གངས་དཀར་སེམས་ཀྱིས་བསྒྱུར།
༡༩༩༧ ལོར་སཱ་བི་རལ་ཋན་བི་ཁིན་ Sabriye Tenberken ཞེས་པའི་ཇཱ་མན་ནིའི་ Germany བུ་མོ་ཞིག་གིས་བོད་པའི་ལོང་བའི་བྱིས་པ་ཚོར་སློབ་གྲྭའི་སློབ་གསོ་སྤྲོད་ཐབས་ཡོང་བའི་རེ་འདུན་ཞིག་འཆང་བཞིན་རྟ་ཞོན་ཏེ་བོད་དུ་འབྱོར། འོན་ཀྱང་དཔོན་ཉམས་རིང་ལུགས་པས་དེར་བཀག་འགོག་དང་། སློབ་གྲྭར་དགོས་པའི་ཐེབས་རྩ་གསོག་འཇོག་གི་དཀའ་ངལ།
ཐེ་ཚོམ་དང་ངོ་རྒོལ་བཅས་ཀྱིས་མོ་ལ་བསམ་ཡུལ་ལས་འདས་པའི་དཀའ་ཁག་འཕྲད། འོན་ཀྱང་མོས་སོ་སོས་བྱ་བ་དེ་བསྒྲུབ་ཐུབ་པར་ཡིད་ཆེས་གཙང་མ་བྱས།
མོ་སྐྱེ་དུས་ནས་མིག་དབང་ལ་ན་ཚ་ཞིག་ཕོག་ཅིང་། རང་ལོ་ ༡༢ སྐབས་ཅིའང་མཐོང་མི་ཐུབ་པར་གྱུར། ལོང་བ་མ་ཆག་སྔོན་མོས་མིའི་ངོ་གདོང་དང་མཚོན་མདོག ཡུལ་ལྗོངས་བཅས་མཐོང་ཐུབ། འོན་ཀྱང་མིག་དབང་གི་སྐྱོན་ཆ་དེ་ཤུགས་ཆེ་རུ་སོང་ཞིང་། སློབ་གྲོགས་ཀྱིས་ཀྱང་མོ་ལ་དམའ་འབེབས་བྱེད་རྒྱུ་འགོ་བརྩམས། མོས་ཧུར་བརྩོན་ཆེན་པོས་ཕྲུ་གུ་སྤྱི་མཚུངས་ལྟར་འཚོ་སྤྱོད་ཀྱིས་སོ་སོ་ལོང་བ་གྱུར་ཟིན་པའི་གནས་སྟངས་དེར་གཡོལ་ཐབས་བྱས། ཕྱི་དྲན་སྐབས་མོས་སོ་སོས་ལོང་བ་ཆག་ཟིན་པའི་གནས་སྟངས་ལ་ངོས་ལེན་བྱེད་འདོད་མེད་པ་ནི་ཡིད་སྐྱོ་དགོས་པ་ཞིག་རེད། དེ་རྗེས་ངས་དེར་ངོས་ལེན་བྱུང་རྗེས་གཞི་ནས་འཚོ་བ་འགོ་བརྩམས་པ་ཡིན། ཞེས་བཤད།
མོ་རང་ལོང་བའི་སློབ་གྲྭར་བསྡད་རིང་རིག་གནས་དང་ལོང་བའི་ཡི་གེ་སྦྱངས། ད་དུང་རྟ་ཞོན་སྟངས་དང་ཆུ་སྐྱལ། གྲུ་གཏོང་སྟངས་བཅས་ལའང་སྦྱང་། གལ་ཆེ་ཤོས་ནི་དེར་རང་ཁ་རང་གསོའི་ནུས་པ་སྦྱངས་ཡོད། གློ་བུར་དུ་མོ་རང་གཞན་མི་མང་པོའི་ཆ་ཤས་སུ་གྱུར་ཏེ་གྲོགས་པོ་རག ངས་གཞན་དབར་འདྲ་མཉམ་དང་དེ་ནས་དགའ་སྤྲོའང་ཚོར་ཐུབ་པ་བྱུང་། ངས་སེམས་ནང་ད་ཡིན་ན་འགྲིག་གི་རེད། ང་ལོང་བ་ཡིན་སྟབས་སྙིང་རྗེ་པོ་མེད་སྲིད་ཀྱང་ང་ལ་བསམ་བློ་ཡོད་ལ་ངས་བྱ་བ་སྒྲུབ་ཐུབ་སྙམ། ཞེས་བཤད།
དེ་རྗེས་མོ་རང་པཱོ་ན་སློབ་ཆེན་ University of Bonn དུ་དབུས་ཤར་ཞིབ་འཇུག་ཆེད་ལས་སྦྱངས། མོ་ནི་སློབ་མ་ཁྲི་གསུམ་ནང་གི་ལོང་བ་གཅིག་པུ་དེ་ཡིན། སློབ་དཔོན་གྱིས་མོས་རྙོག་འཛིང་ཚ་བའི་བོད་ཡིག་སྦྱོང་འདོད་ལ་བཀག་འགོག་བྱ་རྩིས་བྱས། དེའང་ལོང་ཡིག་ནང་བོད་ཡིག་མེད། བོད་མིས་སྒྲ་སྤྱོད་དེ་ཀ་མེད་སྒྲིག་སྲོལ་གྱིས་ཁོ་ཚོའི་སྐད་ཡིག་བློར་འཛིན་བྱེད་པར་བརྟེན། མོས་བོད་ཡིག་དེ་ལོང་ཡིག་ཏུ་སྤྱོད་ཐབས་གསར་གཏོད་བྱས། མོས་ད་དུང་དེའི་སྐོར་གྱི་བརྙན་འཁོར་ཞིག་འཆར་འགོད་བཟོས་ཏེ་བོད་ཡིག་ལོང་ཡིག་ཏུ་པར་ཆོག་པར་བྱས།
ངས་སོ་སོའི་ཆེད་དུ་བརྙན་ཆས་དེ་གསར་གཏོད་བྱས་པ་ཞིག་ཡིན། འོན་ཀྱང་ངས་བོད་པའི་བྱིས་པ་ཚོས་ཀྱང་དེ་ནས་ཁེ་ཕན་ཐོབ་ཐུབ་པར་ངོས་འཛིན་བྱུང་རྗེས་ངས་དེ་དག་བོད་ལ་འཁྱེར་ནས་སློབ་གྲྭ་ཅིག་གཟུག་དགོས་སྙམ། མོའི་བསམ་ཚུལ་དེ་གསར་གཏོད་བྱེད་མཁན་གྱི་ཚོགས་པ་ཁག་གཅིག་ནས་ངོས་ལེན་མ་བྱས་པར་བརྟེན། སོ་སོས་བྱ་བཞག་དེ་ལེགས་འགྲུབ་ཡོང་ཐབས་དགོས་སྙམ་བཞིན་ཆོད་སེམས་བཅང་།
