ཨ་རིག་དགེ་མཐོང་།
ཉེ་ཆར་ཁོ་བོ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཧི་མ་ཅལ་མངའ་སྡེའི་བྱང་ཕྱོགས་ངྷ་རམ་ས་སོགས་ལ་ལས་དོན་ཞིག་གི་ཆེད་དུ་སོང་ཡིན། སྐབས་དེར་རྩོམ་གྲོགས་དང་དྲ་གྲོགས། བློས་ཐུབ་གྲོགས་པོ་དང་ཤ་ཉེ། ས་ཕྱོགས་གཅིག་པའི་ཡུལ་མི་གང་མང་ཞིག་ལ་ཐུག་འཕྲད་བྱུང་བ་དང་། ཕན་ཚུན་ལ་བདེ་སྡུག་བརྗོད་ནས་སྐྱིད་པོ་ལྟ་བུ་བྱུང་། ཕྲན་གྱི་ས་མཐའི་སྤུན་གྲོགས་ཤིག་གི་ནང་དུ་རྨ་ཆུའི་བསམ་གཏན་གྱི་དཔྱད་རྩོམ་དེབ་༼ བོད་ལ་ལྟ་བ༽་ཞེས་པ་དེ་འདུག ངས་ཁོ་ལ་འདི་ང་ལ་སྤྲད་ན་ཆོག་གམ་ཞེས་ལབ་ཡིན། ཁོས་འགྲིག་གི་རེད་ཟེར། ང་ལ་མཚོན་ན་དེབ་དེ་ཀློག་འདོད་ཀྱི་འདུན་པ་དྲག་ཏུ་འཕྱུར་ན་ཡང་། གནས་སྐབས་རྒྱབ་ཁུག་ནང་དུ་བཅུགས་ནས་བལྟས་མེད། རྒྱུ་མཚན། མེ་འཁོར་བརྒྱུད་ནས་ས་ཐག་རིང་དུ་འགྲོ་དགོས་པ་དང་སྐབས་དེར་ཀློག་ན་རང་གཅིག་བུ་ཡིན་པས་འགྲོ་རོགས་འདུག་རོགས་ལྟ་བུ་ཉན་ས་རེད་བསམ། སྤྱིར་བཏང་རྨ་ཆུའི་རྩོམ་པ་པོའམ་རྡུང་ལེན་པ་བསམ་གཏན་ནི་བོད་ཀྱི་རྡུང་ལེན་པ་དང་རྩོམ་པ་པོ་མིང་གྲགས་ཡོད་མཁན་ཡིན་པས་ཕལ་ཆེ་བས་ཤེས་རྒྱུ་རེད་བསམ། ཁོ་བོ་ཕ་ཡུལ་གཙང་དགོན་ན་ཡོད་དུས་སུ། རྨ་ཆུའི་བསམ་གཏན་གྱི་འཁོར་ཐག་ཆེད་སྒྲིག་ཅིག་ལག་ཏུ་རག་མྱོང་ལ། སྐབས་དེ་ནས་བཟུང་སེམས་ཀྱི་ངོ་ཤེས་རྙིང་བ་ལྟ་བུར་གྱུར། ཡིན་ནའང་། སྐབས་དེར་ཁོང་ནི་སློབ་ཕྲུག་གཅེས་སྐྱོང་བྱེད་པའི་དགེ་རྒན་ཞིག་དང་། སྤྱི་ཚོགས་དཔྱད་བརྗོད་འབྲི་བའི་རྩོམ་པ་པོ་ཞིག་ཡིན་པ་ཡིད་དུ་དྲན་མ་མྱོང་ལ་རྣ་བས་ཀྱང་ཐོས་མ་བྱུང་། རྗེས་སུ་ཁོ་བོ་ས་མཐར་འཁྱམས་ཤིང་དེ་ནས་བོད་ཀྱི་སྐད་ཡིག་དང་ལྷག་པར་རྩོམ་རིག་ལ་དོ་སྣང་བྱུང་། དེ་དུས་རྣ་ལམ་དུ་རྨ་ཆུའི་བསམ་གཏན་གྱིས་ཨ་ལགས་དོར་ཞི་ཚང་ལ་ཕུལ་བའི་རྩོམ་ཡིག་ཅིག་གི་ནང་དོན་གོ་ཐོས་བྱུང་། ད་དུང་མཚོ་སྔོན་པོའི་ཟིན་བྲིས་སུ་ཁོང་གིས་རྩོམ་ཡིག་བདེ་མོ་རྐྱང་རྐྱང་འབྲི་གིན་འདུག་པ་སོགས་ཀྱིས་དོ་སྣང་བྱ་ཡུལ་དང་། སོ་སོའི་ངོ་ཤེས་ལྟ་བུར་གྱུར་ཡོད། རྒྱུ་རྐྱེན་དེ་འདྲ་ཞིག་གི་དབང་གིས་ཁོང་གི་རྩོམ་དེབ་ཀློག་རྒྱུ་དགའ་བ་དཔག་མེད་ཅིག་སྐྱེས་པ་རེད།
