བཅར་འདྲི་བྱེད་མཁན། ཉི་མ་འཚོ
དྲི་བ། ཐོག་མར་ཁྱེད་ཀྱིས་རང་ཉིད་ངོ་སྤྲོད་ཅིག་གནང་རོགས།
ལན། ངའི་མིང་ལ་སུའུ་ནེ་ཏ་ཟེར་གྱི་ཡོད། ཕྱིས་སུ་དགེ་བཤེས་སྟོབས་རྒྱལ་ལགས་ཀྱིས་བློ་བཟང་སྒྲོལ་དཀར་ཟེར་བའི་བོད་མིང་ཞིག་གནང་བྱུང༌། དེ་ནས་བཟུང་བོད་པ་ཚང་མས་ང་ལ་སྒྲོལ་དཀར་ཟེར་གྱི་ཡོད། ང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་ནས་སྐྱེས་ཤིང༌། ཆུང་དུས་འཛིན་རིམ་ལྔ་པ་བར་སློབ་གྲྭར་འགྲོ་མྱོང༌། དེའི་རྗེས་སུ་པ་ལགས་གྲོངས་ཏེ་སློབ་གྲྭར་འགྲོ་སྐལ་མ་ལྡན་པ་མ་ཟད། ཁང་བ་དང་ས་ཞིང་ཚང་མ་ཤོར་ཏེ་ཨ་མ་དང་ནུ་མོ། ནུ་བོ་ང་ཚོ་བཞི་ཆགས་ས་བརྟེན་ས་མེད་པར་གྱུར་སོང༌། ངས་ཨ་མ་ལ་རོགས་པ་བྱས་ཏེ་ནུ་བོ་ནུ་མོ་གཉིས་ལ་བདག་སྐྱོང་བྱས་པ་ཡིན་མོད། ང་རང་ལོ་ན་ཆུང་བ་དང་ང་ཚོའི་འཚོ་བ་སྐྱོ་བས་ཡུན་རིང་མ་འགོར་བར་ནུ་བོ་ནུ་མོ་གཉིས་ཀྱང་གྲོངས་སོང༌། ཨ་མས་སྐྱོ་སྡུག་འདི་མ་ཐེག་པར་སེམས་པ་བདེ་བོ་མེད་པར་ཆགས་ནས་ང་ལའང་ལྟ་རྟོགས་བྱེད་མཁན་མེད་པར་གྱུར་སོང༌། སྐབས་དེར་ང་མི་ཚང་གཞན་གྱི་གཡོག་མོར་རྒྱུགས་ནས་གྲོད་ཁོག་རྒྱག་ཐབས་བྱས་པ་ཡིན། དེ་ནས་ཡུན་རིང་མ་འགོར་བར་སྲུ་མོས་གྷོ་བ་ལ་ཁྲིད་དེ་མོའི་ཕྲུ་གུ་ལ་བདག་སྐྱོང་དང་ཁྱིམ་ལས་ཙག་ཙིག་ལས་ཏེ་གྲོད་ཁོག་རྒྱགས་ཐབས་བྱས་པ་ཡིན། ཕྱིས་སུ་ལམ་འགྲམ་གྱི་ཆུ་སྦུག་བརྐོ་ས་ཞིག་ནས་ལས་ཀ་གཉེར་ཏེ་ཟླ་རེར་ཧིན་སྒོར་༢༠རེ་བླངས་མྱོང་བ་ནི་མི་ཚེ་འདིའི་ཡོང་སྒོ་ཐོག་མ་ཡིན། དེའི་རྗེས་སུ་ཡང་བསྐྱར་མི་ཚང་གཞན་གྱི་གཡོག་མོར་རྒྱུགས་པ་ཡིན་མོད། སྦྱིན་བདག་བཟང་ངན་གྱིས་གྲོད་ཁོག་ལྟོགས་པ་དང་ལས་ཀ་ལྗིད་དྲགས་པ་སོགས་ན་ཚོད་མ་ཟིན་པའི་བྱིས་པ་ཞིག་ལ་མཚོན་ན་དཀའ་ལས་ཚད་མེད་ཅིག་བྱུང