༡༩༩༧ ལོར་རང་ལོ་ ༢༦ སོན་པའི་མོས་རྒྱ་ནག་ཏུ་སོང་ནས་རྒྱ་ཡིག་ཟབ་སྦྱོང་འཛིན་གྲྭར་བཞུགས། དེ་ནས་བོད་དུ་སོང་། བོད་ནས་མོས་མི་གྲངས་ཁྲི་ ༢༦༠ ཡོད་པའི་ནང་ཁྲི་ ༣ ལོང་བ་ཡིན་ཞིང་། དེ་ནི་གོ་ལའི་ཁྱོན་ཡོངས་ཀྱི་ཆ་སྙོམས་བསྡུར་ཚད་ལས་ལྡབ་གཉིས་ཙམ་ལོན་པ་ཤེས་རྟོགས་བྱུང་། བོད་དུ་ལོང་བ་ཆག་དོན་གཙོ་བོ་ནི་ས་བབས་མཐོ་ཞིང་ཉི་འོད་ཀྱི་ཤུགས་ཚད་ཀྱིས་སྲུང་སྐྱོར་གང་ཡང་མེད་པའི་མིག་ལ་གནོད་སྐྱོན་ཕོག་གི་ཡོད་པ་དེ་རེད།
( ལོང་བ་ཞེས་པའི་ལག་རྟགས་དེར་ངོས་ལེན་ཞུས་པ། )
མོ་བོད་ལ་ཐོག་མར་འབྱོར་དུས་དེར་སྒྲིག་འཛུགས་དང་ཚོགས་པ་གཅིག་གིས་ཀྱང་ལོང་བ་ཚོར་རོགས་སྐྱོར་བྱེད་ཀྱི་ཡོད་པ་མ་མཐོང་། མོས་ཞིང་འབྲོག་གི་གྲོང་ཁུལ་དུ་སོང་ནས་མོའི་སློབ་གསོའི་བསམ་བློ་དེ་བརྒྱུད་སྤེལ་དང་། དེར་ཡོད་ལོང་བ་བྱིས་པའི་གནས་སྟངས་ལ་དཔྱོད་ཞིབ་བྱ་རྒྱུ་ཐག་བཅད། མོ་ལ་རོགས་རམ་བྱེད་མཁན་བོད་པ་གཉིས་དང་། རོགས་པ་གཞན་གཅིག་བཅས་གསུམ་བྱུང་བ་མཉམ་དུ་རྟ་ཞོན་ནས་རི་མཐོ་ས་དང་གཙང་ཆུ་བརྒལ་ནས་གྲོང་གསེབ་ཏུ་བཅར་འདྲི་བྱས། གྲོང་མིས་རྟ་ཞོན་པའི་མོ་ལོང་བ་ཡིན་པར་ཡིད་མ་ཆེས། མོས་གྲོང་མི་ཚོར་ཡིད་ཆེས་སླེབས་ཐབས་ཀྱིས་བྱིས་པ་ལོང་བ་ཚོས་ཀྱང་མོ་དང་གཅིག་མཚུངས་ཀྱིས་རྟ་ཞོན་པ་དང་དེབ་ཀློག་པ། ཡི་གེ་འབྲི་བ་བཅས་བྱ་ཐུབ་སྐོར་བཤད། དེར་ཡོད་ཨ་ཕ་ཞིག་ཧ་ལས་ནས་ཁྱེད་ཀྱིས་གསུངས་པའི་སློབ་གྲྭའི་མ་འོངས་པའི་རྣམ་པ་དེ་ང་ཚོར་མཚོན་ན་རྨི་ལམ་རྨིས་པ་དང་གཅིག་པ་རེད་ཅེས་བཤད་སྐད།
༡༩༩༨ ལོར་མོས་བོད་ཀྱི་རྒྱལ་ས་ལྷ་སར་ལོང་བའི་སློབ་གྲྭ་ཐོག་མ་དེ་བཙུགས། མོས་སོ་སོས་མ་དངུལ་ཨཱ་སྒོར་ཁྲི་གཉིས་དེར་བཏང་ཞིང་། དུས་ཚོད་མང་པོ་སྤྱོད་དེ་རོགས་དངུལ་དེ་གང་སར་ཡོད་པའི་མི་སྒེར་ནས་རོགས་རམ་ཡོང་ཐབས་བྱས། ལས་འཆར་དེར་རྒྱལ་སྤྱིའི་ཐོག་ནས་ཀྱང་ཤེས་རྟོགས་བྱུང་ཡོད་ལ། སློབ་གྲྭ་ནས་ལོ་རེར་ཡུལ་སྐོར་བ་ ༥༠༠༠ ཉེ་བར་སྣེ་ལེན་བྱེད་ཀྱི་ཡོད། འོན་ཀྱང་ད་དུང་ཡང་རོགས་དངུལ་མི་འདང་བའི་དཀའ་ངལ་བྱུང་།
མི་ཚོས་ང་ཚོར་རོགས་དངུལ་མི་སྦྱིན་པའི་རྒྱུ་མཚན་གཙོ་བོ་དེ་ནི་ང་ཚོའི་ངོས་ནས་སྐྱོ་མདོག་སྟོན་ནས་དངུལ་རག་ཐབས་བྱེད་ཀྱི་མེད་པས་ཡིན། མོས་སློབ་མ་ཚོས་སོ་སོ་ཧ་ཅང་ཉམས་ཐག་ཡིན་མདོག་བཏོན་པ་དེས་སྤྱི་ཚོགས་ཀྱིས་དེ་དག་ལ་མཐོང་ཆུང་མངོན་ཐུབ་པར་ངོས་འཛིན་བྱེད། ང་ཚོས་ཤེས་གསལ་ལྟར་གལ་ཏེ་མི་ཚོས་ཁྱོད་ལ་སྙིང་རྗེ་སྐྱེས་ནས་རོགས་དངུལ་རག་ཀྱང་ཁྱོད་ལ་ངོས་འཛིན་བྱེད་སྟངས་ལ་འགྱུར་བ་འགྲོ་མི་སྲིད་པ་རེད།