དཔེ་དེབ་ཀྱི་ཁ་ཕྱེ་མ་ཐག་ཏུ་མིག་ལམ་དུ་མངོན་ཡོང་བ་ནི། མིག་ཟུང་ཟུམ་ལ་ཁད་ཀྱི་གསར་བུ་གདོང་ལ་འཛུམ་མདངས་ཅན་དེ་རེད། ཁོང་ནི་རྨ་ཆུའི་བསམ་གཏན་དང་པིར་མིང་ལ་རྡོ་རང་སྐྱེད་ཅེས་པ་དེ་ཡིན་པ་ཤེས། རང་ལོ་བཅུ་བདུན་ནས་བཟུང་རྩོམ་རིག་ལ་འཐམ་འཛིང་དང་བྱིས་པ་ཚོའི་དྭངས་གཙང་སེམས་ཁམས་སུ་ཤེས་རིག་གི་འོ་ཆུ་བླུག་པ་དང་། རང་གི་དགའ་ཕྱོགས་དེ་མཚམས་བཞག་མ་མྱོང་པ་མ་ཟད་དགའ་ཕྱོགས་ལ་འབད་པས་རང་གི་མི་ཚེ་སྟོང་ཟད་དུ་བཏང་མེད་ཅེས་པའི་ཚིག་དེ་མཐོང་བྱུང་། ཇི་འདྲའི་སྐད་ཆ་བསོར་མོ་ཞིག་དང་གཏན་ཚིགས་བདེ་མོ་ཞིག་རེད་ཨང་སྙམ།
དེ་ནས་ཀློག་མཁན་ལ་ཕུལ་བའི་སྙིང་གཏམ་ཞེས་པའི་ཡིག་འབྲི་འགའ་མིག་ལམ་དུ་ཤར་སོང་། བྲེལ་འཚུབ་དང་བཅས་ཀློག་དུས་སྐད་ཆ་འདི་ལྟ་བུ་འདུག “བདག་གིས་གནས་ལུགས་དེའི་ཡུལ་ལྗོངས་ནས་རང་ཉིད་ལ་མཁོ་བའི་མི་ཡུལ་ཞིག་ཡོད་པར་ངང་སྒུག་བྱས་མོད། རེ་བ་དེ་ནི་ཆང་ཁང་གི་མི་སྐྱ་བསྟན་འཛིན་ཞིག་དང་། གྲྭ་ཁང་གི་དགེ་སློང་ཆབ་སྲིད་པ་གཉིས་ཀྱིས་བཙིར་ནས་སྐེ་རྩར་བསྒགས་ཟིན་པས། བདག་གི་ཤེས་རབ་ཀྱི་མིག་ཟུང་ཐང་དུ་འགྲིལ་ལ་ཁད། བདག་གིས་དེ་ནས་བཟུང་ཀློག་མཁན་ལ་སེམས་ཀྱི་སྡུག་ཡུས་ཁོ་ན་བཤད་དགོས་བྱུང་། ’’དེ་འདྲའི་ཚིག་དེ་མཐོང་དུས་རྩོམ་པ་པོའི་དགའ་ཕྱོགས་སམ་ཡང་ན་སྡང་ཕྱོགས་དེ་ཏོག་ཙམ་ཕྲན་གྱིས་ཤེས་སོང་། ད་དུང་རྩོམ་པ་པོ་ཞིག་གི་རང་ཚུགས་འདི་ལྟར་མངོན་ཡོད་དེ། མཐར་དེད་ན་བདག་ལ་ཀློག་མཁན་ཞིག་ཡོད་པའི་རེ་བའི་མེ་སྟག་དེ་ནི་ང་མི་འཆི་བའི་སྲོག་རླུང་ཕྲ་མོ་དེ་ཡིན་པ་འདྲ། ཞེས་དང་། དེབ་ཆུང་འདི་རུ་བཤད་པའི་སྐད་ཆ་རེ་རེ་ལ་གཡོ་ཟོལ་རྫུན་ཁེབས་ཀྱི་ཆ་རྡུལ་ཙམ་ཡང་མེད་ཅེས་བཤད་མི་ཕོད་དེ། ངས་ཀློག་མཁན་ལ་འགན་འཁུར་དགོས་ཤིང་། བདེན་པའི་ཆོས་ཉིད་ཀྱི་ལྟ་བ་བརྩི་འཇོག་བྱ་དགོས་ལུགས་བརྗོད་པ་དོན་ལ་གནས་པ་དང་ཀུན་གྱིས་ཡིད་ལ་འཛིན་དགོས་པའི་བསླབ་བྱ་ཞིག་གོ ། མདོར་བསྡུས་ན་རྩོམ་པ་པོ་ཞིག་ལ་མཚོན་ན་ཀློག་པ་པོ་ལས་བཀའ་དྲིན་ཆེ་བ་དང་རེ་ལྟོས་བྱེད་ས་མེད་པ་དེ་རེད། ད་དུང་རྩོམ་པ་པོས་ཀྱང་རང་གི་རྩོམ་ཡིག་ཀློག་མཁན་ལ་གདེང་འཇོག་དང་མགོ་བསྐོར་གཏོང་མི་ཉན་པ་དེ་ནི་དངོས་གནས་གལ་ཆེའི་བསླབ་བྱ་ཞིག་རེད། དེ་མིན་དེང་སང་དྲ་རྩོམ་དར་བ་བཟུང་ཁ་བྱང་དང་རྩོམ་ཡིག་གཉིས་ཤར་ནུབ་དང་། ནང་དོན་ནི་ཀློག་པ་པོའི་སེམས་ངོགས་སུ་འཆར་རྒྱུ་ཅི་ཡང་མེད་པར། ཚིག་གང་རྫིག་རྫིག་དང་ཐ་སྙད་མཐོ་པོ་དང་བརྡ་རྙིང་རེ་འབྲི་སྲོལ་ཡོད་པ་དེ་རེད། འདི་ནི་ད་ལྟའི་ན་གཞོན་ཚོ་ལ་རྒྱུན་འབྱམས་སུ་འབྱོར་བའི་ན་ཚ་སྡུག་ཤོས་ཤིག་རེད།
རྩོམ་ཡིག་ཀུན་གྱི་ཐོག་མ་ནི་གངས་སེང་བོར་བའི་གཏམ་ཞེས་པ་དེ་རེད། ངས་མཐོང་མ་ཐག་ཆབ་སྲིད་ཅིག་གླེང་གིན་ཡོད་པ་འདྲ་བསམ།བརྗོད་བྱ་དངོས་ལ་ཐུག་དུས་དངོས་ཡོད་ཀྱི་བདེན་པ་ར་སྤྲོད་ཅིག་དང་། རང་གི་བསམ་བློའི་ནུས་རྩལ་ཡོད་རྒུ་བཏོན་ཏེ་དཔྱད་པ་བཏང་འདུག ལྷག་པར་དགེ་ཆོས་ཀྱིས་ཅི་བཤད་ན་བདེན་པར་འཛིན་པའི་དེང་སང་གི་ནད་ཡམས་དེ་དོར་སྟེ། རང་གི་མཐོང་ཐོས་མྱོང་གསུམ་དང་། ལོ་རྒྱུས་ཞིབ་ཀློག་བྱས་ཏེ་གངས་སེང་ཡོད་པའི་ཏན་རྟགས་དུམ་ཚིག་ཁག་ཅིག་བགྲངས་འདུག་པ་དེའོ། ། ཁོང་གིས་གངས་སེང་ངོས་འཛིན་འདི་ལྟར་བྱས་འདུག གངས་སེང་ནི་བྱང་མདོའི་འཁྱག་གླིང་གི་དོམ་དཀར་ལྟ་བུའི་སྲོག་ཆགས་ཤིག་ཡིན། ཞེས་དང་། དགེ་ཆོས་ལྟར་ན་བོད་མི་ལ་གངས་མི་ཞེས་མི་འབོད་པ་ཅི་ཡིན། ཞེས་པའི་དྲི་བ་ནག་པོ་ཞིག་ཀྱང་ཞོར་ནས་བཏང་འདུག