྱི་གསོལ་མཆོད་འབུལ་མཁན་ཡིན། མཁན་ཤུག་དང་བ་ལུའི་བསང་མཆོད་གཏོང་མཁན་ཡིན། ནམ་མཁའ་དང་དར་ཚོན་གྱི་མངའ་གསོལ་ཞུ་མཁན་ཡིན། གཙང་བཙོག་གི་སྤང་བླང་ཚུལ་བཞིན་དུ་ཤེས་མཁན་ཡིན། ང་ཚོ་བོད་གངས་ཅན་པའི་གདོད་མའི་གཙང་རིགས་ཀྱི་ལྷ་སྲུང་དེ་རྣམས་ལ་སྦག་བཙོག་འགྲོ་ས་མེད་དོ། ཡིན་ལུགས་ཚུལ་བཞིན་དུ་མི་ཤེས་བཞིན་དུ་བན་རྒན་ཨ་ཙ་མ་བྱུང་རྒྱལ་མ་སྨྲ་ཞིག །
རྩོམ་ཡིག་འདི་བྲི་དོན་གྱི་དགོས་པ་ནི་བན་དང་བོན་སོགས་སྔ་མ་ནང་བཞིན་རྩོད་པ་རྫོགས་རྒྱུ་མེད་པ་བྱས་ཏེ་དུས་ཚོད་འཕྲོ་བརླག་གཏོང་བསམ་པ་མིན།གཙོ་ཆེར་ང་ཚོའི་དཀའ་ངལ་སེལ་བར་ལམ་ཁ་གསར་པ་ཅིག་འཚོལ་ཆེད་ཡིན།དེ་ལ་བསམ་ཚུལ་བརྗོད་མཁན་ཡོད་ན་དགའ་བསུ་ཞུ།
དེ་བཞིན་གོང་དུ་བཀུར་འོས་སྤོབས་མཐའ་ལགས་ཀྱིས་མཆན་བྲིས་པར་དགའ་བསུ་ཡོད།འོན་ཀྱང་།མོ་འདེབས་པ་དང་ལྷ་ཕབ་པ།སྤྲུལ་སྐུ་ངོས་འཛིན་བཅས་ཚན་རིག་དང་མི་མཐུན་པར་བཤད་མཁན་ནི་མོའོ་ཚེ་ཐུང་མ་གཏོགས།མཁས་པ་ཚད་ལྡན་སུས་ཀྱང་བཤད་ཐུབ་མེད་པ་རེད།མོའོ་ཚེ་ཐུང་གིས་ལྷ་བ་མོ་བ་རྩིས་པ་གསུམ།།འཇིག་རྟེན་ཁམས་ཀྱི་རྫུན་མ་གསུམ།།ཞེས་བཤད་ཡོད་པ་རེད་དེ།ཚན་རིག་པ་ཚད་ལྡན་དེ་འདྲ་མོ་ལ་བརྟག་དཔྱད་གནང་སྟེ་ཧ་ལས་པ་དེ་འདྲ་ཡང་སོ་སོ་དངོས་སུ་མཐོང་མྱོང་ཡོད་ལ།མོ་བ་མང་པོས་འབྱུང་འགྱུར་དང་ལྐོག་གྱུར་དེ་འདྲ་དངོས་སུ་ར་སྤྲོད་གསལ་བོ་བྱུང་བ་སོ་སོའི་བྱུང་མྱོང་ཡོད་ལ།ཚན་རིག་སུས་ཀྱང་ད་སྔ་མོ་འདེབས་པ་ཚན་རིག་དང་འགལ་བ་ཡིན་པར་གསུང་བ་མ་མཐོང་།
ལྷ་ཕབ་པ་ནི་དེ་ལས་ཀྱང་ཚན་རིག་དང་མི་མཐུན་པར་བཤད་མི་ཐུབ།དེང་སང་ཕྱི་རྒྱལ་གྱི་ཚགས་ཤོག་དང་བརྙན་འཕྲིན་སོགས་གང་སར་གསར་བརྙེད་ཀྱི་བྱུང་བ་དེ་འདྲར།གདོན་འདྲེ་ཡོད་པ་ཚན་རིག་པས་བརྟག་དཔྱད་བྱས་ཏེ་གྲུབ་དོན་གང་དགོས་བསྟན་ཡོང་གི་ཡོད་ལ།ཡང་མིའི་ཁོག་པར་གཟུགས་རག་པ་དང་བྲལ་བའི་སེམས་ཅན་དེ་འདྲ་ཁོག་ཞུགས་བྱས་པར་ཡང་ཚན་རིག་པ་མང་པོས་བརྟག་དཔྱད་གནང་གི་ཡོད་པ་རེད།དེ་ཚོ་ལྷ་ཕབ་པ་དང་གཅིག་པ་རེད།
སྤྲུལ་སྐུ་ཐུག་ཐག་གཅོད་པ་ནི་སྐྱེ་བ་སྔ་ཕྱི་ཁས་ལེན་ཕྱིན་ཏན་ཏན་ཡོང་གི་རེད།དེང་སང་སྐྱེ་བ་སྔ་ཕྱི་དྲན་མཁན་དངོན་སུམ་དུ་མང་པོ་ཡོད་པ་རེད།ཡ་མཚན་དམིགས་བསལ་གང་ཡང་མ་རེད།
རྡ་རམ་ས་ལ་གཙང་མ་བཟོ་རྒྱུ་དེ་ཤིན་ཏུ་ཁག་པོ་རེད།ཁྱེད་རང་ལས་ཀ་དེའི་འགོ་དཔོན་ལ་བསྐོས་པ་ཡིན་ན་མི་འཇོན་ཐག་ཆོད་ཡིན།རྡ་རམ་ས་ལ་ཉེ་འཁོར་བོད་པ་ཚང་མས་ལོ་རེ་ལ་ཧིན་སྒོར་ཉིས་བརྒྱ་ལྷག་གི་ཁྲལ་འཁོར་ཡུག་ལས་ཁུངས་སྤྲོད་བཞྀན་ཡོད་པ་རེད།དེའི་སྟེང་བདེ་དོན་ལས་ཁུངས་ཀྱི་མོ་ཏྲར་དང་ལས་བྱེད་བཅུ་ཕྲག་ལྷག་ཡོད་པ་རེད།རྟག་པར་ཉི་མ་རེ་རེ་བཞིན་བོད་པའི་འཁོར་ཡུག་གཙང་བཟོ་བ་ཚོ་མི་ཚང་རེ་རེའི་སྒོ་ཁར་གད་སྙིགས་སྒྲིག་གི་འགྲོ་གི་ཡོད་པ་རེད།སྐབས་དང་སྐབས་སུ་བོད་མི་དང་བླངས་པ་ཡོད་ཚད་འཐོན་ཏེ་གཙང་སྦྲ་ཐེངས་མང་བཟོ་གི་ཡོད་རེད་དེ།སྤྱིར་རྒྱ་གར་ནང་གཙང་སྦྲ་དང་དོད་མེད་པ་རེད།དགོས་རྡ་སར་རྒྱ་གར་ཡུལ་མི་དང་ཡུལ་སྐོར་བ་བོད་པ་ལས་གྲངས་ཀ་ལྡབ་འགྱུར་གྱིས་མང་པོ་རེད།དེ་ཚོ་ཚང་མས་བཙོག་པ་བཟོ་རྒྱུ་མ་གཏོགས་གཙང་མ་ལ་ཧ་ལམ་མི་གཅིག་གིས་ཀྱང་འགན་ཁུར་རྒྱུ་མ་རེད།ཁྱེད་རང་གིས་ད་ལྟ་རང་གཙང་མ་བཟོས་ན་ད་ལྟ་རང་དེ་ལས་འཛོར་ཅིག་བཟོ་གི་རེད།གཙང་མ་བཟོ་རོགས་སུས་ཀྱང་གནང་གི་མ་རེད།ད་ག་འདྲ་གཙང་མ་ཡོང་གི་རེད།དེ་ཚོ་ཐབས་ཤེས་ཁོ་རང་མེད་རེད།རང་འཇགས་བཞག་ན་ཡག་ཤོས་རེད།
ཡ་དེ་ན་རྩོམ་པ་པོ་ཁྱེད་ཀྱིས།་ལྷ་ཕབ་པ། མོ་འདེབས་པ། སྤྲུལ་སྐུ་ངོས་འཛིན་བྱེད་པ་འདི་རིགས་བོད་ཀྱི་རིག་གཞང་བསྐྱར་སོས་ཞེས་པའི་ལས་འགུལ་དེའི་གྲས་སུ་རིན་ཐང་ཡོད་པའི་རིགས་ལ་ངོས་འཛིན་གནང་གིན་ཡོད་དམ།
ཡ་་་་ད་རིག་གནས་བསྐྱར་གསོའི་ལས་འགུལ་སྤེལ་གྲབས་ཡོད་ས་རེད་་་་་སྲོལ་རྒྱུན་རིག་གནས་ཐོག་ལ་དམག་རྒྱག་རྒྱུའི་སྲིད་བྱུས་ཤིག་མིན་འགྲོ་་་་་་་་ད་ཐེངས་ད་མེ་ཤུགས་འཕུལ་མདའ་འདི་ལྷ་མོ་རྩིས་གསུམ་དང་སྤྲུལ་སྐུ་སོགས་ཀྱི་སྒང་ལ་བསྐོར་ཡོད་ས་རེད་་་་འདི་ཚོ་མེད་པར་བྱས་རྗེས་ཤུལ་ཏུ་ཅང་ལྷག་རྒྱུ་ཞིག་ཧ་ལམ་མ་ཡོད་རེད་་་་་་་ཁྲི་རལ་བུ་ལ་འཇོན་ཐང་ཡོད་ན་དམག་རྒྱོབས་ཡ་་་་
བཀུར་འོས་སྤོབས་མཐའ་ལགས་ནས་དྲི་བ་དེ་དྲིས་པར་ཐུགས་རྗེ་ཆེ།ལྷ་ཕབ་པ་དང་མོ་འདེབས་པ།སྤྲུལ་སྐུ་ངོས་འཛིན་སོགས་བོད་ཀྱི་རིག་གཞུང་གི་སྙིང་བཅུད་ཡིན་པར་ནམ་ཡང་བསམ་མྱོང་མེད་ལ།རིག་གཞུང་བསྐྱར་སོས་ཀྱི་ནང་དུ་དེ་ཚོ་རྩལ་དུ་འདོན་དགོས་པར་ཡང་ངོས་འཛིན་གང་ཡང་མེད་ལགས།འོན་ཀྱང་།དེ་ཚོ་མཐའ་གཅིག་ཏུ་ཚན་རིག་དང་རྒྱབ་འགལ་ཡིན་པ་དང་མི་མཐུན་པ་རེད་ཅེས་ཀྱང་བཤད་དཀའ་མོ་རེད།
ད་བརྒྱ་བཤད་ན་སྟོང་བཤད་ན་རིག་གཞུང་བསྐྱར་སོས་ཤིག་དགོས་ན་འཐབ་རྩོད་ཅིག་བྱེད་དགོས་པ་རེད། འཐབ་རྩོད་ཀྱི་སོ་ཁུངས་གཏོད་ས་དེ་གདུང་རབས་དང་སྐྱེས་རབས་ཀྱི་མིང་ཅན་གྱི་མི་དྲགས་ཁ་ཤས་ལ་གཏད་དགོས་རེད། གདུངས་རབས་དང་སྐྱེས་རབས་ཀྱི་མིང་གནས་རྗེས་འབྲེལ་ཅན་གྱི་མི་དྲགས་དེ་ཚོ་རྩ་མེད་མ་ཐུབ་ན་བོད་ལ་ཡར་ཐར་ཞིག་མེད་པ་གསལ་པོ་རེད། དམ་པའི་ཆོས་ཕྱོགས་ནས་བསམ་ན་བསླབ་པ་གསུམ་གྱི་རིན་ཐང་ལ་གདེངས་འཇོག་ཡོད་པ་ཞིག་ཡོང་གི་མི་འདུག སྲིད་ཕྱོགས་ནས་བཤད་ན། སྲིད་སྐྱོང་བློ་བཟང་སེང་གེས་གསུངས་པའི། གསར་བཏོད། ཆིག་སྒྲིལ། རང་ཁ་རང་གསོ་བཅས་ཡོང་བའི་ལམ་ཞིག་རག་གི་མི་འདུག ང་ཚོའི་ཆོས་ཕྱོགས་ནས་བསམ་ན་གྲྭ་བཙུན་ཤེས་ཡོན་ཅན་ཕལ་མོ་ཆེ་གདུང་རབས་སྐྱེས་རབས་ཀྱི་བླ་བྲང་ཁག་གི་གཡོག་པོ་རེད།་ལག་ཆ་རེད། རྒྱུགས་ཁྱི་རེད། འཇིག་རྟེན་ཕྱོགས་ནས་ཀྱང་ཤེས་ཡོན་འཇོན་ཐང་ཡོད་མཁན་མང་ཆེ་བ་ནི་གདུང་རབས་སྐྱེས་རབས་ཅན་གྱི་བླ་སྤྲུལ་ཚོའི་གཡོག་པོ་ཆགས་བསྡད་ཡོད་རེད།
སྤོབས་འཐའ་འདི་ཡང་སྨྱོ་ཚར་འདུག མའོས་ཀྱང་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ་གསར་རྗེ་སླང་བ་ལས། ཁོ་རང་དམག་ལ་འགྲོ་སྐབས་མོ་པ་ཞིག་མཉམ་ལ་ཁྲིད་ཁྲིད་པ་ཡིན་རབས་འདུག
སྤོབས་པ་མཐའ་ཡས་ལགས་ཀྱིས་སྐད་ཆ་ལ་རྒྱབ་སྐྱོར་ཡོད། དེ་ག་རང་རེད། ཁྲི་རལ་པས་ད་རིང་རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག དགའ་པོ་བྱུང་།
ཨོ་རེད།ད་རེས་ཀྱི་སྤོབས་པ་མཐའ་ཡས་ཀྱི་སྐད་ཆ་དེར་རྒྱབ་སྐྱོར་གཙང་མ་ཡོད་ད།ཁོང་གི་གསུང་པ་དེ་ངའི་བསམ་ཚུལ་དང་ཐག་ཉེ་བོ་འདུག
བོད་ཀྱི་རིག་གཞུང་གི་སྙིང་བཅུད་ནི་ནང་ཆོས་རེད་ལ། ནང་ཆོས་ལ་ཚན་རིག་དང་མཐུན་པའི་ཆ་མང་པོ་ཡོད་པ་དང་། ཚན་རིག་པས་ནང་ཆོས་ནད་ལེགས་ཆ་ལེན་རྒྱུ་ཡོད་པ་ཚན་རིག་པ་ཁོ་རང་ཚོས་ངོས་འཛིན་དང་ཁས་ལེན་བྱེད་ཀྱི་ཡོད་པ་རེད། ད་ཁྱོད་ཚོ་མི་ཁ་ཤས་བློ་ལ་མ་བབ་ན་ཡང་ཐབས་ཤེས་ཅི་ཡོད།
ང་ཚོ་ནི་ཡེ་གདོད་མའི་གཙང་རིགས་ཀྱི་ལྷ་སྲུང་བསྟེན་མཁན་ཡིན། གསེར་སྐྱེམ་དང་གཡུ་བུན་མཆོད་མཁན་ཡིན། བརྩི་ཤིང་བན་བུན་གྱི་གསོལ་མཆོད་འབུལ་མཁན་ཡིན། མཁན་ཤུག་དང་བ་ལུའི་བསང་མཆོད་གཏོང་མཁན་ཡིན། ནམ་མཁའ་དང་དར་ཚོན་གྱི་མངའ་གསོལ་ཞུ་མཁན་ཡིན།༽
རེད་རེད། སྙིང་རྗེའི་བདག་ཉིད་ཅན་གྱི་བོད་ཀྱི་རྒྱལ་པོ་དང་བཙན་པོ་ཚོས། བོན་པོ་དམར་མཆོད་པ་དག་ལ་སྙིང་རྗེས་ཀུན་ནས་བསླངས་ཏེ། སེམས་ཅན་གསོད་མི་དགོས་པའི་གླུད་སོགས་རང་གཞན་གཉིས་ཕན་གྱི་སྲོལ་དེ་བཏོད། དེའི་ཆ་ནས་ཀྱང་ནང་པ་དེ་བོན་པོ་ཟེར་བ་གཏུམ་སྤྱོད་ལ་གོམས་པའི་ཀླ་ཀློ་དེ་ཚོར་བཀའ་དྲིན་གནའ་ཡང་ཆེ་ལ། དེང་ཡང་བཏང་སྙོམས་མཛད་པ་སོགས་གུ་ཡངས་ཀྱི་གོ་སྐབས་སྤྲོད་པ་ཧ་ཅང་སྐུ་དྲིན་ཆེ་བ་ཡིན་ནོ།།
ཐུབ་པ་ལགས་ཏོག་ཙམ་ཁ་བཙུམ་ན་ཡོང་བ་འདུག་གམ། ང་ཚོའི་བགྲོ་གླེང་དཀྲུག་འོང་ས་རེད། བོན་པོ་ལགས་་་ལན་གནང་དགོས་མ་རེད།