ང་ལོང་བ་གྱུར་རྗེས་རྐང་འཁོར་ཞོན་མི་ཐུབ་ལ། ཐག་རིང་སར་ཡོད་པའི་གྲོགས་པོའི་ངོ་མི་ཤེས། ཡང་ན་མཚོན་མདོག་མཐོང་མི་ཐུབ་པར་བརྟེན། ང་རྒྱུན་རིང་པོར་སེམས་སྐྱོ་ནས་ལུས། དེ་རྗེས་ངས་སོ་སོས་ག་རེ་ཐུབ་མིན་ཐད་དོ་སྣང་བྱས་པ་ལས་ངས་ག་རེ་བྱེད་ཐུབ་ཀྱི་མི་འདུག་ཅེས་པར་དོ་སྣང་བྱས་མེད། ལོང་བ་ཡིན་པའི་ངོས་ནས་ལེགས་ཆ་ཅི་ཞིག་ཡོད་མེད་ནི་ངས་བོད་པའི་ལོང་བ་བྱིས་པ་ཚོར་བཏོན་པའི་དྲི་བ་ཞིག་ཡིན།
ཐོག་མའི་དུས་ཡུན་རིང་པོའི་ནང་ཁ་ཁུ་སིམ་མེར་ལུས། སུ་གཅིག་གིས་ཀྱང་བྱིས་པ་ལོང་བ་ཚོར་དྲི་བ་དེ་འདྲ་དྲིས་མྱོང་མེད། འོན་ཀྱང་དེར་ག་ལེར་ལན་འདེབས་བྱུང་བ་རེད། ངའི་དྲན་པའི་རིག་པ་དེ་མཐོང་ཐུབ་པའི་གྲོགས་པོ་ཚོ་ལས་ཅུང་ལེགས། ངས་མུན་ནག་གི་མཚན་མོར་དེབ་ཀློག་ཆོག ང་སློབ་གྲྭ་དེར་སློབ་སྦྱོང་བྱས་རྗེས་ད་ལྟ་ངས་སྐད་ཡིག་གསུམ་གྱི་ཐོག་ནས་དེབ་ཀློག་པ་དང་ཡི་གེ་འབྲི་ཐུབ། བཅས་ནི་བྱིས་པ་ལོང་བ་ཚོའི་ལན་འདེབས་རེད།
ང་ལ་མཚོན་ན་དུས་ཚོད་རིང་པོ་བཏང་ཞིང་ལོ་གཉིས་གསུམ་རིང་དུ་ལོང་བའི་ལག་རྟགས་དེར་ཚོར་ཐབས་བྱས། ངས་ངོ་མ་སོ་སོར་གལ་ཆེ་བའི་གནས་ཚུལ་ཐད་དོ་སྣང་བྱེད་ཐུབ། ངས་ཧ་ཅང་གསལ་ཆ་ཡོད་པའི་སྒོ་ནས་གཞན་དང་འབྲེལ་བ་བཟོ་ཐུབ། ང་ནི་གནད་དོན་ཐག་གཅོད་མཁན་ཞིག་ཏུ་གྱུར། ངས་ངེས་པར་དུ་སོ་སོའི་གནད་དོན་ཐག་གཅོད་དགོས་ལ། ད་དུང་གཞན་གྱི་གནད་དོན་དང་སྤྱི་ཚོགས་ཀྱི་གནད་དོན་བཅས་ལའང་ཐག་གཅོད་ཐུབ་མཁན་ཞིག་ཆག་དགོས། ངའི་བསམ་བློའི་ནུས་པ་དེ་སྔར་བས་སྲ་བརྟེན་དུ་གྱུར་ཡོད།
མི་རྣམས་ལ་ལོང་བ་ནི་མུན་ནག་གི་ཚབ་མཚོན་ཡིན་པའི་བསམ་བློ་ཞིག་ཡོད། འོན་ཀྱང་ངས་ལོང་བ་སུ་གཅིག་གིས་ཀྱང་ཁོ་ཚོའི་ནང་སེམས་ཀྱི་འཇིག་རྟེན་དེ་མུན་ནག་ཅིག་ཡིན་པར་བཤད་མཁན་ཡོད་པ་ཤེས་ཀྱི་མེད། བསམ་བློའི་ནུས་སྟོབས་ཀྱི་སྒོ་ནས་ང་ཚོས་འཇིག་རྟེན་ནི་མཚོན་མདོག་རྣམ་པ་བཀྲ་བ་ཞིག་བསྒྱུར་ཐུབ། སོགས་བཤད་ཡོད་པ་རེད།
( ལོང་ཡིག་ལ་རྒྱལ་མཚམས་མེད། )
མོའི་སློབ་གྲྭ་དེར། ལོང་ཡིག་ལ་རྒྱལ་མཚམས་མེད། Braille Without Borders ཅེས་བཏགས། མོས་རྒྱལ་མཚམས་མེད་ཅེས་པའི་ཐོག་ནས་སྤྱི་ཚོགས་ནས་ལོང་བའི་བསམ་བློར་རྒྱལ་མཚམས་ཅིག་བཅད་ཡོད་པ་དེ་དོར་ཐབས་ཀྱི་རེ་བ་བཅང་། མོས་བཙུགས་པའི་སྒྲིག་འཛུགས་དེ་ནི་ལོང་བའི་ཆེད་དུ་སྐྱོར་གསོ་རག་ཐབས་མིན་པར་དེ་ནི་ལོང་བ་ཚོར་དབང་ཆ་ཞིག་སྤྲོད་དགོས་པར་རེ་བ་བྱས།
སློབ་མ་ཚོ་སློབ་གྲྭར་ཐེངས་དང་པོ་འབྱོར་དུས་དེ་དག་སློབ་སྦྱོང་དང་ལས་འགུལ་ནང་ཞུགས་རྒྱུར་དཀའ་ངལ་ཆེན་པོ་བྱུང་། སློབ་མ་ཚོས་ངས་མཐོང་གི་མི་འདུག ངས་བྱེད་ཐུབ་ཀྱི་མ་རེད་ཅེས་བཤད་ཀྱི་འདུག་ཀྱང་། དེ་ནས་བྱིས་པ་གཞན་གྱིས་ཧུར་བརྩོན་ཆེན་པོས་སློབ་སྦྱོང་བྱེད་པར་མཐོང་དུས་ཁོ་ཚོའི་བསམ་བློར་འགྱུར་བ་འགྲོ་གི་འདུག སློབ་མ་ཚོས་ཕན་ཚུན་རོགས་རམ་བྱེད་པ་ལས། གཞན་གྱིས་ཁོ་ཚོར་ཅི་ཞིག་བྱེད་དགོས་མིན་བཀོད་འདོམ་ཡོང་བར་སྒུག་ནས་སྡོད་ཀྱི་མེད།