གངས་སེང་ཡོད་མེད་ཀྱི་ཐད་དུ་བོད་ཕྱི་ནང་གི་རྩོམ་པ་པོར་རློམ་མཁན་དང་མཁས་པར་འཛིན་པ་ཚོས་མང་བོ་ཞིག་བྲིས་པ་རེད། ཡིན་ནའང་། གངས་སེང་ནི་དངོས་གནས་བྱས་ན་ཡོད་པ་འདྲ། ལོ་རྒྱུས་ལས་སྐྱེས་ཆེན་ཞིག་གིས་དངོས་སུ་མཐོང་བ་བཤད་མྱོང་ལ། དེང་གི་དུས་སུ་གངས་སེང་མཐོང་རྒྱུ་མེད་པ་ཙམ་གྱིས་མེད་པར་བསྒྲུབ་མི་ནུས་སོ། ། དཔེར་ན། ད་ནས་བཟུང་ལོ་འགའི་རྗེས་སུ་བོད་ཁུལ་ན་གཡག་ལབ་ན་ཡང་ཕལ་ཆེར་མཐོང་རྒྱུ་དཀོན་པ་དང་། སྔོན་གྱི་དུས་སུ་གནམ་གྲུ་དང་རླངས་འཁོར་སོགས་མཐོང་རྒྱུ་མེད་པས་མེད་པར་འཇོག་མི་ནུས་པ་ལྟར་རོ། །
ཀླུ་སྒྲུབ་དགོངས་རྒྱན་འགྲེལ་སྟངས་ཐད་ནས་ཁོ་བོ་དང་བསམ་ཚུལ་མི་མཐུན་པ་མང་བོ་ཞིག་འདུག ཡིན་ནའང་། ང་དང་བསམ་ཚུལ་མི་མཐུན་པ་ཙམ་གྱིས་ཁོང་གིས་ནོར་སོང་བ་དང་འཆུག་ཡོད་པ་དེ་འདྲ་མ་རེད། རྩོམ་ཡིག་དེའི་ཐད་ནས་ཀྱང་ཁོ་ལ་གདེང་འཇོག་བྱེད་དགོས་ས་ཡོད་དེ། མི་སྐྱ་ཞིག་གིས་གྲུབ་མཐའི་དཀའ་གནད་དམ་ལྟ་བའི་སྐོར་ལ་འགྲེལ་བཤད་དེ་ཙམ་བྱས་པ་ཕྲན་གྱིས་གུས་བརྩི་་དང་འདེང་འཇོག་བྱེད་ཀྱིན་ཡོད་ལ། དེའི་ནང་གི་མ་རེད་བསམ་སྐྱིད་མང་བོ་དེ་ཚོ་ལ་ཁོ་བོས་དམིགས་བསལ་གྱིས་དགག་བྱ་ཅང་མ་མཐོང་ངོ་། །རྒྱུ་མཚན། མི་ཚེ་གྲུབ་མཐའ་དང་ལྟ་གྲུབ་ལ་འབད་པའི་གྲྭ་བ་ཕལ་ཆེ་བས་དེ་འདྲ་མི་འཁྱོངས་པས་ན་མི་སྐྱ་ཞིག་ལ་ཁག་ཅི་ཡོད་སྙམ་ནས་བཏང་སྙོམས་སུ་བཞག་ཡོད།
ཡང་ཁོང་གིས་བདག་དང་་བརྡུང་ལེན་གྱི་གསང་གཏམ་ཞེས་པའི་ནང་དུ། “དམངས་ཁྲོད་བཤད་རྒྱུན་ལས། ཟས་ཀྱིས་ལུས་གསོ་ཞིང་། གླུ་ཡིས་སེམས་གསོ་’’ཞེས་པ་ནང་ལྟར། གླུ་ནི་འཚོ་བ་དང་བར་ཐག་ཆེས་ཉེ་བའི་ “སྙན་ངག་’’རེད་ཅེས་བཤད་ཆོག་ལ། གླུ་ནི་མིའི་གཤིས་རྒྱུད་ཀྱི་མཛེས་པ་མཚོན་ཐབས་དགའ་ཤོས་རེད་ཅེས་བཤད་མི་ཆོག་གམ། “ བདག་གི་འཚོ་བ་ནི་གླུ་དང་འབྲེལ་བ་དམ་པོ་ཡོད་དེ། སྐྱིད་དུས་སྐྱི་གླུ་དང་སྡུག་དུས་སྐྱོ་གླུ་ལེན་ངེས་ཡིན’’ཞེས་ཁོང་གིས་རྡུང་ལེན་སྒྱུ་རྩལ་འདི་ལ་འདེང་འཇོག་དང་འཚོ་བ་དངོས་དང་འབྲེལ་བའི་འགྲེལ་བཤད་ལེགས་པོ་ཞིག་བཀྱོན་འདུག་པ་དེ་རེད། གཞན། བོད་དུ་རྡུང་ལེན་པ་ཇེ་མང་དུ་སོང་བ་ནི་དགའ་བའི་དོན་ཞིག་དང་། དབྱངས་ཀྱི་སྦྱོར་བའི་ལས་འཛོལ་དང་། ཚིག་གི་སྦྱོར་བའི་ལུས་འཛོལ་སོགས་ཉན་མཁན་ལ་བག་ཆགས་ངན་པ་བཞག་ཡོད་པ་ནི་སེམས་སྐྱོ་དགོས་པ་ཞིག་དང་རེ་ཐག་ཆད་དགོས་པ་ཞིག་རེད་ཅེས་པ་ཅི་མ་བདེན། ལོ་རེ་ནས་ལོ་རེར་ཚིག་དབྱངས་རྐུ་མ་བརྒྱབས་པ་མ་ཟད་རང་གི་ཡིན་མདོག་བྱས་ཏེ་ལེན་པ་དང་། ལྷག་པར་མཚོ་སྔོན་རླུང་བརྙན་འཕྲིན་གྱི་གར་སྟེགས་སྟེང་དུ་ཡང་ང་ཚ་རྒྱབ་ལ་གཡུགས་ཏེ་རང་ངོ་མ་ཟིན་པར་ཡོང་མཁན་ཇེ་མང་རེད། འདི་ལྟར་བལྟས་ཡོང་ན་དེའི་ཕྱོགས་ནས་འཐུས་ཤོར་ཞིག་ཏན་ཏན་ཡོད་རྒྱུ་རེད། དེ་མིན་ཁོང་གིས་གསུངས་པ་ལྟར། རྡུང་ལེན་འདི་དར་ཞིང་ཆེད་ལས་ཀྱི་ཕྱོགས་སུ་སོང་སྟེ་མ་འོངས་པ་ན་རྒྱལ་སྤྱིའི་རྡུང་ལེན་རིག་པ་ཞེས་པ་ཞིག་བྱུང་ཡང་སྲིད། ཅེས་པ་དང་། རྡུང་ལེན་པ་ཚོ་ནི་ཡིག་རྨོངས་པར་བརྩི་མཁན་གྱི་ཡི་གེ་འབྲི་བ་ཚོ་ལ་ཞོར་ནས་ཟུར་མདའ་ཞིག་ཀྱང་འཕངས་འདུག
བདག་གིས་རིག་གནས་ཀུན་སྤྱོད་ནས་བཤད་པ་ཞེས་པའི་ནང་དུ་གནས་ལུགས་མང་བོ་ཞིག་བགྲངས་འདུག་ཀྱང་རེ་རེ་བཞིན་དྲངས་ན་ཡིག་ཚོགས་མང་བར་དོགས་ནས་གནད་འགག་ཅན་རེ་བཏོན་ན། མདུན་ལམ་ནི་རང་ཉིད་ཀྱིས་གསར་བཏོད་བྱ་དགོས་པ་ཞིག་རེད་ཅེས་པ་དང་། དཔོན་པོའི་བུ་ཕྲུག་ལ་ལག་རྟགས་རྫུན་མ་མང་བ། རྒྱུགས་ཚད་རྐུ་བཤུ་མཁན་དག་ལ་སྐར་གྲངས་མཐོ་པ་ཞེས་དང་། བོད་ཀྱི་སྤྱི་ཚོགས་ནང་དུ་ཡིག་རྨོངས་པ་བརྒྱ་ཆའི་བདུན་ཅུ་ཟིན་པ་དང་། གསར་འགྱུར་དང་རྩོམ་རིག་ལ་དོ་སྣང་བྱེད་མཁན་དེ་ལས་ཉུང་བ་ཞེས་སོགས་ལོས་བདེན་བསམ་སྐྱིད་མང་བོ་བྲིས་འདུག འདི་ལྟར་བལྟས་ཡོང་ན་རྨ་ཆུའི་བསམ་གཏན་གྱིས་བོད་ཀྱི་སྤྱི་ཚོགས་ལ་རྒྱུས་ལོན་ཟབ་མོ་བྱས་འདུག་པ་བདེན་དཔང་བྱེད་ཐུབ་ཀི།