ནང་ཆོས་སུ་ཚན་རིག་དང་མཐུན་པ།ཚན་རིག་གིས་ཀྱང་མ་བརྙེད་པ་ནང་ཆོས་སུ་གསལ་བོར་ཡོད་པ་དེ་འདྲའང་ཡོད་ས་རེད།འོན་ཀྱང་།ཚན་རིག་དང་དེང་རབས་རིག་གཞུང་ནང་ང་ཚོ་དེ་ལས་ཀྱང་ལེན་དགོས་པའི་ལེགས་ཆ་མཐའ་ཡས་པ་ཅིག་ཡོད་རེད་ད།དེ་ཚོ་སྒྲུང་གི་ལམ་ནས་བཤད་མི་དགོས་པར།དེང་སང་གི་དུས་རབས་འདིར་འཚོ་བཞིན་པ་ཅིག་ཡིན་ཕྱིན་མངོན་སུམ་དང་མིག་མཐོང་ལག་ཟིན་རེད་དེ།
བོད་པའི་ནང་ཆོས་མཁྲེགས་འཛིན་པ་ཟམ་གདོང་རིན་པོ་ཆེ་སོགས་ལྟ་བུ་སྐོར་ཞིག་གིས་གྷན་ངྷིའི་ལྟ་གྲུབ་བཤད་ཞོར།དེང་རབས་དང་ཚན་རིག་ལ་དགག་པ་ཆེན་པོ་གནང་གི་ཡོད་པ་རེད།དེ་ལ་ལད་མོ་བྱས་ཏེ་བོད་པ་མང་པོ་ཅིག་གིས་ཀྱང་དེ་ལྟར་དེང་རབས་ལ་ལབ་ལབ་འདྲ་བོ་མང་པོ་གཏོང་གི་ཡོད་པ་དངོས་མཐོང་སོང་མོད།དངོས་ཡོད་འཚོ་བའི་ནང་ཚན་རིག་གི་ཅ་ལག་ཅིག་དང་ཁ་བྲལ་ཏེ་ང་ཚོ་དུས་ཚོད་༢༤རིང་འདུག་ཐུབ་ཀྱིན་མེད་པ།དེ་ཚོ་ཚན་རིག་དང་དེང་རབས་སྐོར་གང་ཡང་མི་ཤེས་པ་ཚོར།དེའི་སྐྱོན་གྱི་ཕྱོགས་རྐྱང་རྐྱང་འགྲེལ་བཤད་བརྒྱབས་ཏེ་འཐོམ་ཞྭ་གཡོག་པ་ཙམ་རེད།
མང་པོ་བཤད་མི་དགོས།སྔ་མོ་བོད་མི་མང་ཆེ་བའི་ཚེ་ཚད་ལོ་༦༠ནས་༤༠ཙམ་རེད།དེང་སང་འཕྲུལ་ཆས་ཡར་རྒྱས་སོང་སྟེ་ཚེ་ཚད་ཇེ་རིང་མི་འབོར་འཕེལ་རྒྱས་ཆེན་པོ་རེད།ང་རང་གི་ཕ་ཡུལ་ལ་སྔ་མོ་བོད་པ་མི་ཚང་སུམ་བརྒྱ་མ་གཏོགས་མེད།དེང་སང་མི་ཚང་ཆིག་སྟོང་དྲུག་བརྒྱ་ལ་ཕྱིན་ཡོད།
ང་རང་གིས་ཚན་རིག་ཤེས་ཀྱིན་མེད་དྲང་པོ་ཡིན།འོན་ཀྱང་།ཚན་རིག་གི་གྲུབ་འབྲས་དང་གསར་བརྙེད་སྐོར་དེབ་མང་པོ་བཀླགས་མྱོང་ཡོད།ཧ་ལས་པ་བློ་ཡུལ་དུ་འཆར་མི་ཐུབ་པ་དེ་འདྲ་རེད།དཔེར་ན།གཟུགས་ཅན་གྱི་དངོས་པོའི་མཐུན་རྐྱེན་སྣ་ཚོགས་ནི་བོད་པ་ཚོར་གཞན་དང་གཅིག་མཚུངས་དགོས་ཀི་ཡོད་པ།དེ་དགོས་ན་ང་ཚོའི་ནང་ཆོས་དང་སྲོལ་རྒྱུན་རིག་གཞུང་ནང་འབར་ཞུན་ཅིག་བཟོ་སྟངས་ཀྱང་མེད་པ།ད་དེ་ཚོ་ཚན་རིག་ནས་བསླབ་ཀྱིན་ཡོད་པ།ཁྱེད་རང་ལ་རྒྱུ་ལྷག་གི་ན་ཚ་ལྟ་བུ་ཅིག་བྱུང་ན།བོད་སྨན་གྱིས་དེ་སེལ་མི་ཐུབ་པ།ཁྱེད་རང་ཤི་སྒུག་བརྒྱབས་རྒྱུ་ཙམ་རེད།འོན་ཀྱང་དེང་སང་གི་སྨན་ཁང་ཅིག་ཏུ་སོང་ན་ལམ་སེང་བཤགས་བཅོས་ཀྱིས་སངས་དྲག་ཡོང་གི་རེད།
དེ་འདྲ་མངོན་སུམ་ལ་བསྙོན་འདིང་ནས་ཟམ་གདོང་རིན་པོ་ཆེ་སོགས་ལྟར་ཚན་རིག་དང་དེང་རབས་ལ་ངན་ལབ་རྐྱང་བྱས་བསྡད་ན།དེ་སངས་རྒྱས་ཀྱི་དགོངས་པ་ངོ་མ་མཐུན་གི་ཨེ་ཡོད་ན།སངས་རྒྱས་རང་གིས་མདོ་བརྒྱན་སྟུག་པོ་བཀོད་པ་ལས།དགེ་སློང་དག་གམ་ཅན་པོ་བརྟག་དཔྱད་གནང་དགོས་པ་ནན་པོ་ཇི་ཙམ་གསུང་གི་འདུག།དེ་འདྲ་ཡིན་དུས་ནང་ཆོས་དང་ཚན་རིག་གཉིས་ཀ་ལས་སྙིགས་དོར་བཅུད་ལེན་བྱེད་དགོས་པ་ལས།གཅིག་གཙང་སངས་སངས་དང་གཅིག་བཙོག་པ་བཙོག་རྐྱང་དེ་འདྲ་ཅིག་ཨེ་སྲིད་དམ།
ལུག་རྟོགས་ལགས། ང་ཚོས་ནང་ཆོས་་ཚན་རིག་དག་མཐུན་པའི་ཆ་མི་འདུག་ཟེར་བཞིན་མེད། ལྷ་གོག་བླ་གོག་སྤྲུལ་གོག་གསུམ་ཚན་རིག་དང་མཐུན་གྱི་མི་འདུག་ཟེར་བཞིན་ཡོད་ལ་སངས་ཆོས་དང་ཡང་མཐུན་གྱི་མི་འདུག་ཟེར་གྱི་ཡོད། ཉན་ཤེས་པར་བྱོས།
བོད་མི་རིགས་ཀྱི་ས་ཞིང་ནང་དུ་སྐྱེས་པའི་དུག་ཤིང་སྡོང་པོ་སྒེར་གཅོད་པ་འདི་དག་རྩ་མེད་མ་བཟོས་ན་ཞིང་ཁའི་ནང་དུ་དམངས་གཙོའི་རང་དབང་གི་ཉི་མ་ཤར་མི་ཐུབ་པས་འབྲུ་རིགས་སྐྱེས་བཅུག་པའི་རེ་བ་མི་འདུག བོད་མི་རིགས་ཀྱིས་རང་དབང་དང་བདེ་སྐྱིད་ཀྱི་འབྲས་བུ་ལ་ལོངས་སྤྱོད་དགོས་དུས་དུག་སྡོང་འདི་དག་དང་ངེས་པ་ཏུ་འཐབ་རྩོད་བྱ་དགོས་ངེས་རེད། སྔ་ཕྱི་མ་གཏོགས་འཐབ་རྩོད་ཡོང་ངེས་ཡིན། ཇི་སྲིད་དུས་ཀྱི་བར་དུ་བོད་མི་རིགས་ཉི་འོད་མེད་པའི་དུག་སྡོང་གི་འོག་ཏུ་སྡད་མི་སྲིད། འཛམ་གླིང་ཐོག་ཏུ་སུ་ལ་བལྟས་ཀྱང་གསར་བརྗེ་བྱུང་འདུག་པས་ང་ཚོས་ཀྱང་གསར་བརྗེ་བྱ་དགོས་ངེས་ཡིན།
ཅོ་རི་ལགས། ལྷ་གོག་བླ་གོག་སྤྲུལ་གོག་གསུམ་མེད་ན་ནང་ཆོས་སུས་འཛིན་གྱི་རེད། ད་ལྟའི་བར་མང་ཆོས་རྩ་ཆེན་པོ་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ལྷ་གོག་བླ་གོག་སྤྲུལ་གོག་ཧསུམ་ཡིན་པ།
གསར་རྗེ་མའོས་བྱེད་ཟིན་པ་རེད་ལྷ་དང་བླ་མ་སྤྲུལ་སྐུ་ཚོ་རྡུང་ཟིན་པ་རེད། ཡིན་ན་ཡང་ལྟོས་དང་ཡར་ལང་མི་འདུག་གམ། འདིས་མིང་ལ་བདེན་ལུང་པ་གཉིས་དེ་ཕུ་ཐག་རིང་། རྫུན་ཨ་བྲ་གཉིས་དེ་རྔ་མ་ཐུང་ཟེར་བ་རེད། སྟོབས་ཆེན་རྒྱ་ནག་གཞུང་གིས་རྩ་མེད་བཟོ་མ་ཐུབ་པ་ཞིག་ཁྱོད་ཅོ་རི་བུས་ཐུབ་ཨེ་ཡོང་། ཐུབ་ན་ཤོག་དང་ངས་ལྟད་མོ་རྒྱང་ནས་ལྟ་འདུག ཧཧཧ
ལྷ་བླ་སྤྲུལ་གསུམ་གྱིས་རྫུན་བཤད་ནས་བོད་མི་དམངས་མགོ་སྐོར་བཏང་དང་གཏོང་བཞིན་པ་ཡིན་པའི་གནས་ལུགས་འདི་བོད་མི་དམངས་ཀྱིས་ཤེས་དགོས། དེ་ནས་རྨོངས་དད་མེད་མཁན་ཆགས་འགྲོ་གི་རེད། ལྷ་བླ་སྤྲུལ་གསུམ་གྱི་རྐང་པ་རྨོངས་དད་ཀྱི་ཐོག་ཏུ་བཙུགས་ནས་ལངས་ཡོད། བོད་མི་རིགས་ཀྱི་རྒྱུད་ལ་རྨོངས་དད་ཀྱི་དྲི་མ་ཙམ་ཡང་མེད་པ་ཆགས་སོང་བའི་ཉིན་མོར་གསར་བརྗེ་རང་བཞིན་གྱི་འགྲུབ་ཚར་བ་ཡིན། རྫུན་རྐྱལ་ཚོའི་རྩ་བ་གཏོར་ཚར་བ་རེད།
གསར་བརྗེ་འདི་བཙན་དབང་དང་མེ་མདའ། དམག་ཤུགས་ཀྱིས་བྱེད་ཐུབ་པའི་ལས་དོན་ཞིག་མིན། འདི་ནི་མི་དམངས་ཀྱིས་ཤེས་ཚོད་ཡར་རྒྱས་ཕྱིན། རྟོག་པ་སད་། མགོ་སྐོར་ཡིན་པར་ཤེས་རྟོགས་བྱུང་ན་གསར་བརྗེའི་ལས་དོན་འགྲུབ་འོང་གི་རེད། གཞན་མའོ་ཡི་ཐོག་ཏུ་ཨོ་བྷ་མ་བཞག་ནའང་གསར་བརྗེ་འདི་བྱེད་ཐུབ་པའི་རེ་བ་མེད།
ནང་ཆོས་འཛིན་མཁན་ལྷ་རམས་སྔགས་རམས་བཀའ་རམས་གསུམ་གྱིས་འཛིན་གྱི་རེད། ནང་ཆོས་ཤེས་མཁན་ཡང་འདི་དག་ཡིན། ཡོན་ཏང་ཡོད་མཁན་ཡང་འདི་དག་ཡིན། དྲང་བདེན་ཡོད་མཁན་ཡང་འདི་དག་ཡིན། ལག་ལེན་བྱེད་མཁན་ཡང་འདི་དག་ཡིན། ཆོས་གཙང་མ་ཞིག་འཛིན་གྱི་རེད།
ཧཧཧ ལྷ་རམ་སྔགས་རམ་དེ་ཚོ་བླ་སྤྲུལ་མ་རེད་དམ། ད་ངོ་མ་གད་མོ་དབང་མེད་ཤོར་བའི་སྐད་ཆ་བཤད་ཀྱི་འདུག དེང་སང་ཨོ་བྷ་མ་དང་ཞི་ཅིན་ཕིན་གཉིས་ཀྱི་རྐང་པ་ཡ་རེ་རེ་ཡང་རྨོངས་དད་ཀྱི་སྟེང་དུ་བཙུགས་འདུག་པས་ད་གསར་རྗེ་ཡོང་རྒྱུ་ཁག་པོ་རེད་དོ།
ཁྱེད་ཚོས་ནང་ཆོས་དེ་ནི་ཡོངས་རྫོགས་རྒྱ་གར་ནས་གདན་དྲངས་འོང་རབས་ཤོད་ཀྱི་ཡོད་པ་རེད། བོད་སྔར་ལུགས་ཀྱི་དྲི་མ་ཙམ་ཡང་མེད་ཟེར་ནས་ཤོད་ཀྱི་ཡོད་རེད། ད་དུང་ཁྱེད་ཚོས་བོད་སྔ་རབས་པ་ཟེར་ནས་ག་ཚོད་ཅིག་བཀག་མེད་དམ། དེ་འདྲ་ཡིན་དུས་དེ་འདྲའི་ནང་ཆོས་དེ་བོད་ཀྱི་རིག་གཞུང་གི་སྙིང་བཅུད་དུ་ཇི་ལྟར་དུ་གྱུར་སྲིད་དམ། །
ནང་ཆོས་ལ་རང་ངོས་ནས་སྙིང་བཅུད་ཅིག་ནི་ཏན་ཏན་ཡོད་ངེས། ཡིན་ནའང་བོད་ཡུལ་དུ་རྒྱ་གར་བའི་ནང་ཆོས་མ་སླེབས་བའི་སྔོན་ནས། ཕུན་སུམ་ཚོགས་པའི་བོད་རང་གི་ནང་དོན་རིག་པའི་སྙིང་བཅུད་དར་ཞིང་རྒྱས་པ་ཡོད་ཡོད་པ་རེད་དོ། །
བོད་ལུགས་ནང་ཆོས་ཀྱི་གཞི་རྩ་འཇོག་ས་དེ་ནི་སྔར་ཡོད་བོན་ཀྱི་ནང་དོན་རིག་པའི་གཞུང་ལུགས་ཕྱུག་པོ་དེ་རྣམས་བྱས་ཡོད་པ་ཟུར་ནས་བལྟས་ན་ལེབ་མཐོང་རེད། དེ་མིན་ན་ཁྱེད་ཚོ་བོད་ཡུལ་དུ་སླེབས་པ་ཙམ་གྱིས་དེ་མ་ཐག་ཤ་ལོག་སྤུ་ལོག་ཏུ་ཇི་ལྟར་གྱུར་བ་ཡིན་ནམ། རྒྱ་གར་ལ་གང་ཡོད་པ་དེ་ནི་ང་ཚོ་ཚང་མས་དེང་སང་མཐོང་བསྡད་པ་འདི་རེད། བརྒྱ་བཤད་སྟོང་བཤད་མང་པོ་བྱ་དགོས་པ་མི་འདུག་མོད།
ཚན་རིག་དང་དངོས་ཡོད་ཁས་ལེན་དགོས། བོད་དང་བོད་མི་དམངས་ལ་བརྩི་བཀུར་ཞུ་དགོས། བོད་སྲིད་པ་ས་ཆགས་གནམ་ཆགས་ནས་བཟུང་ཕ་མེས་ཡང་མེས་ཁོང་རྣམས་ཀྱིས་སྐུ་ལས་སྐྱོན་པ་དེ་ཚོ་ངོ་ཤེས་དགོས་པ་རེད་དོ། །
བོས་ཀྱི་ཕ་མེས་ཚོར་བརྩི་བཀུར་ཞུ་གི་ཡོད་ལ་བོན་ཆོས་ལ་ཡང་བརྩི་བཀུར་ཞུ་གི་ཡོད། འོན་ཀྱང་བོན་པོ་ཚོས་ནང་ཆོས་བོན་ཆོས་ལས་བྱུང་བ་དང་སྟོན་པ་བཤེན་རབ་ཤཀྱཱ་ཐུབ་པའི་དགེ་རྒན་ཡིན་རབས། རྫོགས་ཆེན་བོན་ཆོས་ཡིན་རབས་སོགས་ཀྱི་སྐད་ཆ་དེ་དག་ནི་ལྷ་སྒྲུང་རང་ལས་ཁུང་ལུང་གང་ཡང་མཐོང་མ་སོང་།
བོད་ཀྱི་བླ་མའི་ཆོས་ལུགས་འདི་ཇི་སྲིད་ནམ་གནས་བར་དུ་བོད་མི་དམངས་ལ་རང་དབང་ཡོང་ཁག་པོ་རེད།
འདི་ནི་ཨ་རིའི་གདོད་མའི་མི་རིགས་ཚོའི་རང་འབྱུང་ཁམས་ལ་ཐུགས་རྗེ་ལེགས་འབུལ་ཞུ་བའི་གསོལ་འདེབས་རེད། །
Thanksgiving
We return thanks to our mother, the Earth,
which sustains us.