མོ་རང་འཛུམ་དང་བཅས་དེ་ནི་ངའི་རེ་སྨོན་ཡིན། ང་ནུབ་ཕྱོགས་ནས་འདིར་སླེབས་ཏེ་ལོང་བ་ཚོར་རོགས་པ་བྱེད་མཁན་ཙམ་དུ་མ་ཟད། ངས་ཁོ་ཚོར་ག་རེ་བྱེད་དགོས་མིན་བཤད་ཅིང་། ངས་ཀྱང་དེ་དག་གི་ཕྱོགས་ནས་སློབ་སྦྱོང་བྱེད་པ་དང་། སོ་སོའི་ཉམས་མྱོང་དང་ཟུང་འབྲེལ་ཐོག་ང་རང་དེའི་ནང་གི་ཆ་ཤས་ཅིག་ཡིན་པར་ངོས་འཛིན་ཡོད། དེ་ནི་ཁོ་ཚོའི་ལས་འཆར་རེད་ལ་ངའི་ལས་འཆར་ཡང་ཡིན། ཞེས་དང་།
མོས་བྱིས་པ་ལོང་བ་ཚོས་སོ་སོའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཏུ་གང་འདྲ་ཞུགས་དགོས་མིན་དང་། སྤྱི་ཚོགས་ནས་ཀྱང་ལོང་བའི་དཀའ་ཁག་དེ་ག་རེ་ཡིན་མིན་ངོས་འཛིན་ཡོང་ཐབས་སྐོར་ཟབ་སྦྱོང་སྤྲད་ཡོད། ངས་ལོང་བ་སོ་སོའི་ངོས་ནས་སྤྱི་ཚོགས་ཀྱིས་ཁོ་ཚོར་ལྟ་བ་འཛིན་སྟངས་དེ་བསྒྱུར་ཐབས་དགོས། ང་ཚོའི་བྱིས་པ་ཚོ་སླར་གྲོང་གསེབ་ཏུ་ཕྱིར་ལོག་རྗེས་ཁོ་ཚོས་གནས་ཚུལ་གསར་པ་མང་པོ་ཤེས་ཚར་ཡོད། གྲོང་ཚོ་མང་པོའི་ནང་བོད་མི་ཚོས་རྒྱ་སྐད་དང་ཨཱིན་སྐད་གང་ཡང་མི་ཤེས། འོན་ཀྱང་ང་ཚོའི་བྱིས་པ་ལོང་བ་ཚོས་དེ་དག་ལ་སྐད་སྒྱུར་བྱེད་ཆོག་པར་གྱུར། བྱིས་པ་ལོང་བ་ཚོར་ནུས་པ་གསར་པ་ལྡན་ཡོད་ལ། དེ་དག་ནི་ཕན་ཐོགས་ཡོད་པའི་གང་ཟག་ལ་མཐོང་སྣང་ཡོང་ཐུབ།
ཐོག་མའི་སློབ་གསོ་མཇུག་སྒྲིལ་རྗེས་སློབ་མས་སོ་སོའི་གྲོང་པར་ཕྱིར་ལོག་ཆོག་པ་དང་། ཡང་ན་ལུགས་མཐུན་གྱི་སློབ་གྲྭར་སོང་ནས་སློབ་གཉེར་བྱེད་ཀྱང་འགྲིག དེ་བཞིན་གསོ་རིག་ཐོག་ནས་འཕུར་གཉེར་དང་འབྲོག་ལས། འོ་མ་ཕྱུ་ར་བཟོ་སྟངས་དང་ཡང་ན་ཞིང་ལས་བཅས་ཆེད་ལས་སུ་ཟབ་སྦྱོང་བྱ་ནའང་འགྲིག་གི་ཡོད་པ་རེད།
ལོང་ཡིག་ཀྱང་ལོང་བ་རྣམས་ལ་ཁོར་ཡུག་རྒྱ་བསྐྱེད་གཏོང་བའི་ལག་ཆ་གལ་ཆེན་ཞིག་ཡིན། མི་ཚོས་ལོང་ཡིག་ལ་མཐོང་ཆུང་བྱས་ཡོད། ད་ལྟའི་ཆར་ང་ཚོར་སྒྲའི་སློབ་དེབ་དང་སྐད་སྒྲ་ཡིས་ལག་ཤེས་ངོས་འཛིན་བྱེད་སྟངས་བཅས་ཡོད། ལོང་ཡིག་ནི་ངོ་མ་ཀློག་ཆོག་པ་ཞིག་ཡིན། འོན་ཀྱང་རྣ་བའི་ཚོར་ཤེས་པ་དེ་འདྲ་མིན། རྣ་བས་ཉན་པ་དེ་ནི་ཀློག་པ་མིན། ལོང་ཡིག་གིས་མིའི་གླད་པའི་ནང་མཐོང་སྣང་སྐྲུན་བྱེད་ལ་ཧ་ཅང་གལ་ཆེན་གྱི་རང་བཞིན་ཞིག་ལྡན། ལག་པས་ལོང་ཡིག་རེག་པ་དེ་མིག་གིས་མཐོང་ཐབས་ཀྱི་བརྡ་འཕྲོད་པ་དང་མཚུངས། དེའང་མཐོང་མཁན་ཚོས་ཀློག་པ་དང་ནུས་པ་གཅིག་མཚུངས་རེད། དཔེར་ན་སྒྲ་ལྡན་གྱི་ཀློག་དེབ་སྤྱོད་ནས་དྲོ་བ་མེད་པའི་ཆབ་སྲིད་དང་ཡང་ན་ཚན་ཉིད་རིག་པའི་ནང་དོན་ངོས་འཛིན་བྱེད་མི་ཐུབ། སྐབས་དེར་ང་མར་སྡོད་དེ་ངས་ག་རེ་ཀློག་གི་ཡོད་མེད་ལ་བསམ་བློ་གཏོང་དགོས་པར་བརྟེན། ང་ལ་ལོང་ཡིག་དགོས། དེ་མིན་ལོང་ཡིག་གིས་རྣམ་པ་དང་ནུས་པའི་དབར་འབྲེལ་མཐུད་ཀྱི་དགོས་མཁོ་སྦྱིན་གྱི་ཡོད། འོན་ཀྱང་སྒྲ་ལྡན་གྱི་དེབ་ཀྱིས་དེ་འདྲ་བྱེད་མི་ཐུབ།
ང་ཚོས་སློབ་མ་ཚོར་སོ་སོས་བྱ་བཞག་བསྒྲུབ་དགོས་མིན་སྐོར་བསླབ་ཀྱི་མེད་པ། ང་ཚོས་སློབ་མར་ལས་འཇུག་བྱེད་པའི་ནུས་པ་དེ་བསླབས་ཏེ་སོ་སོས་བྱ་བ་སྒྲུབ་ཐུབ་པ་བྱེད་ཀྱི་ཡོད།
