ཡར་འབྲོག་རྡོ་རྗེ། འཕགས་ཡུལ་སྨན་རྩིས་མཐོ་སློབ་ཁང་།
གླེང་གཞི།
འབྱུང་བའི་གཡོ་འགུལ་དང་སེམས་ཅན་གྱི་ལས་དབང་གཉིས་ལྷན་གཅིག་ཏུ་འཛོམས་ནས་ལྷོ་འཛམ་བུའི་གླིང་འདི་རུ་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གཉིས་ཆགས་པ་དང་། ལྷག་པར་དུ་འགྲོ་བ་མིའི་རིགས་ཆགས་པ་ནས་བཟུང་རང་རང་སོ་སོའི་གནས་ཡུལ་གྱི་དུས་བཞིའི་འགྱུར་འགྲོས། ཡིད་ཆེས་དང་དད་པའི་སེམས་ཁམས་ཀྱི་འཁྱེར་ཕྱོགས། ཉིན་རེའི་འཚོ་བའི་ཟས་སྤྱོད་ཀྱི་གོམས་གཤིས་སོགས་མི་འདྲ་བའི་ཁྱད་པར་ལ་བརྟེན་ནས་ཡུལ་ལུང་སོ་སོར་ནད་རིགས་སྔོན་འགོག་གི་ཐབས་ལམ་དང་ནད་བཅོས་ལག་ལེན་གྱི་རིག་པ་ཡང་མི་འདྲ་བ་མང་པོ་ཞིག་ཁྱབ་གདལ་དུ་འགྲོ་འགོ་ཚུགས་ཡོད། འོན་ཀྱང་གནའ་བོའི་སྤྱི་ཚོགས་དེའི་སྐབས་མིའི་ཀླད་པའི་ནུས་ཤུགས་དང་། བསམ་བློའི་ཆུ་ཚད། ཚན་རྩལ་རིག་པའི་གོ་རྟོགས། མི་གཤིས་ཀྱི་ལྟ་གྲུབ་སོགས་ལ་གཟེངས་སུ་ཐོན་པའི་ཡར་རྒྱས་དང་དར་ཁྱབ་ཏུ་ཕྱིན་མེད་པས་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་མིའི་བསམ་བློའི་འཁྱེར་ཕྱོགས་དང་སེམས་ཁམས་ཀྱི་སློབ་གསོ་སོགས་ནང་སེམས་དང་འབྲེལ་བའི་གནད་དོན་ཐད་ལ་དོ་སྣང་དང་རྟོག་སད་ཀྱི་མྱུ་གུ་དེ་རྒྱས་ཐུབ་མེད་པ་རེད། ལྷག་པར་དུ་ནུབ་ཕྱོགས་པའི་སྤྱི་ཚོགས་ནི་ཆབ་སྲིང་དང་། དཔལ་འབྱོར། ཚན་རིག་སོགས་ཀྱི་ལྟ་གྲུབ་དར་ཁྱབ་ཆེས་སྔ་བའི་ཡུལ་གྲུ་ཞིག་ཏུ་འདོད་ཀྱང་མིའི་བསམ་བློ་དང་འབྲེལ་བའི་སེམས་ཁམས་ཀྱི་ལྟ་གྲུབ་འདི་ནི་དུས་རབས་བཅུ་དྲུག་ཙམ་ནས་མ་གཏོགས་དར་ཁྱབ་ཏུ་སོང་མེད།
བོད་ལུགས་གསོ་རིག་སེམས་ཁམས་རིག་པ་ཞེས་པ་བོད་རིག་པའི་གཞུང་ལུགས་གཞན་དང་མ་འབྲེལ་བར་ལོགས་སུ་གྱེས་པའི་གཞུང་ཞིག་མེད་ཀྱང་དུས་རབས་བརྒྱད་པའི་ནང་གངས་ཅན་གསོ་བ་རིག་པའི་བྱེད་པོ་མཚུངས་མེད་གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་《བདུད་རྩིའི