་མྱོང་མོད། དཀོན་མཆོག་གིས་གཟིགས་པ་ལོས་ཡིན་ཡུན་རིང་མ་འགོར་བར་སྦྱིན་བདག་སེམས་བཟང་ཞིག་གི་ཁྱིམ་དུ་འཁེལ་བས་ཟླ་རེར་ཧིན་སྒོར་༤༠༠རེ་སྤྲད་བྱུང༌། དེ་ནས་ལོ་ཤས་རིང་ལས་ཀ་བྱས་ཏེ་ཧིན་སྒོར་ཁྲི་གཅིག་ལྷག་བསགས་རྗེས་ཕྱིར་མོན་གྷོ་ཊི་ལ་ཨ་མ་གཉོར་སྐྱོང་བྱེད་དུ་ཡོང་བ་ཡིན། དེ་ནས་རྒྱ་གར་གཞུང་ལ་སྙན་ཞུ་བརྒྱབས་པས་ཁང་པ་ཆུང་ཆུང་ཞིག་ཀྱང་རེག་སོང་བ་མ་ཟད། ཤར་རྩེ་གྲྭ་ཚང་གི་རུམ་གདན་བཟོ་གྲྭ་རུ་ལས་ཀ་ཞིག་ཀྱང་རེག་སོང་བས་སེམས་པ་ཧ་ཅང་སྐྱིད་པོ་བྱུང་སོང༌། སྐབས་དེར་ངའི་ཁྱོ་ག་དང་ངེད་གཉིས་ངོ་ཤེས་ཆགས་པ་དང༌། རིམ་བཞིན་མཛའ་བརྩེ་ཟབ་ཏུ་སོང་ནས་གཉེན་སྒྲིག་བྱས་པ་ཡིན།
ཕྱི་ལོ་༢༠༠༤ལོར་ངེད་གཉིས་རྡ་སར་ཡོང་ནས་ཟླ་དྲུག་ཙམ་ལ་ལས་མེད་ངང་བསྡད་པ་ཡིན་མོད། ཁྱོ་གའི་ཕ་ཡུལ་གཅིག་པ་དང་སྤུན་མཆེད་ཚོའི་རོགས་རམ་ལ་བརྟེན་ནས་དཀའ་ངལ་འཕྲད་མ་སོང༌། རྗེས་སུ་ཁྱོ་གའི་སྤུན་མཆེད་དཀོན་མཆོག་ལགས་ཀྱིས་རོགས་རམ་བྱས་ནས། ཁྱོ་གས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་མཚན་སྲུང་གི་ལས་ཀ་གཉེར་བ་རེད། ངས་ཞོ་ཁོག་མོག་མོག་སོགས་བཙོང་ནས་འཚོ་བའི་ཁ་སྣོན་དང་ཨ་མར་སྐུར་རྒྱུའི་དངུལ་རེ་གསོག་ཐབས་བྱས་པ་ཡིན་མོད། འོན་ཀྱང་ཆུང་དུས་ནས་ལས་ཀ་མང་པོ་བྱས་དྲགས་པའི་རྐྱེན་གྱིས་ན་ཚ་འདྲ་མིན་བྱུང་ནས་ཚོང་ཆུང་ཆུང་དེའང་མཚམས་འཇོག་མི་བྱེད་ཀ་མེད་དུ་གྱུར། ཐབས་ཟད་འུ་ཐུག་གི་གནས་སྐབས་དེར་ནོར་གླིང་ངེས་སྟོན་པ་སྐུ་ངོ་བཀའ་ཟུར་སྐལ་བཟང་ཡེ་ཤེས་མཆོག་
ལ་དཀའ་སྡུག་ཞུས་པས་དེ་གའི་འཁོར་འཚེམ་ནས་ལས་ཀ་ཡག་པོ་ཞིག་གནང་བྱུང་བས། འཚོ་བའི་དཀའ་སྡུག་རང་བཞིན་གྱིས་སེལ་སོང༌། ད་ལྟ་ངེད་བཟའ་མི་གཉིས་ལ་ཡིད་དུ་འོང་བའི་ཕྲུ་གུ་ཞིག་ཀྱང་ཡོད་ལ། སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཀྱང་ཡོད། དེ་ནི་ནོར་གླིང་སྐུ་ངོའི་བཀའ་དྲིན་ཡིན་པས་ངས་ནམ་ཡང་བརྗེད་ཐབས་མེད།