ལོ་གཞོན་གྱི་སློབ་མར་མཚོན་ན་ང་ཚོས་ཀྱི་དམིགས་ཚད་ནི་དེ་དག་རྒྱུན་ལྡན་གྱི་སློབ་གྲྭར་འཛུལ་ཐུབ་སྟེ་དམིགས་བསལ་གྱི་དགེ་རྒན་འཚོལ་མི་དགོས་རྒྱུ་དེ་ཡིན།
ང་ཚོས་སློབ་མ་ཚོར་བོད་ཡིག་དང་རྒྱ་ཡིག ཨཱིན་ཡིག་སྤྱོད་དེ་ཁ་བརྡ་བྱེད་ཐབས་དང་ལོང་ཡིག་ཀློག་སྟངས་བསླབ་ཀྱི་ཡོད། གཞན་དང་འབྲེལ་བ་བྱེད་སྟངས་ཀྱི་ནུས་པ་བསླབ་ཀྱི་ཡོད། དཔེར་ན། མིའི་དབར་ཁ་བརྡ་བྱེད་དུས་གཞན་ལ་ཁ་གཏད་ནས་བྱེད་རྒྱུ་ལྟ་བུ་ཡིན། སློབ་མ་ཚོས་གནད་དོན་ཐག་གཅོད་ཀྱི་ནུས་པ་དེ་གསོ་སྐྱོང་བྱེད་པ་ལས་དགེ་རྒན་བརྟེན་མི་དགོས་པའི་སྒོ་ནས་གནད་དོན་ཐག་གཅོད་ཡོང་ཐབས་བྱེད་ཀྱི་ཡོད། ང་ཚོའི་སློབ་མ་ཚོ་ས་ཁུལ་རང་གི་མཐོ་སློབ་ཏུ་འཛུལ་བཞུགས་ཟིན་ཡོད་པ་མ་ཟད། ད་དུང་དེ་དག་གིས་སློབ་གཉེར་ཧ་ཅང་ཡག་པོ་ཐུབ་ཀྱི་འདུག
ལ་ལ་ད་ལྟ་སློབ་ཆེན་དུའང་འགྲོ་བརྩིས་ཡོད་པ་རེད། ཁོ་ཚོས་སྤྱི་བཏང་བའི་སློབ་མ་ཚོ་དང་གཅིག་མཚུངས་ཀྱིས་ཡིག་རྒྱུགས་ལོན་བཞིན་ཡོད།
ང་ཚོར་ད་དུང་ཆེད་ལས་ཟབ་སྦྱོང་ལྟེ་གནས་ནས་སོ་སོའི་ལག་རྩལ་སློབ་འཁྲིད་བྱེད་ཀྱི་ཡོད། སློབ་མས་ཚོང་ཁང་དང་ཇ་ཁང་། ཟ་ཁང་བཅས་གང་འདྲ་གཉེར་དགོས་མིན་ཤེས། སློབ་མཐར་སོན་རྗེས་ལ་ལས་འཕུར་གཉེར་ཁང་དང་ཨར་ཁང་། ཕྱུར་ར་བཟོ་སྐྲུན་བཅས་གཉེར་ཡོད་ལ། དེབ་པར་སྐྲུན་བྱེད་མཁན་ཡང་ཡོད། ཁོ་ཚོས་ལས་ཀ་འདྲ་མིན་བྱེད། དོན་དངོས་ཐོག་བོད་ཀྱི་ལོང་ཡིག་སློབ་གྲྭ་དེ་སློབ་མ་རང་ངོས་ནས་དོ་དམ་བྱེད་དགོས་པ་དེ་ང་ཚོའི་ཐོག་མཐའ་བར་གསུམ་གྱི་རེ་སྨོན་ཡིན། དེ་དག་ཁག་ཅིག་གིས་ད་དུང་སོ་སོའི་ངོས་ནས་སློབ་གྲྭར་རོགས་དངུལ་ཡང་སྤྲོད་བཞིན་ཡོད།
མོས་སོ་སོའི་སློབ་མཐར་སོན་པའི་སློབ་མའི་སྐོར་བཤད་དུས་ཧ་ཅང་ཡིད་འགུལ་ཐེབས་པའི་སྒོ་ནས། ཇོ་མོ་གླང་མའི་ས་ཁུལ་ནས་ཡིན་པའི་ལོང་བའི་བྱིས་པ་གཞོན་ནུ་ Kyila ནས་མིག་སྐྱོན་སྐོར་གྱི་བྱིས་པ་ཕྲུ་གུའི་ལྟ་སྐྱོང་ཁང་ཞིག་ཀྱང་བཙུགས་ཡོད། Gyenshen ཁོ་ནི་དཔེ་དེབ་ལ་དགའ་མཁན་ཞིག་རེད། ཁོས་བོད་ཀྱི་ལོང་ཡིག་པར་སྐྲུན་དང་དཔེ་དེབ་ཁང་དུ་ལས་ཀ་བྱེད་ཅིང་། ཁོས་གཞན་ལ་བོད་ཡིག་དང་ཨཱིན་ཡིག རྒྱ་ཡིག་བཅས་ཀྱི་ལོང་ཡིག་སློབ་འཁྲིད་བྱེད། བསོད་ནམས་ Sonam ནི་སྤྱི་བཏང་གི་མཐོ་འབྲིང་ནས་ཐོན་ཏེ་ད་ཆ་རྒྱ་ནག་སྐམ་ས་ཆེན་མོའི་སློབ་ཆེན་ཞིག་ཏུ་སློབ་གཉེར་བྱེད་མུས་ཡིན། བཀྲ་ཤིས་ Tashi、དང་བསྟན་འཛིན།Tenzin ཟླ་ཆུང་ Dachung ཚང་མ་གསོ་རིག་འཕུར་གཉེར་གྱི་ལས་ཀ་བྱེད་མུས། བསྟན་འཛིན་དང་བཀྲ་ཤིས་གཉིས་ལྷ་སའི་འཕུར་གཉེར་ཁང་ཆེ་ཤོས་ནང་ལས་ཀ་བྱེད་པ་དུས་མཚུངས་མངར་ཟས་རིགས་ཀྱང་ཚོང་གི་ཡོད། ལོ་ཆུང་ཤོས་ཀྱི་ཟླ་ཆུང་ནི་ཧ་ཅང་གྲུབ་འབྲས་ཐོན་པའི་ཁེ་ལས་པ་ཞིག་ཡིན། ཁོས་ལྷ་ས་ཁོ་ནར་འཕུར་གཉེར་ཁང་གསུམ་བཙུགས་ཡོད་ལ། ད་དུང་ཨར་ཁང་གཅིག་ཀྱང་གཉེར་བརྩིས་ཡོད།