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད།》ཅེས་པ་འདི་ནི་མིའི་སེམས་དང་ཡོངས་སུ་འབྲེལ་བའི་ཚད་ལྡན་གྱི་གསོ་བ་རིག་པའི་གཞུང་ལུགས་ཞིག་ཡིན་པ་ནི་བོད་ལུགས་གསོ་རིག་ལ་རྟོག་སད་དང་སྤྲོ་བ་ལྡན་པའི་སྐྱེས་བུ་ཀུན་གྱི་ཁ་གཅིག་གྲགས་ཡིན། སྐབས་འདིར་ཁོ་བོས་བརྗོད་པར་འདོད་པ་འདི་ཡང་གངས་ཅན་གསོ་བ་རིགས་པའི་ཆུ་གཏེར་ཆེན་པོ་འདི་ཉིད་ལས་འཁྲུངས་པའི་ལྷད་མེད་སེམས་ཁམས་རིག་པའི་འབབ་ཆུ་ལས་འཕྲོས་པའི་རང་ཉིད་མྱོང་བའི་དཔྱད་གཏམ་ཉལ་འགྲོའི་ཁྱེའུ་གསར་ཞིག་ཡིན། །
གསོ་བ་རིག་པ་དང་སེམས་ཁམས་ཀྱི་འབྲེལ་བ།
དེ་ཡང་གཡུ་ཐོག་པས། འགྲོ་བའི་ལུས་འདི་འབྱུང་བཞི་ལས་གྲུབ། ། གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། ། གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། ། ལུས་ནད་གཉེན་པོ་བདག་ཉིད་གཅིག་ཏུ་འབྲེལ། ། ཞེས་རྒྱ་ཆེ་ལ་གཏིང་ཟབ་པའི་བོད་ལུགས་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཆེན་པོ་འདི་ཉིད་མཐར་ཐུག་གི་དགོངས་དོན་དུ་ལུས་ནད་གཉེན་གསུམ་འབྱུང་ལྔའི་རང་བཞིན་ཅན་གྱི་བདག་ཉིད་གཅིག་འབྲེལ་ཡིན་པ་སྡོམ་ཚིག་ཏུ་བཀོད་ཡོད། ཞིབ་དུ་དཔྱད་ན་འདི་གསུམ་ཀ་ཡང་སེམས་ཁམས་དང་ལྷན་གཅིག་ཏུ་འབྲེལ་ནས་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་དམ་ཟབ་ཞིག་གྲུབ་ཡོད། །
དང་པོ། འགྲོ་བའི་ལུས་དང་སེམས་ཁམས་ཀྱི་འབྲེལ་བ།
འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ།། ཞེས་པ་དང་། དང་པོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ།། རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་སྐུལ་ནས།། འབྱུང་ལྔ་ཚོགས་པས་མངལ་དུ་ཆགས་པའི་རྒྱུ།། ཞེས་འགྲོ་དྲུག་གཙོ་བོར་འགྱུར་པའི་མི་ལུས་ཀྱི་རིན་ཆེན་འདི་ནི་ཐོག་མར་ལྷད་སྐྱོན་གང་ཡང་མེད་པའི་ཕ་ཡི་ཁུ་