དྲི་བ། ཁྱེད་རང་བོད་པ་ཞིག་དང་གཉེན་སྒྲིག་བྱས་ཡོད་དུས། ཁྱོ་ཤུག་བར་ལྟ་བ་མ་མཐུན་པ་དང་ཆོས་ལུགས་དད་མོས་མི་མཐུན་པ་སོགས་ཀྱི་དཀའ་ངལ་འདུག་གམ།
ལན། མི་འདུག ལྟ་བ་མ་མཐུན་པའི་དཀའ་ངལ་གང་ཡང་མི་འདུག་ལ། ཆོས་ལུགས་ཡིན་ན་ད་བར་ངས་ནང་ཆོས་ལ་དད་པ་བྱེད་ཀྱི་ཡོད། ཟ་མ་ཡིན་ནའང་ང་བོད་པའི་བཟའ་བཏུང་ཚང་མར་དགའ་བོ་ཡོད། གཙོ་བོ་ངེད་གཉིས་ཀྱིས་གཅིག་གིས་གཅིག་ལ་བསམ་ཤེས་བྱེད་ཀྱི་ཡོད་པས་དཀའ་ངལ་གང་ཡང་འཕྲད་མ་མྱོང༌།
དྲི་བ། ཁྱེད་རང་བོད་པའི་སྤྱི་ཚོགས་སུ་ལས་ཞུགས་བྱས་ཡོད་དུས། བོད་པ་དང་འདྲིས་འབྲེལ་ཐོག་དཀའ་ངལ་འཕྲད་མྱོང་ངམ།
ལན། དང་པོ་སྐད་བརྡ་མ་འཕྲོད་པ་སོགས་ཀྱིས་དཀའ་ངལ་ཅུང་འཕྲད་སོང༌། དེ་ནི་ངས་བོད་སྐད་ཤེས་ཀྱི་ཡོད་པ་མ་རེད། འོན་ཀྱང་ད་ལྟ་ངས་བོད་སྐད་ཤེས་ཀྱི་ཡོད་པས་དཀའ་ངལ་དེ་རང་བཞིན་གྱིས་སེལ་སོང༌། གཞན་དཀའ་ངལ་དམིགས་བསལ་འཕྲད་མ་སོང༌། རྒྱུ་མཚན་བོད་པ་ཚོ་དང་འདྲིས་བདེ་བོ་དང་གཤིབ་བདེ་བོ་འདུག གནས་སྟངས་གཞན་ཞིག་ནས་བཤད་ན། ད་བར་ང་བོད་པའི་མནའ་མ་རེད་ལ་བོད་ཕྲུག་ཅིག་གི་ཨ་མ་ཡང་ཡིན་མོད། འོན་ཀྱང་ང་ལ་དཔྱ་ཁྲལ་ལག་དེབ་མི་རེག་པ་སོགས་བོད་གཞུང་གི་ཡིག་ཆ་དེ་འདྲའི་ཐོག་དཀའ་ངལ་འདུག དེ་དྲི་བ་འདི་དང་འབྲེལ་བ་ཡོད་མེད་མི་ཤེས་མོད། བཤད་འདོད་ཆེན་པོ་བྱུང༌།
དྲི་བ། རྒྱ་གར་བུད་མེད་དང་བོད་ཀྱི་བུད་མེད་གཉིས་ཀྱིས་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་སྟངས་ཐད་མ་འདྲ་ས་གཙོ་བོ་ག་རེ་མཐོང་སོང༌།