( ཉེན་མཆོང་དང་འཐབ་རྩོད་ཀྱི་རང་གཤིས། )
མོས་བོད་ལ་ཡོང་དགོས་དོན་སྐོར་བཤད་དུས། བོད་ནི་ངའི་སོ་སོར་ཚོད་ལྟ་བྱེད་ས་ཚད་མཐོ་ཤོས་ཀྱི་ཐབས་ཤིག་ཡིན། ངས་སོ་སོར་དཀའ་ཁག་དང་ཉེན་ཁ་མང་པོ་འཕྲད་སྲིད་པར་བསམ་བློ་འཁོར་མྱོང་། རི་མཐོན་པོ་དང་གཙང་ཆུ་ཟབ་མོ། རྟ་དྲེལ་དང་སྐད་ཡིག་གསར་པ་བཅས་ཡོངས་ལ་ང་དགའ་པོ་ཡོད་པར་བརྟེན། བོད་ནི་ངའི་ཐོག་མའི་སེམས་སུ་ཉེན་མཆོང་གི་ས་ཚིགས་ཅིག་ཡིན། འོན་ཀྱང་ངས་སློབ་གྲྭ་བཙུགས་རྗེས་ངའི་དམིགས་ཡུལ་དེ་སློབ་མ་ཚོར་འོས་འགན་ཡོད་པ་ཞིག་ཏུ་གྱུར་སོང་།
སོ་སོའི་བྱིས་དུས་སྐབས་ཀོ་གྲུ་གཏོང་སྟངས་དང་རྟ་ཞོན་སྟངས་སྦྱངས་པའི་ཉམས་མྱོང་སྐོར་ང་ལ་དགེ་རྒན་ཧ་ཅང་ཡག་པོ་ཡོད། ངས་ཆུ་གཤམ་དུ་རྒྱུགས་པར་ཕྱོགས་ནས་གྲུ་གཏོང་སྟངས་དང་རྦ་རླབས་འཕྱོ་སྟངས་ཤེས་ཐབས། ཆུ་འཁོར་ས་ནས་རྒྱུགས་དུས་གྲུའི་ལྕི་ཡངས་ཚོད་བཟུང་དགོས་མིན། རྦ་རླབས་ཀྱིས་གནོན་ན་གང་འདྲ་དགོས་མིན་བཅས་སྦྱངས། ལག་ཤེས་དེ་དག་སྦྱངས་རྗེས་རྦ་རླབས་ནི་ཞབས་བྲོ་ལྟར་འགྱུར་འགྲོ་ཞིང་ང་ལ་ཞེད་སྣང་མི་འདུག
ང་རང་ཧ་ཅང་རིག་པ་གྲུང་ཤ་དོད་པའི་ཚོར་བ་དེར་དགའ། རྦ་རླབས་སུ་གྲུ་གཏོང་དུས་ངས་མཐའི་ཁོར་ཡུག་ལ་དོ་སྣང་སྤྲོད་ཐུབ་པར་བྱེད་ཀྱི་འདུག
ལུགས་མཐུན་གྱིས་མཐོང་ཐུབ་མཁན་ཚོའི་ཚོར་བ་ནི་བརྒྱ་ཆ་བརྒྱད་ཅུ་མཐོང་སྣང་ནས་ཡོང་གི་ཡོད་པ་རེད། ལོང་བར་དེ་འདྲ་མེད། ང་ཚོས་ངེས་པར་དུ་ཕྱིའི་ཁོར་ཡུག་ལ་རེག་ཐབས་དང་དེར་ཞུགས་ཐབས་ཀྱིས་ཡོང་ཐབས་དགོས། དེ་ནི་རྟ་ཞོན་དུས་ཀྱི་གནས་སྟངས་དང་མཚུངས། ང་ཆུང་དུས་ནས་རྟ་ཞོན་རྒྱུ་སྦྱང་སྟབས་རྟ་ལ་ངོས་འཛིན་ཧ་ཅང་ཡག་པོ་ཡོད། ངས་ག་དུས་རྟ་ལ་བསྐུལ་འདེད་སྤྲོད་དགོས་མིན་དང་དེ་མཚམས་ག་དུས་བཞག་དགོས་མིན་ཡང་ཤེས་ཀྱི་ཡོད། རྟ་ཡིས་ང་ལོང་བ་ཡིན་པ་དང་ངས་ལམ་ཡག་ཤོས་དེ་མཐོང་གི་མེད་པ་ཤེས། སྲོག་ཆགས་ཀྱིས་གནས་སྟངས་མང་པོ་ཚོར་ཤེས་ཀྱི་རེད། མཚམས་རེར་རྟ་ཁྱོད་དང་མཉམ་འགྲོ་འདོད་མེད་པ་དེ་ནི་ང་ལོང་བ་ཡིན་པ་ཤེས་པས་རེད། དེར་བརྟེན། རྟ་ཁུ་སེམ་མེར་ལང་ནས་བསྡད་དེ་ཁྱོད་ཀྱིས་ཁོ་ཚོ་མི་གདམ་རྒྱུའི་རེ་བ་བཅང་གི་ཡོད། དུས་ཚོད་གཞན་ལ་ངའི་ཁུག་མའི་ནང་ཁོ་རང་ཚོ་དགའ་སྣང་འོས་པའི་ཅ་དངོས་ཡོད་པ་ཤེས་ཚེ་དེ་དག་མདུན་དུ་བཅར་ནས་ཁྱོད་ལ་ཤུགས་ཆུང་ངུས་རེག་གི་རེད། ང་ལ་རྟ་ཞིག་ཡོད། རྟས་ང་སྲུང་སྐྱོར་བྱེད་ཆེད་ཧ་ཅང་དམའ་བའི་ལྕང་ལྡོང་གི་ཟུར་ནས་མི་འགྲོ ང་དེར་དོ་སྣང་ཧ་ཅང་གཏིང་ཟབ་ཡོད། རྟ་ཡིས་ཀྱང་འཇིགས་སྣང་ཚོར་ཤེས་ཀྱི་ཡོད། དེ་ནི་ང་བོད་ཀྱི་རི་བོ་བརྒལ་དུས་སོ་སོ་འཇིགས་སྣང་མེད་པ་ཞིག་དགོས་ལ་དེ་ནས་གཞི་ནས་ངའི་རྟ་ལའང་བློ་བདེ་པོ་ཞིག་ཡོང་ཐབས་དགོས་པའི་རྒྱུ་མཚན་རེད།