བ་དང་མ་ཡི་ཟླ་མཚན། རང་ཉིད་ཀྱི་རྣམ་པར་ཤེས་པ་གསུམ་པོ་འབྱུང་ལྔའི་རང་བཞིན་དུ་བྱས་པ་འདི་དག་དང་ལྷན་གཅིག་ཏུ་ལྐོག་འགྱུར་བའི་ལས་དབང་གི་རྒྱུ་རྐྱེན་དུ་མ་ཞིག་འདུས་པའི་དབང་འོག་ནས་ཆགས་པ་དང་། བར་དུ་རོ་དྲུག་གི་ཟས་སྐོམ་དང་འགྲོ་འདུག་གི་སྤྱོད་ལམ་སྣལ་མ་ཞིག་ལ་བརྟེན་ནས་གནས་པ། མཐར་འབྱུང་བའི་ཁམས་དང་དབང་པོའི་ནུས་པ་ཉམས་ནས་འཇིགས་འགྲོ་བའི་རང་བཞིན་ཅན་ཞིག་ལ་ལུས་ཞེས་བྱའོ།།
འོ་ན་ཆགས་གནས་འཇིག་གསུམ་གྱི་རང་བཞིན་ཅན་གྱི་ལུས་འདི་སེམས་ཁམས་དང་ཇི་ལྟར་འབྲེལ་ལམ་སྙམ་ན། ལུས་འདི་ཐོག་མར་ཆགས་དུས་ནས་རྙོག་འཛིངས་ཆེ་བ་སོ་སྐྱེས་ཕལ་པའི་དཔྱོད་ཡུལ་ལས་འདས་པའི་ལྐོག་འགྱུར་གྱི་ལས་དེ་དག་འཛོམ་རྗེས་རང་ཉིད་ཀྱི་རྣམ་པར་ཤེས་པ་འཇུག་པ་ལས་གྲུབ་པ་ཞིག་ཡིན་ལ། མིའི་སེམས་སེམས་ཁམས་ཀྱི་རྣམ་གཞག་ལ་ཐུས་ཚང་གི་འགྲེལ་པ་ཞིག་བརྒྱག་དགོས་ན་རྣམ་པར་ཤེས་པ་དེ་དང་ལོག་སུ་བརྗོད་ཐབས་མེད། བར་དུ་ལུས་འདིའི་འཚོ་གནས་ཀྱི་དུས་ཡུན་དེའི་རིང་རྒྱུད་ལས་དངོས་ཤུགས་གང་རུང་སུ་བསྟན་པའི་མི་གཤིས་ཀྱི་རང་བཞིན་བདུན་ལ་སོགས་པའི་རྒྱུན་བརྟན་གྱི་བྱ་སྤྱོད་མང་དག་ཞིག་ནི་མིའི་བསམ་བློའི་འཁྱེར་ཕྱོགས་དང་ཐད་དཀར་སྦྱར་ཏེ་བཤད་ཡོད། མཐར་ཁུ་ཁྲག་སེམས་གསུམ་འབྱུང་ལྔའི་རང་བཞིན་དུ་གནས་པ་འདི་དག་ལས་སྒྲུབ་པའི་ཕུང་པོ་འདི་འཇིགས་པའི་དུས་སུ་ཡང་འབྱུང་བའི་ཁམས་ཉམས་པ་དང་ལྷན་གཅིག་ཏུ་སེམས་ཁམས་ལ་འགྱུར་བ་མང་པོ་ཞིག་འགྲོ་གིན་ཡོད། ལྷག་པར་དུ་ལུས་འདི་ཉིད་འཇིགས་པའི་ལྟས་སུ་མིའི་རྒྱུན་བརྟན་གྱི་རང་བཞིན་འགྱུར་བ་དང་རྨི་ལམ་འཁྲུགས་པ་ལ་སོགས་པ་སེམས་ཁམས་དང་འབྲེལ་བའི་འགྱུར་ལྡོག་མང་པོ་བྱུང་བཞིན་ཡོད། མདོར་བསྡུས་ན་ལུས་ཅན་འདི་ནི་ཆགས་གནས་འཇིག་གསུམ་གྱི་དུས་ཡུན་དེའི་རིང་སེམས་ཁམས་དང་ལོགས་སུ་འགྲེལ་བརྗོད་བྱ་ཐབས་བྲལ། །
གཉིས་པ། གསོ་བྱའི་ནད་དང་སེམས་ཁམས་ཀྱི་འབྲེལ་བ།
གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་སྐྱེད།། ཅེས་པ་དང་། ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ།། བདག་མེད་དོན་མ་རྟོགས་པས་མ་རིག་ཅེས།། ཞེས་བོད་ཀྱི་གསོ་བ་རིག་པའི་ནང་འཁོད་པའི་ནད་ཀྱི་རྣམ་གྲངས་སྟོང་དང་དྲུག་བརྒྱ་བཅུ་དྲུག་གམ་དེ་ཡང་བརྒྱས་པར་བཤད་ན་རྣམ་པའི་སྒོ་ནས་དཔག་ཏུ་མེད་ཀྱང་མདོར་བསྡུས་ན་འབྱུང་བ་ལྔ་བརྟེན་དུ་བྱས་པའི་ཉེས་གསུམ་གྱི་འཕེལ་ཟད་འཁྲུགས་གསུམ་ནང་མ་འདུས་པ་མེད། རང་ལུག་གསོ་རིག་ཀྱི་རྩ་བའི་ལྟ་གྲུབ་བམ་རླུང་མཁྲིས་བད་ཀན་གྱི་རྣམ་གཞག་འདི་ཡང་ཐོག་མར་སྐྱེས་པར་བྱེད་པའི་རྒྱུ་ནི་དབང་པོའི་སྤྱོད་ཡུལ་ལས་འདས་པའི་མིའི་སེམས་ཁམས་ཀྱི་སྣང་ངོར་ལྐོག་འགྱུར་དུ་གནས་ཉོན་མོངས་པའི་སེམས་བྱུང་མ་རིག་པ་ལས་བྱུང་བའི་འདོད་ཆགས་དང་། ཞེ་སྡང་། གཏི་མུག་གསུམ་ཡིན།
ཡང་རྣམ་དཔྱོད་པ་འགའ་རེས་དེ་ལྟར་ན་ནད་ཀྱི་རྣམ་གྲངས་ཇི་རྙེད་དེ་ཀུན་སེམས་ཁམས་ཀྱི་ནད་རགས་དུ་སེམས་ནས་ཕྱི་དངོས་པའི་ལག་རྩལ་གྱི་ཐོག་ནས་སྨན་བཅོས་བྱ་ཐབས་བྲལ་བར་འདོད་སྲིད། དེ་ནི་རྣམ་དཔྱོད་ཀྱི་རིག་པ་རྒྱས་དྲག་པའི་ཐལ་སྐྱོན་ཞིག་ཡིན་པ་ལས་དངོས་གཙོ་སྨྲ་བའི་ལྟ་གྲུབ་འགལ་བ་ནམ་ཡང་མེད། རིག་པའི་གཞུང་གང་འདྲའ་ཞིག་ཡིན་རུང་རྒྱུན་བརྟན་གྱི་འཚོ་བ་དང་སྤྱི་ཚོགས་ཀྱི་གནས་སྟངས་དངོས་དང་ཁ་བྲལ་ཚེ་དེའི་ཕན་ནུས་དང་དགོས་འཁོ་ནི་འཚོ་བའི་སྟོང་ཆ་ཞིག་འགྱུར་ངེས་ཡིན། དེ་དང་མཚུངས་པར་ནད་རིགས་གང་འདྲའ་ཞིག་ཡིན་རུང་ནང་སེམས་ཁམས་སྙོམས་མ་སྙོམས་པ་ལས་ཉེས་གསུམ་འཕེམ་ཟད་འཁྲུགས་གསུམ་དུ་འགྱུར་བའམ་ཡང་ན་ཕྱིའི་འབྱུང་བ་སྙོམས་མ་སྙོམས་ཀྱིས་ཉེམ་གསུམ་འཕེལ་ཟད་འཁྲུགས་གསུམ་དུ་འགྱུར་པ་གང་རུང་ཞིག་ལས་མ་འདས་པས་ནད་དེ་རྒྱུ་རྐྱེན་གང་གིས་བྱས་པ་དེ་དང་འཚམས་པའི་ནད་བཅོས་བྱ་རྒྱུ་དེ་ཡིན།