We return thanks to the rivers and streams,
which supply us with water.
We return thanks to all herbs,
which furnish medicines for the cure of our diseases.
We return thanks to the moon and stars,
which have given to us their light when the sun was gone.
We return thanks to the sun,
that has looked upon the earth with a beneficent eye.
Lastly, we return thanks to the Great Spirit,
in Whom is embodied all goodness,
and Who directs all things for the good of Her children.
~ Iroquois ~
धन्यवाद
हम, हमारी मां है, जो पृथ्वी के लिए धन्यवाद लौटने
जो हमें सम्भालता है।
हम नदियों और नदियों के लिए धन्यवाद, वापसी
पानी के साथ की आपूर्ति करता है।
हम सभी जड़ी बूटियों के लिए धन्यवाद, वापसी
जो हमारे रोगों के इलाज के लिए दवाओं प्रस्तुत।
हम चाँद और सितारे के लिए धन्यवाद लौटने
सूरज चला गया था जब जो हमें करने के लिए उनके प्रकाश दे दिया है।
हम, सूर्य के लिए धन्यवाद लौटने
कि एक परोपकारी आँख के साथ पृथ्वी पर देखा गया है।
अन्त में, हम महान आत्मा के लिए धन्यवाद, वापसी
किससे में सभी अच्छाई सन्निहित है,
और उसके बच्चों की भलाई के लिए सब बातों का निर्देशन कौन।
~ आइरोक्युइस ~
ས་ཡི་གོ་ལ་ཧྲིལ་པོ་འདིའི་གདོད་མའི་མི་རིགས་ཀྱི་དད་མོས་ཡོངས་རྫོགས་རྒྱལ་གྱུར་ཅིག །
བོད་གངས་ཅན་པའི་གདོད་མའི་བོན་ལུགས་རྒྱལ་ལོ། །
དེང་སེང་། སྤོབས་ལུད་དང་ཅོ་རྟུལ་སོགས་ཀྱི་ཕྱི་དགྲ་ལ་ནང་ལ་སྐོར་བྱེད་ཀྱི་སྦྱོར་བའི་ངན་སེམས་ལ་བདག་པོ་རྒྱག་མཁན་དཀོན་པོ་རེད། འཇིག་རྟེན་ཡུལ་གྲུ་གང་ལ་སོང་སོང་བའི་བོད་མི་ཚོས། གཞན་ན་རྙེད་དུ་མེད་པའི་རང་ཁུངས། རང་རུས། རང་ལུགས། རང་སོར། རང་ཆོས། རང་ལ་ཡོད་པའི་རིན་ཆེན་རྣམ་གཅིག་གཅིག་གཉིས་གཉིས་ཀྱིས་ངོ་ཤེས་ཏེ། བོད་མི་ཚོས་བོད་ཟེར་བ་འདི་ཅི་འདྲ་ཞིག་ཡིན་པ་དང། ཡིན་དགོས་བ་སོགས་བདག་འཛིན་གྱི་བློ་སྔར་ལས་ཀྱང་ཆེ་བ་འདུག།
མཐའ་ན། མགོན་པོ་ཟེར་བའི་བོན་པོ་དེ་ལ་བལྟས་དང་ཤེས་ཚོད་རེད།
Bonpoཟེར་བའི་བོན་པོ་ལ་བཅོས་སོ།
ལུང་རྟོགས་ལགས་ཀྱིས།
༼འོན་ཀྱང་བོན་པོ་ཚོས་ནང་ཆོས་བོན་ཆོས་ལས་བྱུང་བ་དང་སྟོན་པ་བཤེན་རབ་ཤཀྱཱ་ཐུབ་པའི་དགེ་རྒན་ཡིན་རབས།༽
ནང་ཆོས་དང་བོད་ཀྱི་ནང་ཆོས་གཉིས་ལ་ཁྱད་པར་འབྱེད་དགོས་པར་སེམས། བོད་ལུགས་ནང་ཆོས་དང་བོད་ཀྱི་བོན་ལུགས་གཉིས་དབར་འབྲེལ་བ་རྩ་བ་ནས་མེད་རབས་བཤད་བསྡད་ན་སུ་ཡང་སྣང་བར་འགྲོ་མི་ཡོང་། །
སྟོན་པ་གཤེན་རབ་མཆོག་ཤཀྱཱ་ཐུབ་པའི་དགེ་རྒན་གནང་ན་ཆོག་གི་རེད། མི་ཆོག་རྒྱུ་ཅི་ཡོད། འོ་ན་དགེ་རྒན་མེད་པའི་དགེ་ཕྲུག་བྱས་ན་ཡག་གམ། ཡིན་ནའང་དགེ་རྒན་དང་དགེ་ཕྲུག་གི་རྣམ་བཞག་བཤད་ཡོད་པ་དེ་འདྲ་ངས་ནི་མི་ཤེས། འོན་ཀྱང་སངས་རྒྱས་ཀྱི་དགོངས་པ་ཟེར་བ་དེ་དང་སེམས་ཅན་ཁྱོད་འདྲ་བའི་བསམ་བློ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་ཀྱི་རེད། དེ་འདྲ་ཡིན་དུས་ང་ཚོ་སོ་སོའི་སྐྱེ་བོ་ཚོས་ཐག་ཆོད་མདོག་གིས་སངས་རྒྱས་ཀྱི་དགོངས་པ་ནང་ཕན་ཚུན་ལ་འབྲེལ་བ་ཡོད་དང་མེད་ཀྱི་ཁ་ཚོན་མ་བཅད་ན་ལེགས། གང་ཟག་གིས་གང་ཟག་ཚོད་མི་བཟུང་ཟེར་ནས་གསུངས་ཡོད་བ། ཁྱེད་གསུང་དེ་ལ་ཡིད་ཆེས་ཡོད་འགྲོ དངོས་གནས་བྱས་ན་ལྡོག་ཆ་ནས་ཐ་དད་པ་འཇོག་རྒྱུ་ཡོད་ཀྱང་ངོ་བོའི་ཆ་ནས་སངས་རྒྱས་ཀྱི་དགོངས་པ་ཡོངས་རྫོགས་གཅིག་པ་ཡིན་དགོས་ཀྱི་ཡོད་པ་མ་རེད་དམ།
དེ་ཡང་སངས་རྒྱས་རྩ་ཆེ་སོང་བའི་རྒྱུ་མཚན་གྱིས་ཨ་ཡིན་ན། གནས་ལུགས་ཀྱི་རང་གཤིས་གཡེར་པོ་ཆེ་རྩ་ཆེ་སོང་བའི་ངང་ཚུལ་རེད། །
༼རྫོགས་ཆེན་བོན་ཆོས་ཡིན་རབས་སོགས་ཀྱི་སྐད་ཆ་དེ་དག་ནི་ལྷ་སྒྲུང་རང་ལས་ཁུང་ལུང་གང་ཡང་མཐོང་མ་སོང་།༽
རྫོགས་ཆེན་བོན་ཆོས་ཡིན་རབས་བཤད་པ་དེ་ཚོ་བདེན་ཁ་ཆེ། དེ་ནི་རྫོགས་ཆེན་གྱི་ཆོས་དེའི་ངོ་བོའི་ཡིན་ལུགས་ཀྱི་ཐོག་ནས་ཞིབ་འཇུག་ཡག་པོ་བྱས་པའི་སྐད་ཆ་རེད། བན་དེའི་མཁས་པ་ང་ཡིན་ཁོ་ཡིན་ཟེར་མཁན་དང་། ཕྱི་རྒྱལ་གྱི་བོད་རིག་པའི་མཁས་པར་གྲགས་པ་དེ་ཚོས་གཅིག་རྗེས་གཉིས་མཐུད་བྱས་ནས་བཤད་ཡོད་པ་རེད། སྨྲེ་ངག་འདོན་ན་དེ་ཚོར་ཐོན། ང་ལ་དགོས་པ་ནི་རྫོགས་ཆེན་གྱིས་བསྟན་པས་སེམས་ཅན་ལ་ཕན་དགོས་རྒྱུ་དེ་ཡིན། བསྟན་པའི་སྙིང་བོན་དར་ཞིང་རྒྱས་པར་ཤོག །
རེད་རེད།ཐུའུ་བཀན་གྱིས་ཆོས་བོན་དང་འདྲེས།བོན་ཆོས་འདྲེས་པར་གསུངས།དེ་བཞིན་ཡང་བོན་རྫོགས་གཉིས་ཐུགས་སྣང་གཤིན་པོ་རེད་ཅེས་ཀྱང་གསུངས་ཡོད་པ་དྲན།བོན་པོ་ལགས་སུ་དགོས་པ་དེ་མ་རེད་དམ།
བོན་པོ་ལགས། གནས་ལུགས་སྟོང་ཉིད་བཤད་སྡད་ན་ཆོས་ཐམས་ཅད་ཆོས་ཀྱི་དབྱིང་སུ་རོ་ཅིག་པར་བཤད་ཀྱི་ཡོད། འོན་ཀྱང་ཐ་སྙད་རྣམ་བཞག་སྐབས་སུ་འཇིག་རྟེན་གྲགས་པ་ལ་བཏུན་ནས་འགྲོ་དགོས་པ་ཟླ་བའི་དགོངས་པ་རེད། ངས་མཐར་ཐུག་སངས་རྒྱས་ཐམས་ཅད་དགོངས་པ་ཅིག་ཡིན་མིན་བཤད་ཀྱི་མེད། གནས་སྐབས་འཇིག་རྟེན་ཡོངས་གྲགས་ལྟར་བཤད་ཀྱི་ཡོད། ངས་བོད་རྒྱུད་ནང་ཆོས་དང་བོན་ཆོས་གཉིས་ལ་འབྲེལ་བ་རྩ་བ་ནས་མེད་པ་བཤད་ཀྱི་མེད། ནང་པ་ཚོས་བསང་གཏོང་བ་དང་གཡང་འགུག་བྱེད་པ་ལ་རྩོ་བསྟོད་པ་སོགས་བོན་ལུག་ཡིན་པ་ངས་ཀྱང་ཤེས་ཀྱི་ཡོད། འོན་དེ་ཙམ་གྱིས་བོད་རྒྱུད་ནང་ཆོས་བོན་ཆོས་ལས་བྱུང་བ་སྒྲུབ་མི་ཐུབ། སྟོན་པ་གཤེན་རབས་ཤཀྱཱ་ཐུབ་པའི་དགེ་རྒན་གནང་ན་ཆོག་མི་ཆོག་གི་སྐད་ཆ་མ་རེད་ཡིན་མ་ཡིན་གྱི་སྐད་ཆ་རེད་དེ་ཡིན་པ་ལ་སྒྲུབ་བྱེད་མི་འདུག་ཟེར་གྱི་ཡོད། རྫོགས་ཆེན་བོན་ཆོས་ཡིན་རབས་བཤད་མཁན་ནི་ཆོས་རྒྱུད་ལ་ཕྱོགས་རིས་ཅན་གྱི་བན་དེ་རེ་གཉིས་དང་། བོན་པོ་དང་འབྲེལ་བ་ཟབ་པའི་མཁས་པ་རེ་གཉིས་ཀྱིས་བཤད་ཡོད་ན་ཐང་། འོན་ཀྱང་རྫོགས་ཆེན་བོན་ཆོས་ལས་བྱུང་བ་ཡིན་དང་བོན་པོའི་རྫོགས་ཆེན་ནང་པའི་རྫོགས་ཆེན་ལས་བྱུང་བ་ཡིན་སུས་ཤེས། བོན་པོ་ལ་དེང་སང་བོན་པོ་འདུལ་བ་དང་བོན་པོའི་མངོན་པ་སོགས་ཡོད་པ་འདི་དག་ཀྱང་ནང་པའི་གཞུང་ལ་བོན་པོའི་མིང་གིས་བཏགས་བཞག་པ་ཞིག་མིན་པའི་ངེས་པ་མི་འདུག་གོ།།
ལུང་རྟོགས་ལགས།
ཁྱེད་ཀྱིས། ༼གནས་ལུགས་སྟོང་ཉིད་བཤད་སྡད་ན་ཆོས་ཐམས་ཅད་ཆོས་ཀྱི་དབྱིང་སུ་རོ་ཅིག་པར་བཤད་ཀྱི་ཡོད།༽ གསུངས་འདུག་པར་ངས་མི་འཇོན་འཇོན་མདོག་གིས་སངས་རྒྱས་ཀྱི་དགོངས་པ་དང་སེམས་ཅན་གྱི་བསམ་བློ་གཉིས་བར་གོ་བསྡུར་བྱས་ན་འགྲིག་དང་མི་འགྲིག་གི་སྐོར་ནས་བཤད་ཁུལ་བྱས་པ་ཡིན་མ་གཏོགས། གནས་ལུགས་སྟོང་པ་ཉིད་སྐབས་འདིའི་བརྗོད་བྱར་ཁྱེར་མེད་དི། །
༼འོན་ཀྱང་ཐ་སྙད་རྣམ་བཞག་སྐབས་སུ་འཇིག་རྟེན་གྲགས་པ་ལ་བཏུན་ནས་འགྲོ་དགོས་པ་ཟླ་བའི་དགོངས་པ་རེད། ངས་མཐར་ཐུག་སངས་རྒྱས་ཐམས་ཅད་དགོངས་པ་ཅིག་ཡིན་མིན་བཤད་ཀྱི་མེད། གནས་སྐབས་འཇིག་རྟེན་ཡོངས་གྲགས་ལྟར་བཤད་ཀྱི་ཡོད།༽