ལན། རྒྱ་གར་ཡིན་ན་བུད་མེད་ཚོས་ཁྱིམ་ལས་ཙག་ཙིག་ལ་མགོ་འཁོར་ནས་བསྡད་ཡོད་པ་རེད། བོད་པ་ཡིན་ན་ཕོ་མོ་དབྱེ་བ་མེད་པར་སྤྱི་ཚོགས་ཀྱི་ཕྱི་ནང་གང་སར་འདྲ་མཉམ་གྱིས་ལས་ཀ་བྱེད་ཀྱི་འདུག དེ་ཁྱད་པར་ཆེན་པོ་ཞིག་རེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན་བོད་ཀྱི་བུད་མེད་ཚོས་དེ་ལྟར་བྱེད་དགོས་ངེས་རེད། རྒྱུ་མཚན་རྒྱལ་ཁབ་དང་རང་དབང་ཆ་ཚང་ཤོར་ནས་སྐྱབས་བཅོལ་གྱི་འཚོ་བ་རོལ་གྱི་ཡོད་པས། སེམས་ཤུགས་མ་ཉམས་པར་སྡུག་རུས་ཆེན་པོས་ཕྱོགས་གང་ལའང་འབད་བརྩོན་བྱེད་དགོས་ཀྱི་རེད། རྒྱ་གར་བུད་མེད་ཚོ་ལ་རྒྱལ་ཁབ་ཡོད་པ་རེད་ལ་རང་དབང་ཡང་ཡོད་པ་ཡིན་དུས་དམིགས་བསལ་ལས་ཀ་མ་བྱས་ནའང་གནད་འགག་ཅིག་མཐོང་གི་མེད།
དྲི་བ། ནམ་ཞིག་བོད་ལ་སྐྱིད་པའི་ཉི་མ་ཤར་ཏེ་བོད་ལ་ལོག་རྒྱུའི་གོ་སྐབས་བྱུང་ན། ཁྱེད་རང་བོད་དུ་ལོག་འདོད་ཡོད་དམ་ཡང་ན་རྒྱ་གར་ནས་འདུག་འདོད་ཡོད།
ལན། བོད་ལ་ལོག་རྒྱུའི་གོ་སྐབས་ཤིག་ཤར་ན། ཡིན་དང་ཡིན་ང་བོད་ལ་ལོག་རྒྱུ་ཡིན། ཁྱིམ་ཚང་ཟེར་བ་ནི་མཉམ་གནས་བྱེད་དགོས་པ་ལས་ཁ་འཐོར་དུ་སྡོད་ཐབས་ཡོད་པ་མ་རེད། རྒྱ་གར་གྱི་ལུགས་སྲོལ་ལྟར་ནའང་སྐྱེས་དམན་ཁྱོ་གའི་ཕྱོགས་སུ་འགྲོ་བ་ལས་ཁྱོ་ག་སྐྱེས་དམན་གྱི་ཕྱོགས་སུ་འགྲོ་བ་དེ་ཡོད་པ་མ་རེད།
ལ་་་
གནས་ཚུལ་གསར་བ་དང་། བཅར་འདྲི་ཡག་པོ་འདུག དགའ་ན་ཆོག་གིས།
ཉི་མ་མཚོ་ཟེར་བའི་བུད་མེད་ན་ཆུང་མ་འདི་ལོ་གཅིག་ལྷག་ཙམ་གྱིས་གོང་དུ་ཁ་བརྡ་ནང་ཐེངས་གཅིག་སླེབས་མྱོང་ཡོད། དེ་རིང་གཞི་ནས་ཀློག་སྙིང་བྲོ་བའི་གནས་ཚུལ་ཞིག་འཁྱེར་ནས་བསྐྱར་དུ་སླེབས་འདུག
མ་འོངས་པ་ན་ཕུགས་བསམ་དང་རེ་བ་གཉིས་ཀ་འདུག རྗེས་མ་ནས་སྨྱུ་གུ་ས་ལ་མི་འཇོག་རོགས་ཟེར་གི་ཡིན།
དྲ་གྲོགས་ཚོས་དགའ་བསུ་ཞུ་ངེས་ཡིན་ཐག་ཆོད་རེད།