བདག་གིས་ཕྱོགས་ཞེན་གླེང་བ་ཞེས་པའི་ནང་དུ། ཁྱོད་ཤི་ང་གསོན་ཞེས་པའི་ཁ་དཔེ་དེ་ནི་ཆབ་སྲིད་ཅེས་པའི་སྤྱི་སྡོམ་ལྟ་བུ་ཞིག་རེད། གཡོ་སྒྱུ་སུ་ལ་ཆེན་ན་རྒྱལ་ཁ་ཡོད་ཅིང་། ཞེས་གཏན་ཚིགས་ལྟ་བུའི་སྐད་ཆ་མང་བོ་འདུག ད་དུང་། ཆབ་སྲིད་ཅེས་པའི་གཡོ་སྒྱུ་ཡོད་ཚད་ལ་རིན་ཐང་འཇོག་པ་དང་། ཆོས་ལུགས་ཞེས་པའི་ཁྱིམ་ཚང་གཞན་ཞིག་གི་འབོད་སྲོལ་ཆགས་ཡོད་པ་དེ་ནི་མི་རིགས་ཀྱི་འཆི་མལ་རེད། ཆོས་ལུགས་ཀྱིས་ང་ཚོ་གང་ལའང་ཁྱི་བཞིན་སྐེ་ཐག་བཅོས་ནས་འཁྲིད་བཞིན་ཡོད་ཅེས་རང་གི་བསམ་ཚུལ་དང་འཇིག་རྟེན་འདིའི་དར་རྒུད་ལ་ཞིབ་འཇུག་ལྟ་བུར་བྱས་ཏེ་མཐའ་མའི་རང་གི་བསམ་ཚུལ་དངོས་དེ་བྲིས་ཡོད་པ་འདྲ། དེའི་འོག་ཏུ་གསལ་བོར་བཤད་ན་ང་ཚོ་དབང་བོ་ལྔའི་རྒྱལ་བོ་ཡིན་པ་ལས་བྲན་གཡོག་ཏུ་མི་དུད་པར་ཐུགས་རྗེ་ཆེ་ཞུ་ཞེས་པའོ། །འདི་ལྟར་ཁོང་གིས་རྩོམ་ཡིག་དེ་མཇུག་བསྡུས་འདུག
རྨ་ཆུ་བའི་ཁྱི་བཤད་ཅེས་པའི་ནང་དུ་འབྲོག་ཁྱིའི་སྐོར་དང་འབྲོག་བུ་གཅིག་ཆུང་མ་དགུ་ལ་འཐོར་བ་དང་ཁོས་རྒྱུན་དུ་མི་རིགས་ཀྱི་ལ་རྒྱ་གླེང་བ། དེ་མིན་ངོ་མ་བློས་ཐུབ་ཟེར་བའི་མྱི་སྣ་ཞིག་གིས་གང་ན་བསྒུག་ཡོད།
ང་ཚོས་རང་ཉིད་རྫུན་དུ་འགྱུར་ངེས་པའི་སྐད་ཆ་གང་མང་མང་བཤད་ཀྱིན་འདུག་ཅེས་པ་ལྟ་བུའི་སྟེང་ནས་ཀྱང་བསམ་བློ་ལ་ངེས་པ་འདྲེན་སྟངས་མ་འདྲ་བ་རེ་རྙེད་ཀྱང་། དེ་དག་རེ་རེ་ནི་གླེང་ནས་རྫོགས་མཐའ་མ་མཆིས་སོ། །
དཔྱོད་ཤེས་རྒྱང་འབོད་ལ་ལྟ་བ་ཞེས་པའི་ནང་དུ་སྐུ་ཞབས་ཞོགས་དུང་དང་ཁོང་གཉིས་ཀྱི་འབྲེལ་ལམ་དང་ཞོགས་དུང་དཀར་འདོན་ལྟ་བུ་དང་། གནས་ལུགས་དང་བདེན་པ་ངོ་སྤྲོད་ལྟ་བུའི་སྐད་ཆ་མང་པོ་མང་བོ་ཞིག་སྤུངས་འདུག