འདིར་འུ་གཉིས་ཀྱི་བཤད་བྱ་དེ་སྟོན་པ་གཤེན་རབ་མི་བོ་དང་ཤཀྱ་ཐུབ་པ་རྣམ་གཉིས་ཀྱི་སྐོར་ལ་ཡིན་པ་རེད། སྟོན་པ་གཤེན་རབ་མཆོག་ནི་བོན་པོ་ཚོས་སངས་རྒྱས་ཡིན་པར་འདོད་ཀྱི་ཡོད་པ་རེད། ཤཀྱ་ཐུབ་པ་མཆོག་གི་བན་དེ་ཚོས་སངས་རྒྱས་ཡིན་པར་འདོད་ཀྱི་ཡོད་པ་རེད། གང་ལྟར་གླེང་གཞི་དེ་སངས་རྒྱས་གཉིས་ཀྱི་སྐོར་ལ་ཡིན་དུས། ངས་སངས་རྒྱས་ཀྱི་དགོངས་པའི་སྐོར་ནས་བཤད་ཁུལ་བྱེད་དགོས་པའི་རྒྱུ་མཚན་དེ་ཡིན། གཞན་གདུལ་བྱའི་བློ་དང་བཏུན་ནས་བཤད་དགོས་ན་ཀུན་དང་མཐུན་པའི་དུས་གཅིག་ཕལ་ཆེར་ཚེས་མི་ཡོང་། ཁམས་དང་མོས་པ་སྣ་ཚོགས་པ་ཡིན་སྐོར་གསུངས་པ་དེ་ཁྱེད་ཀྱིས་ལོས་མཁྱེན། རིགས་དྲུག་ཆུ་ལ་དྲུག་ཏུ་མཐོང་ཞེས་ཀྱང་གསུངས་ཡོད་པ་རེད། མཐུན་པའི་དུས་སྐབས་ཤིག་ཕལ་ཆེར་དཀའ་མོ་ཡིན་པར་སེམས། །
༼ངས་བོད་རྒྱུད་ནང་ཆོས་དང་བོན་ཆོས་གཉིས་ལ་འབྲེལ་བ་རྩ་བ་ནས་མེད་པ་བཤད་ཀྱི་མེད། ནང་པ་ཚོས་བསང་གཏོང་བ་དང་གཡང་འགུག་བྱེད་པ་ལ་རྩོ་བསྟོད་པ་སོགས་བོན་ལུག་ཡིན་པ་ངས་ཀྱང་ཤེས་ཀྱི་ཡོད།༽ འདི་ཙམ་གྱིས་བོན་ལུགས་ཅིག་མ་གཏོགས་ཁྱེད་ཀྱི་མཁྱེན་རྒྱ་མེད་ན་བོན་ལུགས་མཁྱེན་གྱི་ཡོད་བསམ་པའི་ཐུགས་རྒྱལ་མ་གནང་རོགས། བསང་གཏོང་བ་དང་གཡང་འགུག་བྱེད་པ་ལ་བཙས་བསྟོད་པ་སོགས་ནི་བོན་ལུགས་ཀྱི་ཆ་ཤས་ཆུང་ཆུང་ཞིག་ཡིན་པ་རེད། །
༼འོན་དེ་ཙམ་གྱིས་བོད་རྒྱུད་ནང་ཆོས་བོན་ཆོས་ལས་བྱུང་བ་སྒྲུབ་མི་ཐུབ།༽ རྒྱ་མཚན་འདི་ཙམ་གྱིས་བོད་རྒྱུད་ནང་ཆོས་བོན་ཆོས་ལས་བྱུང་བར་ངས་ནི་བཤད་མ་མྱོང་། ངས་གླེང་འདོད་པ་ནི། ཡུམ་དུམ་པ་བཅུ་གཉིས་ཀྱི་བྱུང་གཞི་བོན་གྱི་ཁམས་ཆེན་སྟོག་ཕྲག་བརྒྱ་པ་དང། གསོ་རིག་བརྒྱུད་བཞིའི་བྱུང་གཞི་བོན་གྱི་གསོ་རིག་འབུམ་བཞི་དང་། གསང་སྔགས་ཀྱི་བོན་སྐོར་ནས་བཤད་ན་བོད་རྒྱལ་ག་ནམ་གྱི་ཁྲི་བདུན་གྱི་དུས་སྐབས་ནས་བོན་གྱི་གསང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པར་བྱུང་ཡོད། དེར་མ་ཚད་བོད་རྒྱལ་མུ་ཁྲི་བཙན་པོ་ནི་བོན་གྱི་གསང་སྔགས་ཀྱི་བརྒྱུད་རིམ་ཚང་མིའི་ནང་དུ་བཞག་ཡོད་པ་རེད། རྫོགས་ཆེན་གྱི་སྐོར་བཤད་ན་རྫོགས་ཆེན་ནི་ཤཀྱ་ཐུབ་པ་མ་བྱོན་པའི་སྔོན་ནས་དར་བའི་ཆོས་ལུགས་ཤིག་ཡིན་པ་ཁྱེད་བན་དེ་ཚོས་ཀྱས་ཁས་ལེན་གྱི་ཡོད་པ་རེད། རྫོགས་ཆེན་གྱི་སྟོན་པ་བཅུ་གཉིས་ཟེར་བ་དེ་ཚོ་ཤཀྱ་ཐུབ་པའི་སྔོན་ནས་བྱོན་རབས་བཤད་འདུག་བ། བོད་གངས་ཅན་པའི་བསོད་ནམས་ཀྱི་ཞིང་དུ་གྱུར་བའི་རྒྱ་ཆེ་ལ་གཏིང་ཟབ་པའི་་བོན་ལུགས་རིན་པོ་ཆེ་འདི་ལ་བརྙས་བཅོས་མ་གནང་རོགས། སྣང་ཚུལ་དང་གནས་ཚུལ་ཐ་དད་ཡིན་པ་ཤེས་དགོས་པ་རེད་དོ། །
བསང་གཏོང་བ་བོན་ལུགས་ཡིན་ཟེར་ན་རྣ་བར་མི་འགྲོ། ཆོས་ལུགས་གང་དང་གང་ཡིན་ཡང་དུ་བ་ཚུབ་ཀྱི་བྱེད་སྒོ་རེ་ཡོད། ལྷག་པར་རྒྱ་གར་གྱི་ཆོས་ལུགས་ཁག་ལ་དུ་བ་བདུག་སྲོལ་ཆེན་པོ་ཡོད། དར་ལྕོག་འཕྱར་སྲོལ་ནི་རྒྱ་གར་བའི་ལུགས་སྲོལ་རེད། པན་ཇབ་གསེར་གྱི་ལྷ་ཁང་གི་མཐའ་ན་ཡང་ལྷ་སའི་བར་སྐོར་གྱི་དར་ཆེན་དང་གཅིག་པ་གཅིག་རྐྱང་འདྲ་བོ་བཙུགས་བསྡད་ཡོད། སྟོན་པ་གཤེན་རབ་ཟེར་བའི་མི་ཞིག་འཇིག་རྟེན་དུ་བྱོན་པའི་དཔང་རྟགས་ཁྱེར་ཤོག་དང་དེ་ནས་སངས་རྒྱས་ཡིན་མིན་ཟེར་བ་དེ་ཚོ་རྩོད་གཞི་ཆེན་པོ་ཅང་མ་རེད། མ་གཞི་ནས་སངས་རྒྱས་ཤིག་གིས་དམར་མཆོད་ཀྱི་ལུགས་སྤེལ་ན་སངས་རྒྱས་ཁྱད་མཚར་ཞིག་ཡིན་ས་རེད། རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོའི་ནང་དུ་བོན་ལ་སྐྱབས་སུ་སོང་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་ཚུལ་གསུངས་འདུག སྟོན་པ་གཤེན་རབ་སངས་རྒྱས་ཡིན་ན་སངས་རྒྱས་ལ་སྐྱབས་སུ་སོང་ན་སངས་རྒྱས་ཆོས་ལུགས་ཀྱི་བསླབ་བྱ་དང་འགལ་འགྲོ་དོན་གང་ཡིན་ནམ།
༼སྟོན་པ་གཤེན་རབས་ཤཀྱཱ་ཐུབ་པའི་དགེ་རྒན་གནང་ན་ཆོག་མི་ཆོག་གི་སྐད་ཆ་མ་རེད་ཡིན་མ་ཡིན་གྱི་སྐད་ཆ་རེད་དེ་ཡིན་པ་ལ་སྒྲུབ་བྱེད་མི་འདུག་ཟེར་གྱི་ཡོད།༽ སྟོན་པ་གཤེན་རབ་དགེ་རྒན་ཆེན་པོ་ཞིག་དང་དང་ཤཀྱཱ་ཐུབ་པ་དགེ་ཕྲུག་ཆུང་ཆུང་ཞིག་ཡིན་ནའང་སྐྱོན་ག་རེད་ཡོད། ཤཀྱཱ་ཐུབ་པའི་སྐུ་སྐྱེ་སྔོན་མ་ལྷ་བུ་དམ་པ་ཏོག་དཀར་ཞུ་བ་དེ་ལ་སྟོན་གཤེན་རབ་མོ་བོས་འགྲོ་དོན་མཛད་པར་ཕེབས་དགོས་པའི་ལུང་བསྟན་གནང་བའི་སྐོར་ཞིག་ཡོད་པ་རེད། དེ་ནི་བོན་ལུགས་ཀྱི་འགྲོ་སྟངས་ཅིག་ཡིན་པར་སེམས། སྟོན་པ་གཤེན་རབ་མི་བོ་མཆོག་ཀྱང་སྲིད་པ་སངས་པོ་འབུམ་ཁྲིའི་ལུང་བསྟན་ནམ་བཀའ་ཡི་གནང་བ་ཐོབ་པ་ལ་བརྟེན་ནས་ལྷོ་རྒྱལ་འཛམ་བུ་གླིང་དུ་འགྲོ་བའི་དོན་ཆེན་མཛད་པར་ཕེབས་པ་ཡིན་སྐོར་གསུངས་ཡོད། དེར་མ་ཚད་བོད་རྒྱལ་གཉའ་ཁྲི་བཙན་པོ་ཡང་གནམ་རིམ་པ་བཅུ་སུམ་གྱི་སྟེང་ནས་ཡབ་ཕྱྭ་རྗེ་རྒྱལ་པོས་བཀའ་ཡི་གནང་བ་དང་ལུང་བསྟན་ཐོབ་པ་ལ་བརྟེན་ནས་བོད་མགོ་ནག་མི་ཡི་རྗེ་བོར་ཕེབས་པ་ཡིན་གསུངས་ཡོད་པ་རེད། བྱེད་སྟངས་ལས་སྟངས་འདི་རིགས་ལ་རྒྱུ་མཚན་ངེས་ཅན་ཞིག་ཡོད་འགྲོ་བསམ་གྱི་ཡོད། ཡིན་ནའང་ཁྱེད་ཚོས་ནི་སྣང་ཆུང་གཏོང་ཀྱང་རེད་བ། །
༼བོན་པོ་ལ་དེང་སང་བོན་པོ་འདུལ་བ་དང་བོན་པོའི་མངོན་པ་སོགས་ཡོད་པ་འདི་དག་ཀྱང་ནང་པའི་གཞུང་ལ་བོན་པོའི་མིང་གིས་བཏགས་བཞག་པ་ཞིག་མིན་པའི་ངེས་པ་མི་འདུག་གོ།།༽ མིང་གཅིག་པ་འདྲ་པོ་ཡོང་སྲིད་པ་རེད། བོན་སྐད་ཡིན་པ་གཅིག་པ་རེད་བ། ཡིན་ནའང་དོན་དག་གལ་ཆེ་ཤོས་དེ་གཞུང་ལུགས་ཀྱི་འགྲོ་སྟངས་དང་བརྗོད་བྱ་དང་ལོ་རྒྱུས་དང་བརྒྱུད་རིམ་བཅས་ཕྱོགས་ཡོངས་ནས་ཞིབ་དཔྱད་ལེགས་བྱ་དགོས་པ་རེད། དེ་ནས་སུ་དང་འདྲ་ན་འདྲ་བ་རེད། ཡིན་ནའང་དཔྱད་པ་བྱེད་སྟངས་ལ་ལུང་དང་རིགས་པ་ཟེར་བ་མི་འདྲ་བ་གཉིས་ཡོད། རིགས་པ་ཡང་དག་ཅིག་བཏང་བྱུང་ན། བོན་པོའི་རིགས་པ་ཡིན་ནའང་བན་དེས་ཁས་ལེན་དགོས་པ་རེད། བན་དེའི་རིགས་པ་ཡིན་ནའང་བོན་པོས་ཁས་ལེན་དགོས་པ་རེད། རིགས་པ་ལ་ང་ཡི་ཡིན་དང་ཁོ་ཡི་ཡིན་ཟེར་བའི་ལབ་སྲོལ་དེ་སྔ་བྱུང་རབས་མེད། འདུལ་བའི་གཞུང་ལུགས་ཀྱི་སྐོར་ནས་བཤད་ན་བོན་པོའི་འདུལ་གཞུང་འདྲ་པོ་སྤུས་ཚད་ཡག་པོ་ཞིག་བོད་གངས་ཅན་ལྗོངས་ལ་ཕལ་ཆེར་ཡོད་ས་མི་འདུག ཡིད་མ་ཆེས་ན་བོན་ལུགས་ཀྱི་་་འདུལ་བ་ཀུན་བཏུས་རྩ་འགྲེལ་་་གཉིས་དེ་ཡག་པོ་བྱས་ནས་གཟིགས་དང་དེ་ནས་མཁྱེན་ཡོང་། མངོན་པ་མཛོད་ཀྱི་སྐོར་ནས་བཤད་ན་བོན་ལུགས་ལ་་་སྲིད་པའི་མཛོད་ཕུག་་་ཅེས་པ་ཞང་ཞུང་སྐད་དང་དང་བོད་སྐད་སྤེལ་མར་བྲིས་པ་དེང་སང་ཡང་མཇལ་རྒྱུ་ཡོད་པ་རེད། དེ་ཚོའི་ལོ་རྒྱུས་ཧ་ཅང་རིང་པོ་རེད་དོ། །
སྤོབས་པ་མཐའ་ཡས་ལགས། །
ཁླེད་ཀྱིས་༼རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོའི་ནང་དུ་བོན་ལ་སྐྱབས་སུ་སོང་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་ཚུལ་གསུངས་འདུག༽ ཟེར་ནས་གསུངས་པ་དེ་བདེན་པ་ཡིན་ན། ལམ་རིམ་ཆེན་མོའི་ནང་དུ་ཚིག་ཇི་ལྟར་གསུངས་འདུག་འདིར་འགོད་རོགས་གནོངས། ཤེས་འདོད་པ་ཡིན། ལམ་རིམ་ཆེན་མོའི་ནང་དུ་མུ་སྟེགས་པ་ལ་སྐྱབས་སུ་འགྲོ་མི་ཉན་གསུངས་ཡོད་ངེས། ཡིན་ནའང་དེང་སང་ང་ཚོ་ཚང་མ་མུ་སྟེགས་པ་ལ་སྐྱབས་བཅོལ་ནས་བསྡད་ཡོད་པ་དེ་དྲན་པར་བྱོས། RC སྒང་ལ་ས་རྟགས་བརྒྱག་མཁན་དེ་ཚོ་མུ་སྟེགས་པ་རེད་ད། གདན་གྲུ་བཞིའི་སྒང་ལ་བསྡད་ཇ་རྙག་པ་འདྲ་པོ་འཐུང་དུས་ཤོད་རྒྱུ་མང་པོ་ཡོད་པ་རེད། དེ་དག་ཐམས་ཅད་དོན་ལ་གནས་ཀྱི་མེད་པ་ཁ་ཡོད་ལ྄ག་ཡོད་དེང་སང་མཐོང་བསྡད་པ་འདི་རེད་དོ། བོད་པ་ཚང་ལ་གཅིག་ལྟོས་ལམ་རིམ་ཆེན་མོ་ཉམས་ལེན་བྱས་ནས་མི་སྡོད་པར་ཨུ་ཚུགས་མི་རྒྱག་དགུ་རྒྱག་བྱས་ནས་འཇིག་རྟེན་བྱེད་པོ་འདོད་མཁན་གྱི་ལུང་པར་བརྒྱ་ཤོར་སྟོང་ཤོར་བྱས་ནས་འགྲོ་གི་མི་འདུག་གམ། དགོངས་པ་ལྷོད་ཡངས་གནང་ནས་བཞུགས་ན་ལེགས་པར་སེམས་སོ། །