བོད་ཀྱི་མནའ་མ་ལ་རང་བཙན་ལག་དེབ་མི་རེག་པ་ནི་རྒྱལ་སྤྱིའི་འགྲོགས་ལུགས་དང་མི་མཐུན་ལ་ན་མ་སོན་པའི་དབྱེ་འབྱེད་ཀྱི་སྲིད་བྱུས་ཡིན་པ་འདོད། རང་ལ་སྲིད་བྱུས་ཡག་པོ་མེད་པ་གཞན་གྱི་སྲིད་བྱུས་ལ་དགག་པ་བྱེད་པ་ནི་གནས་ལུགས་ཀྱི་མདུན་དུ་སྐད་ཆ་བཤད་མེད།
བཅའ་ཁྲིམས་ནང་། བོད་ཀྱི་ཡུལ་མི། ཞེས་བས་དོན་ཚན་ནང་ཚན་གང་ཡིན་གསལ་པོ་མི་ཀྱང་། དེས་ནང་དེར་། ཕ་མ་གང་རུང་བོད་མི་ཡིན་པ་དང་། བོད་མིར་གཉེན་པ་གང་བསྟུན་མར་ལོ་གསུམ་མགོར་བས་རྗེས་སུ་བོད་ཀྱི་ཡུལ་མི་བྱེད་འདོད་ཡོད་ན་། དེས་ཐོབ་ཐང་ཡོད་ཞེས་བཀོད་པ་འདྲ་བོ་ཞིག་དྲན་གི་འདུག།
ངེད་ཚང་གི་གནའ་མ་སྒྲོལ་དཀར་ལགས་ལ་བཀྲིས་བདེ་ལེགས་དང་གཟའ་ཚང་འཆམ་མཐུན་ཡོང་བའི་སྨོན་འདུན་ཞུ། ད་དུང་ཁྱེད་ཀྱིས་གསུངས་པའི་ལོ་རྒྱུས་ལ་ང་ཡིད་དབང་གཏིང་ནས་འཕྲོག་སོང་།
ལོ་སྡུག་ཟླ་སྡུག་གི་དཀའ་ཁག་ཁྲོད་རང་གི་གཅེས་མ་ལ་བྱམས་སྐྱོང་དང་མདུན་སྐྱོད་ཀྱི་གོམ་སྒྲ་ལྷིང་དུ་མ་ཆགས་པ་ནི་སྐུར་འོས་པའི་ལང་ཚོའི་བརྒྱུད་རིམ་ཞིག་རེད། ཡོང་འགྱུར་གྱི་མདུན་ལམ་ལ་ཡང་ཆོད་སེམས་བརྟན་པོ་ཞིག་བཅང་ནས་ཕར་མཐའ་མེད་བརྩེ་དུང་གི་ཐང་ཆེན་དུ་རྒྱུགས་ཤིག
རང་བཙན་ལག་དེབ་དེ་དགོས་སར་ཆད་མི་དགོས་སར་ལྷག་ཟེར་བའི་དཔེ་ལྟར་རེད། ཕྱི་རྒྱལ་ཡུལ་ལུང་ཁག་ཏུ་བཞུགས་པ་བོད་རིགས་རྣམས་ལ་རང་བཙན་ལག་དེབ་དེའི་ཐོག་མིང་བརྗེ་བ་དང་། གསར་བཟོ་སོགས་སངས་རྒྱས་གོ་ས་ལས་ཀྱང་ཐོབ་དཀའ་ཞིང་། བོད་རིགས་མིན་པའི་བོད་པའི་གདོང་པ་འཁུར་མཁན་རྣམས་ལ་ནི་ངན་སོང་གི་རྒྱུ་ལས་ཀྱང་བསྒྲུབས་པར་སླའོ།