རྩོམ་ཡིག་འབྲི་མཁན་ལ་ཕུལ་བའི་ནང་གཏམ་ཞེས་པའི་ནང་གི་གནད་ཚིག་འགའ་བགྲངས་ན། རྩོམ་ཡིག་གི་ཆེད་དུ་དུས་ཚོད་མང་ཤོས་གཏོང་བ་དང་རྩོམ་ཡིག་ལ་འབད་བརྩོན་བྱེད་མཁན་ཞིག་ཡིན་ན། ཁྱེད་ཀྱིས་མི་གཞན་ལ་ངོམ་སོ་བྱེད་རྒྱུ་ཞིག་ཡོད་པ་ནི། རྩོམ་ཡིག་ལས་མེད་ལ། དེའི་ཆེད་དུ་རང་ཉིད་ཀྱིས་ཡོད་ཚད་བློས་གཏོང་ཐུབ་པ་སོགས་ནི་རྒྱུན་ལྡན་གྱི་རྩོམ་པ་པོ་ཚོའི་རང་གཤིས་ལྟ་བུ་དང་། ང་རྒྱལ་ནི་རང་ཉིད་མཚོན་ཚུལ་དགའ་ཤོས་རེད་ཅེས་བཤད་འདུག་ལ། དེ་འདྲའི་ང་རྒྱལ་ནི་རང་རྒྱལ་གཞན་ཕམ་ལྟ་བུ་མིན་པར་ཁོང་གིས་བདེ་ཐང་གི་ང་རྒྱལ་ཞེས་ཐ་སྙད་གསར་བ་ཞིག་བེད་སྤྱོད་གཏོང་བཞིན་འདུག རེད་དེ་ཡང་ནང་ཆོས་དང་སྤྱི་ཚོགས་ཁྱོན་ཡོངས་ནས་བལྟས་ན་དགག་བྱ་མེད་ལ་དགོས་པ་ཆེ་བའི་གཏམ་ཞིག་རེད། མདོར་དྲིལ་ན། དེའི་ནང་དོན་གཙོ་བོ་རང་གིས་རང་ལ་ཡིད་རྟོན་ཞེས་ཟེར་བ་དང་འདྲའོ། །
བོད་ཀྱི་ཡང་སྤྲུལ་རིག་གནས་ལས་འཕྲོས་པའི་གཏམ་ཞེས་པའི་ནང་དུ།་སྔོན་གྱི་མཁས་པ་དང་ད་ལྟའི་བསམ་བློ་པ་མང་བོ་ཞིག་གི་གསུང་དྲངས་འདུག་པ་ལས་ཁོང་གི་ལྟ་ཚུལ་ཉུང་བས་ན་ཁོ་བོ་ལ་དམིགས་བསལ་གྱིས་སྐད་ཆ་འདྲ་བཤད་རྒྱུ་མེད།
མཇུག་ཏུ་གསལ་བཤད་ཅིག་ལ། ཁོ་བོས་ད་ཐེངས་དེབ་དེའི་ནང་གི་བོད་ལ་ལྟ་བ་ཞེས་པའི་སྐོར་བྲིས་མེད། རྒྱུ་མཚན་དེ་ནི་ཁོང་གི་རྩོམ་དེབ་ཀྱི་སྙིང་བཅུད་ལྟ་བུ་དང་འོ་མའི་ནང་གི་མར་ལོ་ལྟ་བུ་རེད་འདུག་པས་རྗེས་སུ་གླེང་རྒྱུ་ལས། ཐེངས་འདིར་བྲིས་ན་ཡིག་ཚོགས་མང་ངེས་རེད།།
རྨ་ཆུ་རུ་རི་མོ་བ་བསམ་གཏན་ཟེར་བ་ཞིག་འདུག་དེ་དང་གཅིག་པ་རེད་དམ།
ཨ་རིག་དགེ་མཐོང་ལགས། ངས་བལྟས་ན་ཕལ་ཆེར་ཁྱོད་ལ་དུས་ཚོད་མང་པོ་ཡོད་ངེས། གོང་དུ་བྲིས་པའི་རྩོམ་ཡིག་ལས་སྤྱི་ཚོགས་ལ་ཕན་པ་དང་། མི་བུ་སྒེར་ལ་ཕན་པ། ཡང་ན་ཁྱེད་དང་ང་ལྟ་བུའི་ཀློག་པ་པོར་ཕན་པའི་ཆ་ག་ཚོད་ཡོད་དམ། ཕན་ཐོགས་མེད་པའི་ཅ་དངོས་ག་ཚོང་མང་ཡང་གད་སྙིགས་ལྟ་བུ་ལས་རིན་ཐང་ཆེ་བ་མེད་ན། རིན་ཐང་ཡོད་པའི་རྩོམ་ཡིག་འབྲི་གལ་ཆེ་བ་ལས་ཀློག་པ་པོའི་དུས་ཚོད་བེད་མེད་མ་གཏོང་རོགས་གནང།
དགེ་མཐོང་གྲགས་པའི་སྙན་པ་རྒྱང་ནས་ཐོས།།
སྡེབ་ལེགས་ངག་གི་རོལ་མོ་དྲུང་ནས་མཇལ།།