བཀུར་འོས་Bonpoལགས། ལམ་རིམ་ཆེན་མོ་སྔོན་མ་རྒྱ་ནག་ཏུ་དཔར་བསྐྲུན་བྱས་པ་རྗེས་སུ་ཐའེ་ཝན་དུ་བསྐྱར་དཔར་བྱས་པ་པའི་དེབ་ཀྱི་ཤོག་ངོས་༡༥༣་པར་འདི་ལྟར།:
བྱ་བ་ཅི་འདྲ་ཞིག་བྱེད་པ་དང་དགོས་པ་ཅི་འདྲ་བ་ཞིག་མཐོང་ཡང་དཀོན་མཆོག་གསུམ་ལ་བརྟེན་པ་དང་། དེ་དག་དང་རྗེས་སུ་མཐུན་པའི་དཀོན་མཆོག་མཆོད་པ་སོགས་བྱ་ཡི། དེ་དག་དང་མི་མཐུན་པའི་བོན་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་བརྟེན་དུ་མི་རུང་བས་དུས་ཐམས་ཅད་དུ་དཀོན་མཆོག་ལ་བློ་ཁེལ་བར་བྱའོ།། (The corporation Body of the Buddha Dharma Education Foundation, December, 2000)
ཞེས་གསུངས་འདུག
དེབ་འདིའི་དཔར་ཡུལ་ནི་གཤམ་གསལ་ཁ་བྱང་རེད། Printed and donated for free distribution by The corporation Body of the Buddha Dharma Education Foundation
11F., 55 Hangchow Road Sec 1, Taipei, Taiwan, R.O.C
བོན་པོས་དམར་མཆོད་བྱས་ཚུལ་ནི་རྗེ་མི་ལས་དངོས་སུ་མཐོང་ཚུལ་ག་འདྲ་ཞིབ་མོར་བྲིས་མི་འདུག་གམ། དེ་ཡང་དགོས་ན་ཕུལ་ཆོག ད་དུང་དེ་འདྲ་བ་མང་།
སྤོབས་པ་མཐའ་ཡས་ཀྱི་མཆན་་༤༠དེ་རིགས་པའི་ངོ་ལ་ཤིན་ཏུ་འཐད་པ་ཞིག་བྱུང་བས་དཔྱད་པ་ཞིབ་མོར་ཞུ་གིས་ཡིན།
སྤོབས་པ་མཐའ་ཡས་ལགས།
ཚིག་དུམ་དེ་འདིར་དྲངས་བ་ཡག་པོ་བྱུང་། སྔོན་མའི་བླ་མ་ཡིན་ཟེར་མཁན་དང་མཁས་པ་ཡིན་ཟེར་མཁན་ཚོས་བོད་མི་རིགས་ཀྱི་མཐུན་སྒྲིལ་གོང་འཕེལ་ལ་ལེགས་སྐྱེས་ག་རེ་ཕུལ་འདུག་བལྟ་དགོས། དེ་དང་ཆབས་གཅིག་ཏུ་མཐུན་སྒྲིལ་གོང་འཕེལ་ལ་གནོད་སྐྱོན་ག་རེ་བཏང་འདུག་དེ་ཡང་ཤེས་དགོས་ཀྱི་འདུག མི་རིགས་ཀྱི་མཐུན་སྒྲིལ་དང་གཅིག་གྱུར་ལ་གནོད་པའི་རྩ་བ་དེ་ག་བར་ཐུག་འདུག་ང་ཚོས་ངེས་པར་དུ་ཤེས་དགོས་ཀྱི་ཡོད། ངས་བོན་པོའི་དཔེ་ཆ་ཁུངས་ལྡན་དེ་ཚོ་བཀླགས་མྱོང་། དེ་ཚོའི་ནང་དུ་བན་དེའི་ཆོས་ལུགས་གདུག་པོ་རེད་ཟེར་བ་དང་ཉམས་སུ་ལེན་མི་ཉན་གསུངས་པ་ཞིག་རྩ་བ་ནས་མཐོང་མ་མྱོང་ད། ཆོས་ལུགས་ཀྱི་ཕྱོགས་རིས་ཟེར་བ་དེ་ཕལ་ཆེར་མི་འདུག་ཟེར་ནའང་འགྲིག་པ་འདུག ད་དུང་བོན་གྱི་རྫོགས་ཆེན་གྱི་གཞུང་ལུགས་དེ་ཚོའི་ནང་དུ་་་ཐོས་པ་ཕྱོགས་མེད་དུ་བྱའོ་་་་ཞེས་ཚིག་ཐག་ཆོད་པོས་གསུངས་གནང་འདུག བོན་གྱི་བླ་མ་མཉམ་མེད་ཆེན་པོས་ཀྱང་རང་ལྟ་ལ་མི་ཆགས་གཞན་ལྟ་ལ་མི་སྡང་བའི་སྒོ་ནས་ཐོས་བསམ་བྱེད་དགོས་རབས་གསུངས་ཡོད། བླ་མ་འདི་ནི་ཙོང་ཁ་པ་དང་དུས་མཉམ་པ་རེད། གང་ལྟར་ང་ནི་བོན་མཆོད་མཁན་དང་བོན་བརྟེན་མཁན་གཉིས་ཀ་ཡིན་ལ། དཀོན་མཆོག་མཆོད་མཁན་དང་དཀོན་མཆོག་བརྟེན་མཁན་ཡང་གཉིས་ཀ་ཡིན། དེ་གཉིས་ཟུང་དུ་འབྲེལ་ན་གནོད་སྐྱོན་གང་ཡང་མི་འདུག་གོ ད་དུང་ང་ཡི་བརྒྱུད་པའི་བླ་མ་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་མཆོག་ཀྱང་བོན་མཆོད་བོན་བརྟེན། དཀོན་མཆོག་མཆོད་དཀོན་མཆོག་བརྟེན་ནས་ཕེབས་གནང་བ་རེད། ང་བོད་མིའི་སྐྱེ་བ་བླངས་པའི་མི་ཞིག་གིས་མི་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་རིན་ཆེན་གསེར་དང་འདྲ་བའི་རང་གི་ཕ་མེས་ཀྱི་བོན་ལུགས་འདི་དུས་ནམ་ཡང་བློས་མི་གཏོང་ཐག་ཆོད་ཡིན་ནོ། འདི་ལས་གཟི་བརྗིད་ཆེ་བ་ཞིག་དང་འདི་ལས་ཡག་བ་ཞིག་ས་ཆ་གང་དུ་སོང་ཀྱང་རྙེད་རྒྱུ་མི་འདུག ། བོན་རྒྱལ་ལོ། །
བོན་པོ་ལགས། ཁྱེད་ཀྱིས་ངའི་སྐད་ཆའི་གོ་བ་ལོན་མེད་པ་འདྲ། ཁྱེད་ཀྱིས་སྟོན་པ་གཤེན་རབཤཀྱཱ་ཐུབ་པའི་དགེ་རྒན་ཡིན་ཆོག་པའི་སྒྲུབ་བྱེད་ལ་སངས་རྒྱས་ཐམས་ཆད་ངོ་བོའི་ཆ་ནས་དགོངས་པ་ཅིག་ཡིན་པ་དེ་བཀོད་པ་མིན་ནམ། ངོ་བོའི་ཆ་ནས་སངས་རྒྱས་ཐམས་ཅད་དགོངས་པ་ཅིག་ཡིན་ཡང་དེ་དགེ་རྒན་དགེ་ཕྲུག་ཡིན་པའི་སྒྲུབ་བྱེད་ལ་འགྲོ་ཡི་མི་འདུག་ཟེར་བ་ཡིན། དགེ་རྒན་དགེ་ཕྲུག་ནི་ཐ་སྙད་ཀྱི་རྣམ་བཞག་རེད་ལ་སངས་རྒྱས་ཐམས་ཅད་མཐར་ཐུག་དགོངས་པ་ཅིག་པ་ནི་དོན་དམ་གྱི་རྣམ་བཞག་རེད། གཉིས་ནས་ཁྱེད་ཀྱིས་”བོད་ལུགས་ནང་ཆོས་ཀྱི་གཞི་རྩ་འཇོག་ས་ནི་སྔར་ཡོད་བོན་གྱི་ནང་དོན་རིག་པའི་གཞུང་ལུགས་ཕྱུག་པོ་དེ་རྣམས་བྱས་ཡོད་པ་ཟུར་ལྟས་ལེབ་མཐོང་རེད་”ཅེས་བོད་རྒྱུད་ནང་བསྟན་གྱི་འབྱུང་ཁུང་བོན་ཡིན་པ་ལྟ་བུ་ཞིག་བཤད་འདུག་པས་ངས་དེ་ལ་ཁུང་ལུང་མཐོང་གི་མི་འདུག་ཞུས་པ་ཡིན། ཁྱེད་ཀྱིས་དེའི་ལན་ལ་”བོད་ལུགས་ནང་ཆོས་དང་བོད་ཀྱི་བོན་ལུགས་གཉིས་ལ་འབྲེལ་བ་རྩ་ནས་མེད་རབས་བཤད་སྡད་ན་སུ་ཡང་སྣང་བར་འགྲོ་མི་ཡོང་”ཞེས་གསུང་འདུག་པས། ངས་བོད་རྒྱུད་ནང་ཆོས་དང་བོན་ལུགས་གཉིས་ལ་འབྲེལ་བ་རྩ་བ་ནས་མེད་པ་བཤད་ཀྱི་མེད། ནང་པ་ཚོས་བསང་གཏོང་བ་དང་གཡང་འགུག་བྱེད་པ་ལ་རྩེ་བསྟོད་པ་སོགས་བོན་ལུགས་ཡིན་པ་ངས་ཤེས་ཀྱི་ཡོད་ཟེར་བ་ཡིན་གྱི། བོན་ལུགས་ཡིན་ན་དེ་དག་ཡིན་པས་ཁྱབ་པའམ་བོན་ལུགས་ལ་དེ་དག་ལས་གཞན་པའི་རྣམ་བཞག་མེད་པ་བཤད་མེད།
གཉིས་ནས་རྫོགས་ཆེན་ཤཀྱཱ་ཐུབ་པ་མ་བྱོན་པའི་སྔོན་ནས་དར་བ་དང་རྫོགས་ཆེན་སྟོན་པ་བཅུ་གཉིས་ཤཀྱཱ་ཐུབ་པའི་སྔོན་ནས་བྱུང་ཡོད་པ་ཙམ་གྱིས་རྫོགས་ཆེན་བོན་ཆོས་ཡིན་པའི་སྒྲུབ་བྱེད་གང་ཡང་འགྲོ་གི་མ་རེད། སྤྱིར་ཐེག་པ་ཆེན་པོའི་ལུགས་ལ་སྐུ་གསུམ་གྱི་རྣམ་བཞག་བཤད་ཀྱི་ཡོད་པ་རེད་ལ། སངས་རྒྱས་ངོ་མ་ནི་འོག་མིན་གྱི་གནས་སུ་བཞུགས་པའི་ལོངས་སྤྱོད་རྫོགས་པའི་སྐུ་དང་དེའི་ཐུགས་རྒྱུད་ན་བཞུགས་པའི་ཆོས་སྐུ་ལ་ངོས་འཛིན་གྱི་ཡོད་པ་རེད། རྡོ་རྗེ་གདན་ལ་འཚང་རྒྱ་བའི་ཚུལ་སྟོན་པའི་ཤཀྱཱ་ཐུབ་པ་ནི་འགྲོ་དོན་དུས་ལ་བབ་དུས་ལོངས་སྐུ་ལས་སྤྲུལ་སྐུའི་ཚུལ་གྱིས་བྱོན་ནས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པ་ཙམ་ལས། དོན་ལ་འོག་མིན་གྱི་གནས་སུ་སྔར་ནས་སངས་རྒྱས་ཟིན་པར་འདོད་ཀྱི་ཡོད་པ་རེད། དེས་ན་ཤཀྱཱ་ཐུབ་པ་མ་བྱོན་པའི་སྔ་རོལ་ནས་བྱུང་བ་ཙམ་གྱིས་ཤཀྱཱ་ཐུབ་པའི་ཆོས་ལུགས་མ་ཡིན་པར་མི་འགྱུར་ཞིང་། གཞན་ཡང་རྫོགས་ཆེན་གྱི་ཆོས་ནི་ཆོས་སྐུ་ཀུན་ཏུ་བཟང་པོས་ཕྱག་ན་རྡོ་རྗེ་ལ་གནང་། དེས་དམ་པའི་རིགས་ཅན་དྲ་མ་ལྔ་ལ་སོགས་པ་ལ་གནང་ནས་རིམ་པར་མི་ཡུལ་ལ་དར་བའི་ཚུལ་གསུངས་ཡོད་པ་རེད་ལ། ཀུན་ཏུ་བཟང་པོ་དང་རྡོ་རྗེ་འཆང་ནི་སངས་རྒྱས་ཤཀྱཱ་ཐུབ་པའི་ལོངས་སྐུ་དང་ཆོས་སྐུའི་རྣམ་འགྱུར་ཡིན་པ་དང་། ཕྱག་ན་རྡོ་རྗེ་ཡང་སངས་རྒྱས་ཤཀྱཱ་ཐུབ་པའི་སྲས་ཀྱི་གཙོ་བོ་ཞིག་ཡིན་པ་ནང་པའི་གཞུང་དག་ན་གསལ་ཡོད་པ་རེད།
ལུང་རྟོགས་ལགས། །
སྟོན་པ་གཤེན་རབ་དང་ཤཀྱཱ་ཐུབ་པ་གཉིས་དགེ་རྒན་དགེ་ཕྲུག་གི་གླེང་གཞི་བཟོ་མཁན་དེ་སྐུ་ཉིད་རེད། ངས་ནི་དེ་འདྲ་ཞིག་གླེང་མེད་དོ། སྟོན་པ་གཤེན་རབ་དང་ཤཀྱཱ་ཐུབ་པ་གཉིས་ཕེབས་སྔ་ཕྱིའི་ལོ་ཚིགས་ཀྱི་ཆ་ནས་བྱས་ཀྱང་ཁྱད་པར་ཆེན་པོ་ཡོད་པ་རེད། སྐུ་དངོས་སུ་དགེ་རྒན་དགེ་ཕྲུག་ག་འདྲ་བྱེད་དགོས་པ་རེད་དམ། སུས་འདི་འདྲ་ཤོད་ཀྱི་འདུག་གམ། ངས་བསམ་པར་ཁྱེད་རང་གི་རྣམ་རྟོག་ཅིག་ཡིན་ས་རེད་དྲན་སོང། དེ་ཡིན་དུས་སངས་རྒྱས་ཀྱི་དགོངས་པའི་ཀློང་ནས་དགེ་རྒན་དགེ་ཕྲུག་གི་ཚུལ་བསྟན་མི་ཆོག་པ་ཨ་ཡོད་ན་དྲན་ནས་བཤད་པ་ཡིན། །