ཕྱི་རྒྱལ་ཡུལ་གྲུ་ཁག་ན་མགོ་སེར་ཚོར་གཉེན་སྒྲིག་བྱས་ཟིན་མཁན་མང་པོར་ལག་དེབ་འདི་འདུག འོན་ཀྱང་བཟའ་ཟླ་ནུབ་ཕྱོགས་པའི་མི་རིགས་མིན་ན་ལག་དེབ་སྤྲད་མི་ཆོག་པ་ཞིག་སྒྲིག་གཞིའི་ནང་ཡོད་སྲིད་རྒྱུ་མ་རེད། འདི་ངོ་མ་ལས་ཀྱི་སྣེ་མོ་ཞིག་གིས་ཐུབ་ཚོད་བྱེད་བཞིན་ཡོད་སྲིད།
བོད་པའི་མནའ་མ་ལ་རང་བཙན་ལག་དེབ་མི་སྤྲོད་པ་ནི་མི་རིགས་དབྱེ་འབྱེད་ཀྱི་ལས་ཞིག་མ་ཡིན་ནམ་ འདིར་ཡོ་རོབ་དུ་འབྱོར་མཁན་ཤར་པ་ འབྲུག་པ་ ཁུ་ནུ་སོགས་ལ་ལག་དེབ་ལྗང་ཁུ་རེག་གི་ཡོད་པ་ནི་ཇི་འདྲིའི་ཡ་མཚན་ཞིག་རེད་བསམ་ འདི་རྣམས་ཀྱི་བོད་པ་བཙོངས་ནས་སྐྱབས་བཅོལ་ཞུ་བཞིན་ཡོད་
མི་ཡི་མི་ཚེ་ནི་སུས་ཀྱང་མངོན་དུ་མེད་པའི་ལས་འབྲས་ཀྱི་འཁོར་ཐག་རིང་པོ་ཞིག་གིས་བཅིངས་པ་ལས་ཐར་ཐབས་མེད། འཚོ་བ་ནི་བསམ་པའི་དཀྱིལ་འཁོར་ནས་བསྐྲུན་པ་ཇི་མངོན་འགྱུར་ཐུབ་པ་ནི་ད་བར་དུ་སུ་ལའང་བྱུང་མྱོང་མེད། རེ་འདོགས་དང་འདུན་པ་ཆེན་པོ་ཞིག་གིས་དཀྱིགས་ནས་ཡར་སྔོན་ཟླ་ལྟར་འཕེལ་འགྱུར་བྱུང་ན་བསམ་པ་ནི་སུ་ལའང་ཡོད་ཀྱང། མཇུག་འབྲས་ནི་སྐྱོ་ངག་གིས་གནན་པ་ཁོ་ན་ཡིན། རྒྱ་གར་གྱི་ཡུལ་མི་ཞིག་གི་སྐྱོ་གདུང་གི་འཚོ་བའི་རླབས་ཕྲེང་ཞིག་བཀོད་པ་ཙམ་གྱིས་དགའ་སྡུག་གི་མི་ཚེའི་བྲོ་བ་མངར་སྐྱུར་རམ་ཡང་ན་སྐྱུར་མངར་རྣམས་བཀོད་པ་དང་འདྲ་བས་ངོ་མ་མེ་ལོང་ནང་གི་གཟུགས་བརྙན་བཞིན། རང་དབང་ཅན་གྱི་རྒྱལ་ཁབ་ཀྱི་ནང་དུ་འཚོ་བའི་སྐྱིད་སྡུག་གི་རང་བཞིན་གསལ་མངོན་བྱས་པ་ཞིག་ཀྱང་རེད།
ཉི་མ་འཚོ། ཁྱོད་ཀྱང་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་གསལ་སྟོན་བྱེད་མཁན་གྱི་བུད་མེད་སྨྱུག་ཐོགས་པ་ཞིག་ཀྱི་བྲལ་དུ་བཀོད་རིན་འདུག་པས། མ་འོངས་པར་ཁྱེད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་གསལ་བར་བཀོད་པའི་རྩོམ་ཤོག་ཇེ་མང་དྲྭ་ཚིགས་ཐོག་བཀླག་རྒྱུའི་གོ་སྐབས་བསྐྲུན་རོགས་ཞུ།