ང་རྟ་ལ་ཡིད་ཆེས་ཡོད། ངས་འགྲོ་བ་མི་ལའང་ཡིད་ཆེས་བྱེད་ཀྱི་ཡོད། དེ་ནི་ལོང་བ་ཚོར་དགོས་མཁོ་ཡོད་པ་ཞིག་རེད། ང་ཚོས་རྒྱུན་དུ་གྲོང་ཁྱེར་དུ་གནས་སྡོད་དམ་ཡང་ན་ཁྱད་མཚར་བའི་གནས་སྟངས་ཀྱང་འཕྲད་སྲིད། ང་ཚོས་ངེས་པར་དུ་རོགས་རམ་འཚོལ་ཐབས་དགོས། ང་ཚོར་རོགས་རམ་བྱེད་མཁན་ཞིག་མཐོང་གི་མེད་པར་བརྟེན་ང་ཚོས་ངེས་པར་དུ་དེ་དག་ལ་ཡིད་ཆེས་དགོས། ངས་མཐོང་མི་ཐུབ་པའི་སྐབས་སུ་ང་ལ་ལོག་ལྟ་བྱེད་མཁན་མང་པོ་ཡོད། དེ་དག་གིས་ཕྱི་ཚུལ་ནས་མི་ལ་གདིང་འཇོག་བཞག་གི་རེད། གལ་ཏེ་ང་ཚོ་མི་དེ་དག་གི་རྣམ་པ་ལ་མི་དགའ་ན་ངས་དེ་དག་དང་སྐད་ཆ་མི་བཤད། དེ་བས་སོ་སོ་དེ་དག་ལ་བཅོལ་འདོད་མེད་པ་ཆག་གི་རེད། ད་ལྟ་ངས་དེ་འདྲ་བྱེད་ཀྱི་མེད།
ཐེངས་ཤིག མོ་རང་བོད་ཀྱི་རི་ཟུར་ཞིག་བརྒལ་དུས་རྟ་ས་གཤོང་ཧ་ཅང་ཆེ་ཞིང་གཏིང་རིང་ས་གཅིག་ནས་མཆོང་འདུག རྟ་སྲབ་གཤོང་དུ་སླེབས་དུས་ཟུར་དུ་ཟགས། གཤམ་འོག་གཏིང་ཟབ་ས་ཤིག་ནས་རྟ་སྲབ་ཀྱིས་བྲག་རྡོར་རེག་པའི་སྒྲ་དེ་ཐོས། མོའི་རོགས་པ་ཚོ་དེ་ལྟར་བྲག་རྡོ་བརྒལ་མ་ཕོད་སྟབས་མོས་རོགས་པ་གཞན་སྒུག་ནས་ལམ་ཁ་གཞན་ཞིག་མི་འཚོལ་ཁག་མེད་དུ་གྱུར། མོས་ཐོག་མ་ཉིད་ནས་རྟས་ལོང་གཤོངས་དེ་ནས་མཆོང་གི་རེད་བསམ་མེད། འོན་ཀྱང་ལོང་བས་དུས་རྟག་ཏུ་ཉེན་ཁར་ཕྱོགས་པའི་སེམས་ཁམས་ཤིག་ཡོད་དགོས། མོས་ངེས་པར་དུ་རྟ་མ་འདྲོག་པའི་སྔོན་ནས་གྲ་བསྒྲིག་ཨང་གསར་ཚར་དགོས་ལ། སྤུས་མོ་འགུག་ཅིང་གཞན་ལ་མཆོང་ཆོག་པའི་གྲ་བསྒྲིག་ཀྱང་དགོས། དེ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་ལས་ཀ་བྱེད་པར་དགོས་མཁོ་ཅན་གྱི་ནུས་རྩལ་ཞིག་རེད་ལ། གནས་ཚུལ་ག་རེ་ཡིན་ཡང་དེར་ཁ་གཏད་ཐུབ་པ་ཞིག་དགོས། ཁྱོད་ཀྱིས་ལམ་ཁ་ནི་རྒྱ་ཆེ་ཞིང་གུ་ཡངས་པ་ཡོད་ངེས་དང་། ཡང་ན་རླངས་འཁོར་སོགས་དུས་ཐོག་ཐོན་ཐུབ་པའམ་ཆུ་དང་གློག་མུ་མཐུད་མཁོ་སྤྲོད་ཡོད་ངེས་རེད་བསམ་ནས་སྡོད་རྒྱུ་མེད་པ་རེད། ཅེས་བཤད།
༢༠༠༡ ཟླ་ ༥ ཚེས་ ༢༥ ཉིན། རང་ལོ་ ༣༢ སོན་པའི་ཨཱ་རི་མི་ཨཱེ་རི་ཁ། ཝེ་ཧིན་མེར་ Erik Weihenmayer ནི་འཛམ་གླིང་ཐོག་ཇོ་མོ་གླང་མར་འཛེགས་ཐུབ་པ་བྱུང་བའི་ལོང་བ་ཐོག་མ་དེ་ཆག སཱ་བི་རལ་ཋན་བི་ཁིན་ གྱིས་ཨཱེ་རི་ཁའི་བྱས་རྗེས་དེ་གོ་རྗེས་ཁོ་བོད་དུ་གདན་འདྲེན་ཞུས་ཏེ་མོའི་སློབ་མ་རྣམས་ལ་སེམས་ཤུགས་སྤར་ཐུབ་པའི་རེ་འདུན་ཞུས། ཨཱེ་རི་ཁས་རི་འཛེགས་རུ་ཁག་གཅིག་བསྡུས་ནས་མོ་དང་བཟའ་ཟླ་གཉིས་དང་། ད་དུང་ཁོ་ཚོའི་སློབ་མ་ ༦ བཅས་འཁྲིད་དེ་རྒྱ་མཚོའི་ངོས་ཀྱི་མཐོ་ཚད་མཱི་ཊར་ ༧༠༠༠ ཡོད་པའི་ཇོ་མོ་གླང་མ་དང་། དེའི་རི་ཚོགས་གཞན་ལྷག་པ་རི་ Lhakpa Ri གཉིས་ཐོག་འཛེགས་ཐུབ་པ་བྱས།
སཱ་བི་རལ་ཋན་བི་ཁིན་གྱིས་ད་ཐེངས་འགྲུལ་བཞུད་ཀྱི་དམིགས་ཡུལ་གཙོ་བོ་དེ་རིར་འཛེགས་རྒྱུ་དེ་མིན་པར། ང་ཚོས་འགྲུལ་བཞུད་རང་གི་བརྒྱུད་རིམ་དེར་དོ་དབྱིངས་མང་ཙམ་ཡོད། གཞན་དབར་མཛའ་བརྩེ་འཛུགས་ཅིང་དཀའ་ངལ་ཅན་གྱི་ཆ་རྐྱེན་འོག་ཚོགས་པ་ཞིག་གི་མཉམ་འབྲེལ་གྱི་ནུས་པ་མཉམ་མྱོང་བྱེད་རྒྱུ་དེ་ཡིན། གཞན་ཡང་ང་ཚོས་སློབ་མ་ཚོས་མ་འོངས་པའི་ཁོར་ཡུག་ལ་འཇིགས་སྣང་ལ་ཁ་ཕྱོགས་ཐུབ་པའི་རེ་བ་ཡོད།