བཀུར་འོས་Bonpoལགས། དད་མོས་ལྟ་གྲུབ་ཞིག་གི་ལོ་རྒྱུས་འཆད་པ་དང་རིག་གནས་ཤིག་ལ་དགག་བཞག་བྱེད་པ་དེ་དང་མི་རིགས་མཐུན་སྒྲིལ་བར་ལ་འབྲེལ་བ་ཅང་ཡོད་རྒྱུ་མ་རེད། བདེན་པ་དང་ཁུངས་གང་ན་ཡོད་པ་དེ་བླངས་བ་དང་མེད་པ་དེ་འདོར་ནས་འགྲོ་རྒྱུ་རེད། ངས་མི་སྤངས་ཟེར་ནས་ཨུ་ཚུགས་བྱས་ན་རང་སྐྱོན་རེད། ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པས་ཡག་པོ་ཡིནཔའི་ཁུངས་སྐྱེལ་ཡོང་གི་མ་རེད། རྗེ་ཙོང་ཁ་པ་དང་། རྗེ་མི་ལ་རས་པ། ཉང་ཉི་མ་འོད་ཟེར། ཡར་རྗེ་ཨོ་རྒྱན་གླིང་པ། རྣལ་འབྱོར་པ་རུས་པའི་རྒྱན་ཅན། གཏེར་སྟོན་སྟག་ཤམ་པ་སོགས་ཆོས་རྒྱུད་རིས་སུ་མ་ཆད་པའི་མཁས་དང་། གྲུབ་པ། བཙུན་པ། དུས་ཚོད་ཀྱང་དུས་རབས་བཅུ་པ་ཙམ་ནས་ད་ལྟ་ལ་མ་ཐུག་གི་བར་དུ་བྱུང་བ་རིམ་པ་བཞིན་དུ་ཁ་གཅིག་གྲག་གིས་འདི་ཚོ་གསུངས་ཡོད་པ་ཞིག་རེད། བཤད་མཁན་དེ་ཚོ་ཡང་ཁྱེད་ཚོས་ལོག་ལྟ་སྐུར་འདེབས་བྱེད་བཞིན་པ་ལྟ་བུའི་མི་ངན་དང་། ཕྱོགས་རིས་པ། ཕྲག་ཏོག་ཅན། ལྟ་ལོག་པ་དེ་འདྲ་མ་ཡིན་པར། འཁོར་བའི་བྱ་བ་བློས་ཐོངས་པ། ཐོས་པ་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པ། སྒོམ་པའི་ཉམས་མྱོང་རྡོལ་པ། གྲུབ་པའི་ལག་རྗེས་ཞོག་ཡོད་པ་དེ་འདྲ་བ་ཤ་སྟག་རེད། ངས་ནི་ལོ་རྒྱུས་ཀྱི་ཁུངས་དང་རིགས་པའི་རྒྱུ་མཚན་དྲངས་ནས་བདེན་པ་ཞིག་བཤད་པར་འབད་བརྩོན་བྱེད་བཞིན་ཡོད་མ་གཏོགས་ཕྱོགས་རིས་དང་རྒྱལ་ཕམ་ཟེར་བ་ཞིག་སེམས་ལ་བཞག་ནས་གླེང་གིན་མེད།
སྤོབས་མཐའི་རིགས་པ་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་བཞིན་འདུག གྲུབ་མཐའ་རང་རང་ལ་རང་རང་གི་མཁས་པ་བརྒྱ་ཕྲག་སྟོང་ཕྲག་ཡོད་པ་རེད། དེས་ན་ཁྱེད་རང་ལྟར་ན་དགེ་ལུགས་པ་འཁོར་བ་རྒྱབ་ཏུ་བསྐྱུར་མཁན་མང་པོས་་རྙིང་ལྟར་དགག་པ་བརྒྱབ་ཡོད། རྙིང་མའི་མཁས་པ་འཁོར་བ་རྒྱབ་དུ་བོར་བའི་མཁས་པ་མང་པོས་དགེ་ལྟར་དགག་པ་རྒྱབ་ཡོད་ད་བྱེད་དུས་གཉིས་ཀའི་ལྟ་བ་སྐྱོན་ཅན་ཡིན་ནམ། དཔེར་ན་དགེ་ལུགས་པའི་མཁས་པ་ང་ཡིན་ཟེར་མཁན་ས་བསྒྲགས་གནམ་བསྒྲགས་ཡིན་པ་ལྡན་མ་སྟོང་དཔོན་བཞིན་དང། དེ་བཞིན་དགེ་ལྟར་དགག་པ་རྒྱབ་མཁན་ཀློང་ཆེན་པ་བཞིན་ནོ། ད་སུ་བདེན་པར་ངོས་འཛིན་ནམ། ཡང་ན་གཉིས་ཀ་རྫུན་པ་ཡིན་ནམ།
སྤོབས་པ་མཐའ་ཡས་ལགས།
ཁྱེད་ཀྱིས་གི་རང་གི་འདོད་མོས་ཡོད་ས་དེ་ཚོ་་ཕྱོགས་བསྒྲིག་བྱས་ནས་འདིར་དྲངས་འདུག་བ། དེ་འདྲ་ཡིན་ན་ང་ལ་ཡང་རང་གི་འདོད་མོས་ཡོད་ས་མང་པོ་འདྲེན་རྒྱུ་ཡོད་ད། ཚིག་ན་ཟིན་སྤུ་ཟིན་དེ་འདྲ་དྲངས་རེས་བྱས་ན་ང་ལ་ཡང་འདྲེན་རྒྱུ་མང་པོ་ཡོད། ། དེ་རིང་བྲེལ་བས་འདི་ཙམ་ཡིན། རྗེས་སུ་གླེང་ཆོག །
ཁྱུང་སེ་ལགས་ཐུགས་བདེན། དགེ་ལུགས་པས་རྙིང་མ་ལ་དགག་པ་བརྒྱབ་པ་རྙིང་མ་བས་དགེ་ལུགས་ལ་དགག་པ་བརྒྱབ་ཡོད་སྲིད། དགེ་ལུགས་པའི་མཁས་པ་ལ་ལས་དགེ་ལུགས་པའི་མཁས་པ་གཞན་གྱི་འདོད་ཚུལ་ལ་དགག་པ་བརྒྱབ་ཡོད་པ། དཔེར་ན། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་སྒིས་སྟེང་བློ་བཟང་དཔལ་ལྡ་གཉིས་ཀྱིས་ལྟ་གྲུབ་སྐོར་ལ་ཕན་ཚུན་བསྐལ་བའི་མེ་དཔུང་དང་། ཆུ་ཡི་འཕྲུལ་འཁོར་སོགས་བརྩམས་ནས་དགག་བཞད་བྱས་ཡོད། རྙིང་མའི་མཁས་པ་འགས་རྙིང་མའི་མཁས་པ་གཞན་གྱི་ལྟ་ཚུལ་ལ་དགག་པ་བརྒྱབ་ཡོད་པ། དཔེར་ན། འཇུ་མི་ཕམ་པས་རྡོ་གྲུབ་མཁན་པོ་དམ་ཆོས་ཀྱི་དབུ་མའི་བཤད་སྟངས་ལ་དགག་པ་བརྒྱབ་པ་ལྟ་བུ་རེད། དེ་ནི་རིག་གཞུང་ཤིག་དག་ཐེར་གྱི་དགོས་དམིགས་ཡོད་པས་བཟང་བ་ལས་ངན་པ་ཞིག་མིན། དེ་ནི་ཆོས་བརྒྱུད་དེའི་ལྟ་སྤྱོད་སྒོམ་གསུམ་གྱི་ཆ་རེ་རེ་ཙམ་ལ་ཡིན་པ་ལས་མཐའ་གཅིག་ཏུ་ལྟ་གྲུབ་དེ་ནོར་བར་འདོད་ཀྱིན་མེད། རྗེ་ལམ་རིམ་ཆེན་མོའི་ནང་ན་བོན་ལ་སྐྱབས་སུ་འགྲོ་མི་རུང་ཞེས་རྒྱུ་མཚན་དང་བཅས་པ་གསུངས་ཡོད་པ་མ་གཏོགས་རྙིང་མ་ལ་སྐྱབས་སུ་འགྲོ་མི་རུང་ཚུལ་ཞིག་བཤད་མེད་པ་ལས་ལྡོག་སྟེ་པདྨ་མ་སམ་བྷ་ཝ་དང་མཁན་པོ་ཞི་བ་འཚོ་ནི་བོད་དུ་བསྟན་པའི་སྲོལ་བཙུགས་མཁན་ཡིན་ཚུལ་གྱི་ཆེ་བསྟོད་བྱས་འདུག རྗེ་ལམ་རིམ་ཆེན་མོའི་ནང་ན་རྙིང་མ་ལ་སྐྱབས་སུ་སོ་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་ཡིན་ཞེས་བྲིས་ཡོད་ན་སྟོན་རོགས། རྗེ་མི་ལ་རས་པའི་མགུར་འབུམ་ནང་དུ་བོད་པོས་དམར་མཆོད་བྱེད་ཀྱིན་ཡོད་པ་ཁོང་རང་གིས་མིག་གིས་མཐོང་ཚུལ་གསུངས་འདུག་མ་གཏོགས་རྙིང་མ་དང་དགེ་ལུགས་སོགས་ཀྱིས་དམར་མཆོད་གཏོང་ཚུལ་བྲིས་མི་འདུག ང་ཚོས་བགྲོ་གླེང་ཞིབ་ཏུ་བྱེད།
དགོངས་དག གོང་གི་མཆན་དེའི་ནང་དུ་ཡི་གེ་ཆད་ལྷག་མང་པོ་བྱུང་འདུག གོ་བ་མི་ལོན་ས་ཡོད་ན་གསུངས་རོགས་དང་བསྐྱར་གཏོང་བྱེད་ཆོག
སྤོབས་མཐའ་ལགས་མཁས་པ་དེ་དག་གིས་གཞན་གྱི་ལྟ་གྲུབ་ལ་དགག་པ་བྱེད་དུས་ལྟ་བ་དེ་ནོར་བ་དང་འཁྲུལ་པ་ཡིན་པར་ངོས་འཛིན་བྱས་པ་མིན་ནམ། ལྟ་བ་དེ་ཉིད་རྟག་ཆད་ཀྱི་མཐའ་ལ་ལྷུང་ཚུལ་དང་ལྟ་བ་དེ་ཉིད་སྐྱོན་ཅན་དུ་ངོས་འཛིན་བྱས་པ་མིན་ནམ། དེས་ན་ལྟ་བ་སྐྱོན་ཅན་ཞིག་སྒོམ་པ་ལས་འབྲས་བུ་སྐྱོན་ཅན་ཞིག་འབྱུང་ཚུལ་བཤད་པ་མིན་ནམ། ཡང་ཁྱེད་རང་ལ་བཤད་རྒྱུར། རྗེ་བློ་གྲགས་ཀྱིས་བོན་ལ་སྐྱབས་སུ་མི་འགྲོ་བའམ་ཡང་ན་སྐྱབས་འགྲོ་རྒྱུད་ལ་ཡོད་ན་བོན་ལས་སོགས་བསྟེན་པར་མི་བྱེད་ཚུལ་གསུངས་པར་བདེན། དེ་ནི་ཁོང་རང་ཉིད་ཀྱིས་ལྟ་ཚུལ་རེད་དེ་བདེན་པ་དང་འཁྲུལ་པ་མིན་པར་སུས་ཀྱང་ཁ་ཚོན་གཅོད་མི་ནུས། དེ་ལྟར་རྗེ་བློ་གྲགས་ཀྱིས་གསུང་པ་ཐམས་ཅད་ཁྱོད་ཀྱིས་བདེན་པར་ཁས་ལེན་ནུས་ན། དེ་ལྟར་ན་རྙིང་ཆོས་ཀྱི་རྫོགས་ཆེན་གྱི་ལྟ་གྲུབ་ལ་ཁོང་གིས་བཀག་མེད་དམ། རྗེ་ཡི་བསམ་གཟུགས་ནང་དུ། རྫོགས་ཆེན་གྱི་ལྟ་བ་དེ་ཉིད་ཉམས་སུ་བླང་ན་ལེགས་ན་གཟུགས་མེད་ཀྱི་གནས་སུ་སྐྱེ་བྱེད་ཅིག་དང་ཉེས་ན་བྱོལ་སོང་གི་གནས་སུ་སྐྱེ་བར་གསུང་མེད་དམ། དེ་ལྟར་ཁས་ལེན་ནུས་སམ། དེར་ཀློང་ཆེན་པས་་་དེ་དུས་སེམས་ཅན་བློ་དམན་པའི་དབང་གིས་དེ་ལྟར་རྟོགས་མ་ནུས་པར་པས་དོན་དུ་དེ་ལྟར་གནས་སོ་ཞེས་མ་གསུངས་ས
། ཡག་པོ་བྱེད་དེ་གཟིགས་རོགས་་་དེ་བཞིན་ས་དགེའི་དབར་ལ་དགག་པ ་ཁུག་ཆེན་༡༡༨ བྱས་ཚུལ་ཀྱང་ཡོད་འདུག་པས་དང་པོ་བོད་རྒྱུད་ནང་བསྟན་ནང་ཁུལ་གྱི་ལྟ་གྲུབ་རྣམས་གཙང་སེལ་བྱེད་ན་ལེགས་་་་
དཔྱོད་ལྡན་ཁྱུང་སེ་ལགས། རྗེ་ཙོང་ཁ་པས་རྙང་མ་ལ་སྐྱབས་སུ་སོང་ན་སྐྱབས་འགྲོའི་བསླབ་བྱ་འགལ་བ་ཡིན་གསུངས་པའི་ཚིག་ཡོད་པ་ཐད་ཀར་དྲངས་རོགས། བོན་ལ་སྐྱབས་སུ་སོང་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་ཚུལ་གསུངས་ཡོད་པ་དེ་ཁྱོད་ཚོའི་རེ་བ་བཞིན་དུ་ངས་ཚིག་ཅི་མ་ཅི་བཞིན་དྲངས་ཡོད། མཁས་པའི་བགྲོ་གླེང་བྱེད་སྐབས་དཔང་རྟགས་ཐད་ཀར་བསྟན་ཐུབ་དགོས་པ་རེད། ཟུར་ཟ་ཙམ་དང་དཀྱོག་བཤད་ཀྱིས་ག་ས་གང་ལ་ཡང་སླེབས་གི་མ་རེད། བོན་པོས་དམར་མཆོད་བྱས་ཚུལ་རྗེ་མི་ལས་དངོས་སུ་མཐོང་ཚུལ་བྲིས་ཡོད་པ་རེད། དེ་ངས་དཀྱོག་བཤད་བྱས་པ་ཞིག་ཅི་ཡང་མ་རེད།
རྗེ་རིན་ཙོང་ཁ་པས་བཤད་པ་ལ་ཡིད་ཆེས་བྱེད་དང་མི་བཤད་ཟེར་བ་དེ་རྗེ་ཙོང་ཁ་པས་སྐྱབས་འགྲོའི་བསླབ་བྱ་ཤེས་དང་མི་ཤེས་ཟེར་བ་དེ་ལ་ཐུག་ཡོད་པ་རེད། རྗེ་རིན་པོ་ཆེ་ཟེར་བ་དེ་ནང་བསྟན་གཞུང་ལུགས་ལ་མཁས་པའི་སྐད་གྲགས་ཡོད་པ་ཞིག་རེད། མཁས་པའི་ལག་རྗེས་ལ་གཞུང་ཆེན་པོ་ཏི་བཅོ་བརྒྱད་བཞག་ཡོད་མཁན་ཞིག་རེད། ཁུངས་གཏུག་ས་ཞིག་རེད། རང་འདོད་ཕྱོགས་ལྷུང་མེད་པའི་སྐད་གྲགས་ཡོད་ས་ཞིག་རེད། ཉེ་རིང་ཆགས་སྡང་ལ་མི་མཉེས་པས་རྒྱ་ནག་མིང་གོང་མའི་དབུ་བླར་གདན་ཞུ་ལ་ཡང་དང་ལེན་མི་བྱེད་མཁན་ཞིག་རེད། སྐྱབས་འགྲོའི་སྐོར་ནས་བཤད་ན་འདིས་བཤད་པ་དེ་ལས་དྲག་པའི་ཡིད་ཆེས་ཐུབ་པ་ཞིག་ཁག་པོ་རེད། འདི་ནི་དེང་རབས་ཀྱི་ཞིབ་འཇུག་བྱེད་སྟངས་ཀྱིས་བལྟས་ན་ཡང་ཁུངས་དྲངས་ཆོག་ཆོག་ཅིག་རེད།