ཁོ་བོ་སྤྲོ་བའི་མགྲིན་པ་ཁྱེད་ལ་ཕྱོགས།།
ཡང་ཡང་དྲྭ་བ་འདི་རུ་འཛོམ་པར་སྨོན།།
བསམ་སྐྱིད་ཅེས་མང་པོ་ཞིག་བྲིས་འདུག་དེ་ལ་དམིགས་བསལ་ཁུངས་འདྲ་མེད་ན། བསམ་སྤྱད་ཅེས་འབྲི་དགོས་པ་ཞིག་ཚོར་སོང་།
ཨ་༽ཕ་ཨ་མས་དྲིན་གྱི་བསྐྱངས་པའི་གངས་ཕྲུག་འཁྱམ་པོ་ཁྱོད། །
རིག་༽པའི་གཞུང་ལུགས་ཐོག་ལ་སྦྱངས་བ་ཁྱད་དུ་འཕགས་པ་ཁྱོད། །
དགེ་༽བཅུ་ལས་ལ་བརྩོན་པའི་དགོན་གྱི་བླ་རྒན་རྙིང་པ་ཁྱོད། །
མཐོང་༽རྒྱ་ཆེ་བའི་རྨ་ཆུའི་བསམ་གཏན་དཔྱད་རྩོམ་རྟོགས་མཁན་ཁྱོད། ་།
ཨ་རིག་དགེ་མཐོང་ཞབས་ལ་ཕྱག་ཀྱང་འཚལ་ན་འདོད་པ་ཚིམས། །
ཁོ་བོའི་རྩོམ་རྙོག་འདི་ཁ་བརྡ་དྲ་བར་བཀོད་པ་དགའ་ཡོད། གཞན་ཁག་ཅིག་གིས་བསམ་འཆར་བཤད་པར་སྤྲོ། ལྷག་པར་ལས་རླུང་གིས་བཤད་པ་དེ་ངོས་ལེན་བྱེད་ངེས་ཡིན། ཁོ་བོས་ནོར་འཆུག་བྱུང་བ་རེད་ལགས། རྗེས་སུ་ལམ་སྟོན་རེ་ཡོང་བར་སྒུག་ནས་འདུག
དགེ་མཐོང་གི་བསད་ནོ་བདེན་ན་དེབ་དེ་སྡུག་ཐུག་ཡིན་ས་མ་རེད། ཅིག་ཀློག་འདོད་བྱུང་སོང་།
ནོར་སོང་ནོར། དགེ་མཐོང་གིས་༼བཤད་ནོ་བདེན་ན༽ལ་བཅོས་རོགས།
བོད་ལ་ལྟ་བ་ཞེས་པའི་ཁ་བྱང་ལ་བལྟས་ན་ལེགས་པོ་ཞིག་འདུག་བསམ་བྱུང་ཡིན་ཡང་དགེ་མཐོང་གི་གོང་དུ་འབྲེལ་ཞིག་རྒྱབ་པ་ལ་ལྟས་ན་དེ་ཙམ་ཞིག་ཡིན་རྒྱུུ་རེད་བསམ་བྱུང་རྗེས་ནས་དེབ་ཆ་ཚང་མཐོང་ན་གླེང་ཆོག་གི་རེད་བསམ་བྱུང་དྲ་གྲོགས་ཚོས་ལྟས་ན་དེ་འདྲ་ཞིག་མིན་ནམ།
དྲ་གྲོགས་ཚོ་ལ་གསལ་བཤད་ཅིག་ལ་དེབ་དེའི་ནང་གི་ཚིག་སྦྱོར་མ་འདྲ་བ་ཞིག་འདུག དངོས་གནས་ཡག་གི་བསམ་བྱུང་། ཚང་མས་ཀློག་ན་དེ་ནས་ཤེས་རྒྱུ་རེད།
ཨ་རིག་དགེ་མཐོང་ང་ཡི་ལམ་གྲོགས་ཡིན།།
ཨ་མཚར་རྩེད་མོར་དགྱེས་པ་མཐོང་ལགས་ཀྱང་།།
ཨ་མའི་བུ་འདིས་རྩོམ་གཤིས་སྙན་མོ་འདི།།
ཨ་སྡུག་བུ་ངས་ད་བར་མ་མཐོང་ངོ་།།
གྲོགས་པོ་ལགས། ཁྱེད་ཀྱིས་ཟིན་བྲིས་རྣམས་གུས་པས་ཀློག་གིན་ཡོད།
ཧ་ཅང་སྙན་མོ་འདུག མི་མཐུད་དུ་འབྲི་རོགས་གནང་།