དེ་ལྟར་བོད་ལུགས་གསོ་བ་རིག་པའི་རྩ་བའི་སྒྲོམ་གཞི་ལྟ་བུའི་ཉེས་པ་རླུང་མཁྲིས་བད་ཀན་གསུམ་གྱི་རྣམ་གཞག་འདི་རྒྱུ་མ་རིག་པ་ལས་རླུང་མཁྲིས་བད་ཀན་གསུམ་གྱི་རྣམ་གཞག་འདི་ནི་རྒྱུ་མ་རིག་པ་ལས་བྱུང་བའི་འདོོད་ཆགས་ཞེ་སྡང་གཏི་མུག་གསུམ་དང་སྦྱར་ཐབས་ཀྱི་རིག་པ་འདི་ནི་གནའ་དེང་ཀྱི་རིག་གནས་གང་གི་ནང་ཡང་མེད་པའི་ཕུལ་བྱུང་གི་གསར་གཏོད་ཞིག་ཡིན་ལ་མིའི་སེམས་ཁམས་དང་སྦྱར་ཏེ་འགྲེལ་བའི་ཐབས་ལམ་ཞིག་ཀྱང་ཡིན། །
གསུམ་པ། གཉེན་པོའི་སྨན་དང་སེམས་ཁམས་ཀྱི་འབྲེལ་བ།
གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད།། ཞེས་པའི་སྨན་ནི་ནད་གང་སེལ་བར་མཆོགས་ཏུ་འགྱུར་བ་དང་ཚེ་སྲོག་ལ་ཕན་པ་དེ་ལ་སྨན་ཞེས་བྱ་བ་ལས་དངོས་གཙོ་སྨྲ་བའི་རིག་གསར་གྱི་ཐོན་སྐྱེད་ལས་གྲུབ་པའི་འབྱུང་བ་ལྔ་ལྡན་གྱི་རྫས་དེ་གཅིག་པོ་མིན། སྤྱིར་ནད་ཀྱི་རྣམ་གྲངས་ཇི་རྙེད་དེ་ཀུན་རྒྱུ་མིའི་སེམས་ཁམས་དང་འབྲེལ་བའི་ཉོན་མོངས་ལས་འབྱུང་བར་འདོད་ཀྱང་ནད་བྱེ་བྲག་པ་སོ་སོ་རེ་རེ་ནས་སེམས་ཁམས་དང་འབྲེལ་བ་ཇི་གྲུབ་ཡོད་པ་ནི་ཤིན་ཏུ་ལྐོག་འགྱུར་དུ་གནས་ཡོད་པས་བརྗོད་ཐབས་མེད། དེར་བརྟེན་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་མཐུན་པར་བོད་ལུག་གསོ་བ་རིག་པའི་ནང་ཐད་དཀར་སེམས་ཁམས་དང་འབྲེལ་བའི་ནད་འབྱུང་པོའི་གདོན་ནད་དང་། གཟའ་ནད། ཀླུའིགདོན་ལ་སོགས་པ་འགའ་ཤས་ཤིག་འཁོད་ཡོད། ནད་དེ་རྣམས་ནི་ཀུན་རྫོབ་འཁྲུལ་བའི་བློས་དེས་རྣམ་དོག་འདྲའ་མིན་འཆར་ནས་ལུས་ཅན་གྱི་བླ་སྲོག་ལ་བར་དུ་གཅོད་བྱ་བས་གཉེན་པོ་ཡང་དེ་དང་མཐུན་པར་ཚུན་གཏོར་དང་། མདོས་གཏོར་ལ་སོགས་རིམ་འགྲོའི་ཆོ་ག་སྣ་ཚོགས་ཡོད། རིམ་འགྲོའི་ཆོ་ག་དེ་དག་ཕྱི་ཚུལ་དུ་རྨོངས་དད་ཀྱི་རྣམ་པ་ཞིག་ཏུ་སྣང་ཡང་དོན་དམ་དུ་མིའི་སེམས་ཁམས་གསོ་བའི་ཐབས་ལམ་ཁྱད་པར་ཅན་ཤ་རྟགས་ཡིན་ནི་མེས་པོའི་ཁ་རྒྱུན་དུ་ཡང་། “གཏོར་བཅོས་བྱིས་པའི་རྩེ་མོ་ཕན་ཡོན་རི་རབ་ལྷུན་པོ།” ཞེས་སྤྱི་ཚོགས་ཀྱི་འཚོ་བའི་ཉམས་མྱོངས་དངོས་དང་མཐུན་པར་གནས་འདུག