བོན་པོ་ལགས། དེ་ང་ཅུང་ཟད་ནོར་འདུག ཤཀྱཱ་ཐུབ་པའི་སྐུ་སྐྱེ་སྔ་མ་ལྷའི་བུ་དམ་པ་ཏོག་དཀར་སྟོན་པ་གཤེན་རབ་མི་བོའི་སློབ་མ་ཡིན་པ་བོན་པོ་ཚོས་གསུང་གི་འདུག འོན་ཀྱང་དེ་ལ་སྒྲུབ་བྱེད་ཅི་འདྲ་ཞིག་ཡོད་མེད་མ་ཤེས།
བཤད་དགོས་ས་དེ་ནས་མི་བཤད་པར་མི་དགོས་རྒྱུ་བན་བོན་བར་གྱི་ང་བཟང་ཁྱོད་ངན་གྱི་སྐད་ཆ་བཤད།་་་ང་ཚོས་ཐེངས་ག་ཚོད་བཤད་ཚར་མེད་དམ།
ད་ཡིན་ན་རྩོད་དགོས་པའི་རྩ་དོན་མི་རྩོད་པར་ཆོས་ལུགས་ནང་འཁུལ་ང་བཟང་ཁྱོད་བཟང་གི་ཐེན་འཁྱེར་གི་སྐད་ཆ་ཀྱང་བཤད་ཁུང་ལུང་དྲ་འབུ་སུ་གཅིག་ལ་ཡང་བཤད་རྒྱུ་མེད་སྔོན་ཀྱི་ཡིག་ཉོག་འགའ་ཞིག་ལུང་དྲང་གཞན་གང་ཡང་མེད་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་དང་པཎ་གྲུབ་རྣམས་ཞུགས་ཡོད་ན་སྐད་ཆ་ཞིག་དྲི་ཆོག་ཀྱང་དེ་ཡང་མེད་ཧུ་ཧུ་ཧུ་ཀྱེ་མ་།།
ཨོ་ཡ།ད་རེས་ད་དངོས་གནས་སྤོབས་པ་མཐའ་ཡས་ཀྱིས་གཟུར་གནས་ཀྱི་གསུང་ཞིག་འབྱོན་སོང་།དེ་འདྲ་ཁུངས་ལུང་རྒྱུ་མཚན་བསྟན་ཏེ་བཤད་དགོས་པ་རེད།ལམ་རིམ་ནང་དེ་འདྲ་དངོས་གནས་གསུང་འདུག།ང་རང་གིས་ཀྱང་མཐོང་སོང་།གང་ལྟར།ཁྱུང་སེ་ལགས་ནས་༧རྗེ་ཙོང་ཁ་པས་རྫོགས་ཆེན་ལ་དགག་བཞག་དེ་འདྲ་བྱས་ཡོད་ཚེ་ངེས་པར་དུ་ཤོག་ངོས་དང་ཚིག་སྦྱོར་དང་བཅས་པ་བསྟན་དགོས་པ་རེད།རྗེ་ཙོང་ཁ་པ་ཆེན་པོ་རྙིང་ཆོས་ལ་དད་པ་ཧ་ཅང་ཆེན་པོ་རེད།དེ་ཁོང་གི་གསུང་མང་པོར་མཇལ་རྒྱུ་འདུག་པ་མ་ཟད།ཨོ་རྒྱན་སངས་རྒྱས་གཉིས་པའི་སྤྲུལ་པ་ཡིན་པར་ཡར་ལུང་མང་པོ་ཡོད་པ་རེད།ལྷག་པར་མཁས་གྲུབ་རིན་པོ་ཆེས་རྫོགས་ཆེན་དེ་རྫོགས་རིམ་གྱི་ལྟ་བ་ཧ་ཅང་ཁྱད་པར་བ་ཅིག་ཡིན་པས།ཆོས་ཟབ་མོ་དེ་འདྲར་སྐུར་བ་བཏབ་ན་ངན་སོང་དུ་སྐྱེ་བར་གསུངས་ཡོད་པས།
ཁྱུང་སེ་ལྟར་ན་༧རྗེ་ཙོང་ཁ་པ་ཡང་ངན་སོང་དུ་སྐྱེ་བ་མཁས་གྲུབ་ཀྱིས་གསུངས་མི་འདུག་གམ།ཁྱུང་སེ་ཟེར་བ་དེས་༧རྗེ་ཙོང་ཁ་པས་རྫོགས་ཆེན་ལ་དགག་པ་དེ་འདྲ་ཚབ་ཆེན་གནང་བར་ངེས་པར་དུ་ཁུངས་སྐྱེལ་བྱེད་དགོས་པ་རེད།
གསུང་རྩོམ་གྱི་ཁ་བྱང་དང་ཤོག་ངོས།པར་ཁང་བཅས་དགོས་པ་རེད་ད།
སྤོབས་པ་མཐའ་ཡས་ལགས་ཀྱི་མཆན་༤༤་པ་དེར། །
ལམ་རིམ་གྱི་ཚིག་ཕྲེང་སྤོབས་པས་བྲིས་པ་འདི་ལྟར་༼བྱ་བ་ཅི་འདྲ་ཞིག་བྱེད་པ་དང་དགོས་པ་ཅི་འདྲ་བ་ཞིག་མཐོང་ཡང་དཀོན་མཆོག་གསུམ་ལ་བརྟེན་པ་དང་། དེ་དག་དང་རྗེས་སུ་མཐུན་པའི་དཀོན་མཆོག་མཆོད་པ་སོགས་བྱ་ཡི། དེ་དག་དང་མི་མཐུན་པའི་བོན་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་བརྟེན་དུ་མི་རུང་བས་དུས་ཐམས་ཅད་དུ་དཀོན་མཆོག་ལ་བློ་ཁེལ་བར་བྱའོ།༽
ཙོང་ཁ་པའི་ལམ་རིམ་ཆེན་མོའི་ནང་དུ་འཁོད་པའི་བོན་ལ་སྐྱོན་པའི་ཚིག་དུམ་འདིའི་སྐོར་ལ་རང་གི་བསམ་ཚུལ་ཚིག་ཁ་ཤས་ཅིག་ཞུ་འདོད་པ་ཡིན། །
དང་པོ་ངས་ཙོང་ཁ་པའི་ལམ་རིམ་གྱི་བྱུང་རིམ་ལོ་རྒྱུས་རྩ་བ་ནས་མི་ཤེས། རྩོམ་ལུགས་ག་འདྲ་བྱས། ཞུ་དག་སུས་བྱས། དཔེ་བཀྲུན་སུས་བྱས། ལམ་རིམ་སྣ་ཁ་མི་འདྲ་བ་ག་ཚོད་ཡོད། ལམ་རིམ་གྱི་སྐོར་ལ་འདྲ་མི་འདྲ་བཤད་རྒྱུན་ཇི་ཡོད། འདི་ཚོའི་སྐོར་ལ་མཁྱེན་མཁན་ཡོད་ན་གསུངས་རོགས་གནོངས། །
གོང་གི་ལམ་ཚིག་ནང་་་དེ་དག་དང་མི་མཐུན་པའི་བོན་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་བརྟེན་དུ་མི་རུང་བས་དུས་ཐམས་ཅད་དུ་དཀོན་མཆོག་ལ་བློ་ཁེལ་བར་བྱའོ༽ ཟེར་ནས་བཤད་ཡོད་པ་རེད། ཁྱེད་ཚོ་དེ་འདྲ་བོན་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་བརྟེན་དུ་མི་རུང་བ་དང་བསྟེན་དུ་མི་རུང་སོགས་དངོས་གནས་ཡིན་ན། ༧གོང་ས་ལྔ་པ་ཆེན་པོས་ཁོང་རང་གི་རྩ་བའི་བླ་མ་པན་ཆེན་བློ་བཟང་ཆོས་རྒྱན་གྱི་སྐྱེས་སྤྲུལ་བོན་བྲུ་ཚང་གི་ཁྱིམ་ཚང་དུ་དམིགས་ཀྱིས་བཀར་ནས་འཁྲུངས་བར་ངོས་འཛིན་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ཁྱེད་ཅག་ལམ་རིམ་གྱི་རྗེས་འབྲངས་པ་ཚོས་བོན་ལ་སོགས་པ་ལ་བརྟེན་དང་བསྟེན་དུ་མི་རུང་བ་ཤེས་བཞིན་དུ། དགེ་ལུགས་པའི་བླ་ཆེན་ཡོད་ན་མེད་ན་ཞིག་བོན་གྱི་ཁྱིམ་ཚང་ལ་བརྟེན་ནས་ཡང་སྲིད་ངོས་འཛིན་ཅིའི་ཕྱིར་བྱས་པ་ཡིན་ནམ། ཁྱེད་ཚོ་བོན་དང་བོན་པོ་ལ་མི་བརྟེན་མཁན་དེ་རེད་བ། འདིར་རྩ་བའི་དམ་བཅའ་ཚ་བྱིས་ཟེར་དགོས་པ་རེད། དེ་མིན་ན་ཁྱེད་ཚོས་བོན་དང་བོན་པོ་ཚོར་ཉམས་ཚོད་བླངས་པ་ནི་མིན་འགྲོ། དགེ་ལུགས་པའི་བླ་ཆེན་ལམ་རིམ་གྱི་རྗེས་འབྲངས་བ་ཡོད་ན་མེད་ན་ཞིག་གི་སྤུལ་སྐུ་བོན་པོའི་ཁྱིམ་ཚང་ལ་བརྟེན་ནས་ངོས་འཛིན་བྱས་སྟངས་དེ་ཚོ་འདིར་བྲིས་འདུག་པས་ཡིད་མ་ཆེས་ན་གཟིགས་ཤིག ། །
http://www.khabdha.org/?p=20497#more-20497
འོམ་ཀྱང་ལམ་རིམ་གྱི་ཚིག་དེ་དག་ཙོང་ཁ་པས་དངོས་སུ་བྲིས་པ་ཞིག་ཡིན་ན་མིན་ན་བསམ་ནས་དོགས་པ་ཏོག་ཙམ་ཡོད། ཁྱེད་ཅག་བན་དེ་ཚང་གི་དཔེ་ཆ་དེ་དག་གི་ནང་དོན་ལ་སྣོན་ཕྲི་སྤོར་གཅོག་བྱེད་མཁན་གང་ཟག་ཟུར་པ་གང་མཚམས་ཅིག་བྱོན་ཡོད་པའི་བཟོ་ལྟ་འདུག་གོ། དེ་ཡང་ཡིད་མ་ཆེས་ན་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་ཞལ་ཚ་པོ་ནས་གསུངས་པ་སྐར་ཆ་48.17 འདི་ལ་ཡག་པོ་བྱས་ནས་གསན་རོགས་གནོངས། །
http://www.youtube.com/watch?v=qZjOeMkoGPE&list=PLnNfNhDsCrSIqZbmHrw8T2HmpGb3IT7Ny
ཁྲི་རལ་པ་ཅན་ལགས་ང་ད་ལྟ་སྡོད་སར་དཔེ་ཆའི་མཐུན་རྐྱེན་མེད་སར་ཞིག་ཏུ་ཡོད་པས་དཔེ་ཨང་བཅས་སྟོན་ལོང་མི་འདུག འོན་ཀྱང་རྗེ་ཡི་བསམ་གཟུགས་ནང་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་གཟུགས་མེད་དམ་ཡོད་མིན་མེད་མིན་སྐོར་ལ་བཤད་པའི་སྐབས་སུ་གཟིགས་པ་གནང་རོགས། གཞན་ཡང་རྙིང་མའི་ཆོས་འབྱུང་ནང་དུ་་རྗེ་ཙོང་ཁ་པར་ཅི་ཞིག་བཤད་ཡོད་མེད་ད་ཁྱེད་ཀྱི་ལོས་ཤེས། ངས་གསལ་བཤད་བྱེད་དགོས་པ་མི་འདུག
མཁྱེན་ལྡན་ཁྱུང་སེ་ལགས། རྙིང་མའི་ཆོས་འབྱུང་ཁ་ཤས་ངས་ཀྱང་མཇལ་མྱོང་། ཁ་ཤས་ད་ལྟ་ངའི་དཔེ་སྟེགས་སྟེང་ན་ཡང་ཡོད། རྙིང་མའི་ཆོས་འབྱུང་ནང་ན་བོན་པོས་མ་འགྲིགས་ཚུལ་བམང་པོ་བཤད་ཡོད་པ་མཐོང་སོང་མ་གཏོགས་རྗེ་རིན་པོ་ཆེ་ལ་དགག་པ་བརྒྱབ་པ་ཞིག་མཐོང་མ་མྱོང་། ཆོས་འབྱུང་གང་དུ་འདུག ཆོས་འབྱུང་གི་མིང་འདྲ་དྲན་ན་འདིར་འགོད་རོགས། རྗེ་ཡི་བསམ་གཟུགས་ཟེར་ན་ལམ་རིམ་ཆེན་མོའི་ནང་གི་བསམ་གཏན་དང་གཟུགས་མེད་བཤད་པ་ཟེར་བ་ཡིན་ནམ།་དེ་ཡིན་ལམ་རིམ་ཆེན་མོ་ངའི་སྔས་མགོར་ཡོད། ངས་ཞིབ་ལྟ་ཞིག་བྱེད་ཡོང།
སྤོབས་མཐའ་ལགས་རྗེ་ཡི་ལམ་རིམ་གྱི་ནང་ནས་ཏིང་ངེ་འཛིན་གྱི་སྐབས་ནས་མར་གཟིགས་གནང་རོགས། དེ་མིན་རྙིང་མའི་ལོ་རྒྱུས་ལས་རྗེ་རིན་པོར་ཆེར་བསམ་ཚུལ་མི་ལེགས་པར་བཤད་པ་དེ་ཚོ་འདི་ན་གླེང་འདོད་མི་འདུག ཆོས་ལུགས་ནང་ཁུལ་དབར་ལ་དམམ་སེལ་མི་འབྱུང་ངམ་སྙམས་ནས་མ་བྲིས།
དེ་མིན་རྙིང་ཆོས་ནང་དུ་བོན་ཆོས་མང་པོ་ཡོད་དཔེར་ན་རིན་ཆེན་གཏེར་མཛོད་བཞིན་རེད། བོན་པོར་དམའ་འབེབས་པའི་ཚིག་ཡོད་པ་རྣམས་ནི་རྙིང་མ་ཡོངས་རྫོགས་ཀྱི་བསམ་ཚུལ་ཡིན་པར་མཚོན་མི་ནུས།
རིག་གནས་བསྐྱར་གསོའི་བགྲོ་གླེང་འདི་རེད་པས། ཆོས་བརྒྱུད་དབར་གྱི་བགྲོ་གླེང་རེད་འདུག །ཁྲི་རལ་པ་ཅན་གྱི་རྩོམ་གོ་ཆོད་མི་འདུག །