ཨཱ་རིའི་ཉུག་ཡོག་ New York ཏུ་ཡོད་པའི་བྱིས་པ་ལོང་བ་ཞིག་གིས་ངེས་པར་དུ་འཚང་ཁ་ཆེ་བའི་ཁྲོམ་ལམ་དང་ས་འོག་ལྕགས་ལམ་བརྒལ་ཐབས་སྐོར་སྦྱོང་དགོས། ཧཱེ་མ་ལ་ཡའི་བྱིས་པ་ལོང་བ་ཚོས་ངེས་པར་དུ་འབར་འབུར་དང་འཁོས་སྙོམས་མེད་པའི་ལམ་ཁ་བརྒལ་ཐབས་དང་། གངས་རི་དང་འཁྱག་རི་ཐོག་བགྲོད་ཐབས་གང་འདྲ་དགོས་མིན། དེ་བཞིན་དྲག་ཆར་དང་རླུང་འཚུབ་ཀྱི་གནམ་གཤིས་འོག་བདེ་འཇགས་རྒྱུན་མཐུད་གང་འདྲ་དགོས་མིན་བཅས་སྦྱོང་དགོས། ང་ཚོས་ཝེ་ཧིན་མེར་དང་ཁོང་གི་དཔུང་སྡེ་དེས་ཕྲུ་གུ་ཚོར་རང་བྱུང་ཁམས་ཀྱི་མཛེས་ཉམས་དང་གཟི་བརྗིད་མྱོང་བཅུགས་པ་དང་། དཀའ་ཁག་ལ་གདོང་ལེན་གྱི་གོ་སྐབས་དེ་འདྲ་སྦྱིན་པར་སྙིང་དབུས་ནས་བཀའ་དྲིན་དྲན་གྱི་ཡོད།
ང་ཚོ་མཉམ་དུ་རི་རྩེ་ནས་ཁྱོན་ཡོངས་ཀྱི་འཇིག་རྟེན་གསར་པ་ཞིག་ཤེས་རྟོགས་བྱུང་བ་རེད། ཕྲུ་གུ་ཚོས་ལོང་བ་ཞིག་གི་ངོས་ནས་ཕལ་ཆེར་ལམ་ཙམ་ཡང་མེད་པའི་གངས་རིར་གོམ་པ་ཇི་ལྟར་སྤོ་དགོས་མིན་དང་། བདེ་འཇགས་འགན་སྲུང་ཐོག་རི་གཤམ་ཏུ་མི་ལྷུང་བའི་ཐབས། ཚང་མ་མཉམ་དུ་ཐག་པར་སྦྲིལ་ཏེ་རི་ལ་གང་འདྲ་འཛེགས་དགོས་མིན་བཅས་སྦྱོང་དགོས། དེ་བས་གལ་འགངས་ཆེ་བ་ཞིག་ནི། ཕྲུ་གུ་ཚོས་སོ་སོའི་དབང་པོ་ལྔ་བརྒྱུད་དེ་ཧ་ཅང་ཞིབ་ཚགས་ལྡན་པའི་འཇིག་རྟེན་འདི་ཚོར་ཐབས་བྱེད་དགོས། ཅེས་བཤད་ཡོད་པ་རེད།
སཱ་བི་རལ་ཋན་བི་ཁིན་ལ་ཨ་མ་ཇོ་མོ་ཊཱ་རིས་སའི་ Mother Teresa མིང་ཐོག་གི་གཟེངས་རྟགས་དང་། ཨཱ་བྷོ་ཊིའི་ Albert Schweitzer མིང་ཐོག་གི་གཟེངས་རྟགས། དུས་བབ་ཚགས་དེབ་ཐོག་གི་ཡཱོ་རོབ་ཀྱི་དཔའ་བོ་དང་ཨཱེ་ཤི་ཡ་ཤར་གླིང་གི་དཔའ་བོའི་གཟེངས་རྟགས་བཅས་ཐོབ་ཡོད་པ་དང་། ད་དུང་ནཱོ་བྷེལ་ཞི་བདེའི་གཟེངས་རྟགས་ Nobel Peace Prize སུ་འོས་མིའང་བཏོན་ཡོད་པ་རེད།
མོའི་མཐར་ཐུག་གི་དམིགས་ཡུལ་ནི་རྒྱ་གར་གྱི་ཀཱེ་རི་ལ་ Kerala, India ཞེས་པའི་ས་གནས་སུ་རྒྱལ་སྤྱིའི་ལོང་བའི་ཟབ་སྦྱོང་ལྟེ་གནས་ཤིག་བཙུགས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལོང་བ་ཚོར་སློབ་གྲྭ་དང་རིག་གནས་ཟབ་སྦྱོང་ལྟེ་གནས་གཅིག་གཟུག་རྒྱུའི་དོ་དམ་གྱི་ནུས་རྩལ་མཁོ་འདོན་བྱ་རྒྱུ་དེ་རེད།
མ་ཡིག་ལག་བསྟར་རྩོམ་སྒྲིག་པ། ལཱིང་ཧྲི་ཡོན། 林诗远
མ་རྩོམ་གྱི་འབྲེལ་ཐག
https://www.epochtimes.com/gb/17/2/24/n8845794.htm
གོ་ལ་ཧྲིལ་པོ་འདི་ཡི་ནང་ལ། བོད་ཡིག་ཐོག་ལ། ལོང་ཡིག་ཀློག་ཐུབ་མཁན་མི་ག་ཚོད་ཙམ་ཡོད་དམ། ཉི་ཧོང་དུ་ནི། ཚགས་པར་སོགས་ཐོན་ཚད་ལོང་ཡིག་ཏུ་ཐོན་རྐྱང་བྱེད་བགྱིན་ཡོད་པ་ཞིག་གོ་མྱོང་ཡང་། བདེན་པ་ཡིན་མིན་ནི་མི་ཤེས་སོ།།
བོད་པས་ལོང་ཡིག་ཀློག་པ་དང་། ལྐུགས་བརྡ་ལག་པས་སྟོན་ཤེས་ལ། མིག་གིས་ཧ་གོ་མཁན་ཇི་ཙམ་ཡོད་དམ། ལགས།།