ཁྱུང་སེ་ཡིས། རྗེ་ཡི་བསམ་གཟུགས་ནང་དུ། རྫོགས་ཆེན་གྱི་ལྟ་བ་དེ་ཉིད་ཉམས་སུ་བླང་ན་ལེགས་ན་གཟུགས་མེད་ཀྱི་གནས་སུ་སྐྱེ་བྱེད་ཅིག་དང་ཉེས་ན་བྱོལ་སོང་གི་གནས་སུ་སྐྱེ་བར་གསུང་འདུག་ཟེར། དེ་འདྲ་ཞིག་ཨེ་ཡོད་ན། རྗེ་ཡི་བསམ་གཟུགས་ཟེར་ན་གང་ན་ཡོད། རྗེའི་གསེར་ཕྲེང་ནང་དུ་བསམ་གཟུགས་སྐོར་བསྡུས་པ་ཞིག་ཡོད། ཡང་བསམ་གཟུགས་ཟིན་བྲིས་ཞེས་མཁས་གྲུབ་རྗེས་ཟིན་བྲིས་གནང་བ་ཞིག་ཡོད། ཡང་ན་ལམ་རིམ་ཆེན་མོའི་ནང་དུ་ཞི་གནས་སྐོར་ལ་གསུངས་པ་གསུམ་ལས་མ་འདས་པས་གང་ན་ཡོད། དེ་དག་གི་ནང་དུ་རྫོགས་ཆེན་གྱི་ལྟ་བའི་སྐོར་གང་ན་ཡང་མེད། རྟོག་བཟོའི་བཤད་པ་མ་བྱེད་ན་ལེགས།
རྫ་དཔལ་སྤྲུལ་རིན་པོ་ཆེས་“ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་སྟོད་བལ་བོ་ནས་སྨད་རྒྱ་ནག་གི་ཡུལ་ཁམས་ཡན་ཆད་སྤྲུལ་པའི་དམག་གིས་བཏུལ། ལྷ་སྲས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། འཛམ་བུའི་གླིང་གི་སུམ་ཆ་གཉིས་མངའ་འོག་ཏུ་བསྡུས། ཆོས་རྒྱལ་རལ་པ་ཅན་གྱི་སྐུ་རིང་ལ། རྒྱ་གར་ཆུ་བོ་གང་གཱའི་འགྲམ་དུ་ལྕགས་ཀྱི་རྡོ་རིང་བསླངས་ཏེ་རྒྱ་བོད་ཀྱི་ས་མཚམས་མཛད། རྒྱ་གར་ནག་དང་གེ་སར་སྟག་གཟིག་ལ་སོགས་པ། རྒྱལ་ཁབ་མང་པོ་མངའ་ཞབས་སུ་བསྡུས་ནས་”ཞེས་གསུངས་པ་རེད་ཟེར།
འོ་ན། ཆོས་རྒྱལ་རལ་པ་ཅན་གྱི་སྐུ་རིང་ལ། རྒྱ་གར་ཆུ་བོ་གང་གཱའི་འགྲམ་དུ་ལྕགས་ཀྱི་རྡོ་རིང་བསླངས་ཏེ་རྒྱ་བོད་ཀྱི་ས་མཚམས་མཛད་ཟེར་བའི་རྡོ་རིང་དེ་དེང་སང་གང་ན་ཡོད་དམ།
རྗེའི་ལམ་རིམ་ཆེན་མོའི་ནང་དུ་ལྟ་བའི་སྐོར་ལ་དགག་བཞག་ཤུགས་ཆེ་བ་དེ་ནི་དགག་བྱ་ངོས་འཛིན་ཁྱབ་ཆེ་དྲགས་སོང་བ་དང་ཆུང་དྲགས་སོང་བ་དེ་ཚོ་རེད། དེ་ཚོ་ནི་བོད་ཀྱི་དབུ་མ་སྨྲ་བ་ཁ་ཅིག་ཅེས་དབུ་མ་ཐལ་འགྱུར་བའི་དགག་བྱ་ངོས་འཛིན་སྟངས་ལས་འཕྲོས་པ་མ་གཏོགས་རྙིང་མ་དགག་མི་འདུག་ལ་རྫོགས་ཆེན་དགག་པ་ཞིག་དེ་ལས་ཀྱང་མི་འདུག བོན་ལ་སྐྱབས་སུ་འགྲོ་མི་རུང་ཚུལ་བཤད་པ་དེའི་གོང་དུ་རྙིང་མ་བཀའ་དྲིན་ཆེ་ཚུལ་དངོས་སུ་གསུངས་ཡོད། དེ་ཡང་དཔལ་ལྡན་ཞི་བ་འཚོ་དང་པདྨ་སམ་བྷ་ཝས་བསྟན་པའི་སྲོལ་བཙུགས། དེའི་རྗེས་སུ་རྒྱ་ནག་པོའི་ཧ་ཤང་གིས་བསྟན་པ་རྙོགས་མ་ཅན་དུ་བསྒྱུར་བ་ལ་ཀ་མ་ལ་ཤི་ལས་དག་ཐེར་བྱས་པས་བཀའ་དྲིན་ཤིན་ཏུ་ཆེ་ཞེས་དངོས་སུ་གསུངས་ཡོད།
བཙན་བྱོལ་བ་ལགས།རྫ་དཔལ་སྤྲུལ་གྱི་ཀུན་བཟང་བླ་མའི་ཞལ་ལུང་ནང་དེ་ལྟར་གསུངས་འདུག་པས།དགོས་མཁོ་ཡོད་ན་ཤོག་ངོས་དང་ཚང་མ་མཁོ་སྤྲོད་བྱས་ཆོག།འོན་ཀྱང་།ལྕགས་ཀྱི་རྡོ་རིང་བསླངས་སའི་ས་ཆ་དེ་གང་དུ་ཡོད་ཧ་གོ་གི་མེད།དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་སོགས་ཀྱི་ནང་གཱངྒའི་འགྲམ་གྱི་རྡོ་རིང་དེ་ཨིན་གཞུང་གིས་འཁྱེར་ཐབས་བྱས་ཏེ་ཐ་མ་ལྕགས་བཞུས་ནས་ཕྱེད་ཀ་མ་གཏོགས་མེད་པ་སོགས་བྲིས་འདུག
སྤོབས་པ་མཐའ་ཡས་ལགས། །
མཁས་པའི་གསུངས་ལུང་འདྲེན་བྱེད་དུས། མཁས་པ་དེ་ཉིད་ཀྱིས་ཇི་ལྟར་གསུངས་པ་ལྟར་གྱི། ཚིག་གི་འབྲུ་མ་གཅིག་ཀྱང་ཆད་ལྷག་ཏུ་མ་སོང་བར་ལུང་འདྲེན་གནང་དགོས་པ་རེད། དེ་འདྲའི་ཐོག་ནས་གོ་བ་ཞིག་ལེན་ཐུབ་ན་སྐྱེས་བུ་རབ་ཡིན་པ་རེད། གཞན་རང་བཟོ་དང་རྟོག་བཟོའི་འདོད་དབང་དུ་གྱུར་ནས་མི་ཤོད་དགུ་ཤོད་བྱས་ན་དཀྲུགས་ཤིང་དུ་མི་འགྱུར་བའི་ངེས་པ་མེད་དོ། དཔེར་ན་ཁྱེད་རང་གིས་༼བོན་ལ་སྐྱབས་སུ་འགྲོ་མི་རུང་ཚུལ་བཤད་པ༽ ཟེར་ནས་ཞིག་གླེང་བཞིན་འགྲོ་གི་འདུག་བ། ཚིག་ཟིན་དུ་དངོས་སུ་གསལ་པ་དེ་ནི་་་བོན་སོགས་བརྟེན་དུ་རུང་དང་མི་རུང་་་ཟེར་ནས་བཤད་པ་རེད་མ་གཏོགས། བོན་ལ་སྐྱབས་སུ་འགྲོ་རུང་དང་མི་རུང་ཟེར་བ་ཞིག་ཚིག་ཟིན་དུ་དངོས་སུ་གསལ་ཡོད་མ་རེད། དེ་འདྲ་ཡིན་དུས་ཡང་ཁྱེད་རང་གིས་དགོངས་དོན་བཀྲལ་བ་ཡིན་ཟེར་ན་མ་གཏོགས་ཚིག་ཟིན་ཇི་བཞིན་མི་གླེང་དོན་ཅིའི་ཕྱིར་ཡིན་ནམ། །
ཀུན་བཟང་བླ་མའི་ཞལ་ལུང་ནང་ལ་ཡོད་ཤས་ཆེ། ངའི་དྲི་བ་ངོ་མ་ནི་རྡོ་རིང་དེ་ད་ཆ་གང་ན་ཡོད་དམ་ཟེར་བ་འདི་རེད།
ངའི་གོ་ཐོས་ལ་ཆོས་རྒྱལ་ཚོའི་སྐབས་ལ་རྡོ་རིང་གསུམ་བཙུགས་པ་རེད་ཟེར་གོ་བ་ལས། ཆུ་མོ་གངྒ་རྩར་བཙུགས་པ་རེད་ཟེར་གོ་མ་མྱོང་། བྱས་ཙང་དྲིས་པ་ཡིན།
Bonpoལགས། ངས་རྗེ་རིན་པོ་ཆེས་ལམ་རིམ་གྱི་སྐྱབས་འགྲོ་བཤད་པའི་སྐབས་སུ་བོན་ལ་བརྟེན་མི་རུང་གསུངས་པ་དེའི་དགོངས་པ་བཀྲལ་མ་ཤེས་པ་ཡིན་ན་བོན་ལ་བརྟེན་མི་རུང་ཞེས་པའི་དགོངས་པ་དེ་ཁྱེད་ཀྱིས་བཀྲལ་རོགས་དང་།
སྤོབས་པ་མཐའ་ཡས་ལགས།
དགོངས་དོན་འགྲེལ་མཁན་དེ་ཁྱེད་རང་རེད། ཚིག་ཟིན་དུ་བརྟེན་དང་མི་བརྟེན་ཟེར་ནས་བཤད་ས་ལ། ཁྱེད་ཀྱིས་སྐྱབས་སུ་འགྲོ་རུང་དང་དང་མི་རུང་ཟེར་ནས་བཤད་པ་རེད། ངས་ནི་བོན་ཞེས་པའི་ཚིག་དེའི་གཡས་དང་གཡོན་ལ་ཚིག་རྙོག་ག་རེ་བཞག་འདུག་བལྟ་གི་ཡོད་མ་གཏོགས། གླེང་གཞི་དང་བརྗོད་གཞི་ཡོངས་རྫོགས་ག་རེ་ཡིན་མིན་བལྟ་འདོད་རྩ་བ་ནས་མེད་དོ། །
བན་དེའི་མངའ་བདག་ཚོས་གསུངས་པར་གྲགས་པའི་གསུངས་འབུམ་དེ་ཚོའི་ནང་དུ་བོན་ལ་དམའ་འབེབས་དང་མཐོང་ཆུང་འབུར་འཇོམས་དང་ཟུར་བཟའ་སོགས་མང་པོ་བྱས་ཡོད་པ་རེད། མཐའ་ན་བོན་བསྟན་བསྣུབ་དགོས་རབས་དང་རྩ་མེད་བཟོ་དགོས་རབས་བཅས་པ་བརྒྱུད་བསྐུལ་བྱས་ཡོད་པ་རེད། སྐད་ཆ་དེ་ཚོ་ཚང་མ་བན་དེའི་མངའ་བདག་ཚོའི་ཐུགས་ཀྱི་དཔལ་དབྱེ་ལ་དགོངས། མགུལ་གྱི་བུམ་པ་ནས་དྲངས། ལྗགས་ཀྱི་པད་མོ་ལ་བཀྲམ། དུང་གི་ཚེམས་བར་ནས་བཏོན་བཞག་པ་ཞིག་ཡིན་མིན་མི་ཤེས་ཏེ། གང་ལྟར་ཁོང་ཚོའི་གསུངས་འབུམ་ཡིན་པར་གྲགས་པ་དེ་ཚོའི་ནང་དུ་བཀོད་བསྒྲིགས་ལེགས་པར་བྱས་ཡོད་པ་རེད། །
ལས་སྟངས་འདི་རིགས་ལ་བསམ་བློ་ངེས་པར་དུ་གཏོང་དགོས་པ་འདུག ཁོ་ཚོའི་བོན་བསྟན་འདི་ལ་ཡིད་མ་རངས་བའི་གཏམ་སྣ་ཚོགས་པ་མངོན་ཤུགས་བརྒྱུད་གསུམ་ནས་ཤོད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ནི། བོན་བསྟན་འདི་ངོ་བོའི་ཆ་ནས་གདུག་པོ་ཞིག་ཡིན་པའི་རྒྱུ་མཚན་གྱིས་རྩ་བ་ཉིད་ནས་མ་རེད། དེ་ངས་ཚིག་ཐག་ཆོད་པོ་བྱས་ནས་ཤོད་ཐུབ། དེ་ནི་བོན་བསྟན་འདི་ལ་ཐུན་མོངས་མ་ཡིན་པའི་གཟི་བརྗིད་དང་ནུས་པ་ཁྱད་པར་བ་ཞིག་ཡོད་པའི་རྒྱུ་མཚན་གྱིས་ཡིན་པ་རེད། དེ་འདྲ་ཡིན་དུས་བློ་མི་བདེ་ས་ལ་གླེང་སློང་མང་ཟེར་བ་བཞིན། དུས་དང་རྣམ་པ་ཀུན་ཏུ་ཁོ་ཚོའི་བློ་ངོར་རྩ་བ་ནས་ཤོངས་ཐུབ་ཀྱི་མེད་པ་རེད། ག་དུས་ཡིན་ནའང་བོན་ལ་སྐྱོན་བརྗོད་ཅིག་མ་བྱས་རང་བྱས་རང་བཞིན་གྱིས་ཆགས་འགྲོ་གི་ཡོད་པ་རེད། དུས་རབས་ཉེར་གཅིག་ཟིན་ནའང་ད་དུང་ཁོ་ཚོས་སྐྱོན་བརྗོད་བྱ་རྒྱུ་མཚམས་འཇོག་བྱས་མེད། བསམ་ཤེས་ན་འདི་ནི་བོན་ལ་འགྱུར་བ་མེད་པའི་བདེན་པའི་གཟི་བརྗིད་ཡང་དག་པ་ཞིག་ཡོད་པའི་རྒྱུ་མཚན་གྱིས་ཡིན་པ་རེད། མདོར་བསྡུས་ན་ཁོ་ཚོའི་མིག་གི་ཚེར་མ་རུ་གྱུར་བ་འདི་ནི་གནད་དོན་ཆུང་ཆུང་ཞིག་ཡིན་པའི་རྒྱུ་མཚན་གྱིས་ག་ལ་ཡིན། དེ་ནི་བོན་འདི་ལ་བོད་གངས་ཅན་ཞིང་གི་སྲིད་པ་ཆགས་པ་ནས་བཟུང་བའི་ཐུན་མོངས་མ་ཡིན་པའི་ལོ་རྒྱུས་རང་སྐྱ་ཐུབ་པ་ཞིག་ཡོད་པའི་རྒྱུ་མཚན་གྱིས་ཡིན་པ་རེད། དེ་ཁོ་ཚོའི་མིག་ནང་དུ་ཤོངས་ཀྱི་ཡོད་མ་རེད་ལ། སེམས་ནང་དུའང་བབ་ཀྱི་ཡོད་མ་རེད། ཉིན་མཚན་ཀུན་དུ་བློ་མི་བདེ་བར་བཟོ་གི་ཡོད་པ་རེད། །
གྲོགས་པོ་ཚོ་བློ་བདེ་པོ་བྱས་ནས་བཞུགས་ཤིག བདེན་པ་ཟེར་བ་ཞིག་འཛམ་གླིང་འདིར་ཡོད་པ་ཡིན་ན། དེ་ང་ཚོ་ལ་ཡོདཔ་ཡིན། །
ཨུ་ཚུགས་ནི་ཨུ་ཚུགས་རང་རེད། རང་ཉིད་མ་ངལ་ན་ཇི་སྲིད་བར་དུ་བྱེད་ནུས་པ་རེད།