༧གོང་ས་མཆོག་གིས་ཀྱང་《ལེགས་བཤད་བློ་གསར་མིག་འབྱེད།》ནང་“ལུས་ལ་ན་ཚ་ཞིག་བྱུང་ན་ཡང་། ཆོས་ཀྱི་གནད་དོན་རྟོགས་པ་དང་མ་རྟོགས་པ་གཉིས་ལ་ལུས་སེམས་ཀྱི་སྡུག་བསྔལ་ཆེ་ཆུང་དང་དེ་སེལ་ནུས་མིན་ཁྱད་པར་ཤིན་ཏུ་ཆེ་སྟེ། ཆོས་ཀྱི་གནད་མ་རྟོགས་པ་དང་། ཆོས་ཀྱི་བྱིན་རླབས་ཀྱི་རྩི་གང་ཡང་མེད་པའི་མི་དེར་ལུས་ཀྱི་ནད་ཀྱི་ཚོར་བ་དྲག་པོའི་སྟེང་དུ་སེམས་ལ་ནད་དེ་མི་བཟོད་པའི་སྡུག་བསྔལ་ཆེན་པོ་ཞིག་གིས་ནོན་ནས་ལུས་སེམས་གཉིས་ཀ་བདེ་བའི་གོ་སྐབས་མེད་སྡུག་བསྔལ་གྱིས་མནར་བ་རེད། ཆོས་ཀྱི་གནད་དོན་རྟོགས་པ་ཞིག་ཡིན་ན། ལུས་ལ་ན་ཚ་བྱུང་བ་དེ། སྔོན་བསགས་སྡིག་པའི་འབྲས་བུ་ཡིན་པ་དང་། འཁོར་བའི་རང་བཞིན་དུ་མཐོང་ནས་ལས་བདག་གིར་བྱ་འདོད་ཀྱི་བསམ་པ་སོགས་ལ་བརྟེན་ནས་སྡུག་བསྔལ་དང་དུ་བླངས་པས་ཡིད་ཀྱི་སྡུག་བསྔལ་མི་འབྱུང་། དེ་མི་བྱུང་བས་ཕྱི་ལུས་ཀྱི་ནད་ཀྱི་སྡུག་བསྔལ་དེ་ནང་བསམ་པའི་སྟོབས་ཀྱིས་ཟིལ་གྱིས་མནན་ནས་སྡུག་བསྔལ་སེལ་ནུས་པ་འབྱུང་། དེའི་རྒྱུ་མཚན་ནི་ལུས་སེམས་གཉིས་ཀྱི་ནང་ནས། སེམས་དེ་ལུས་ལ་དབང་སྒྱུར་བའི་གཙོ་བོ་ལྟ་བུ་དང་། ལུས་དེ་སེམས་ཀྱི་དབང་བསྒྱུར་བྱ་ལྟ་བུར་གནས་པས་བདེ་སྡུག་གི་ཚོར་བ་སེམས་ཀྱི་མཐུ་དེ་ཆེ་བ་ཡོད།” ཞེས་པ་ལྟར་སེམས་ཁམས་གསོ་ཐབས་འདི་ཡང་བོད་ལུགས་གསོ་བ་རིག་པའི་མངོན་ཐོན་གྱི་ནད་བཅོས་བྱ་ཐབས་ཞིག་ཡིན། །
མཇུག་གཏམ།
བོད་ལུགས་གསོ་བ་རིག་པ་འདི་ལ་ལུང་གི་རྒྱབ་བརྟེན་དང་རིག་པའི་དཔྱད་པ་གཉིས་ཟུང་འབྲེལ་ཐོག་ནས་ཞིབ་འཇུག་བྱས་ན་སེམས་ཁམས་དང་འབྲེལ་བའི་ཚད་ལྡན་གྱི་གསོ་བ་རིག་པའི་གཞུང་ལུགས་ཞིག་ཏུ་གྲུབ་ཐུབ། འོན་ཀྱང་གནད་དོན་འདི་ནི་ང་ཚོར་ལྷག་པའི་སྟོང་ཆ་ཆེན་པོ་ཞིག་སྟེ། ཕྱོགས་གཅིག་ནས་དུས་རབས་ཀྱི་འགྱུར་བས་ང་ཚོར་བསྐུར་བའི་འོས་འགན་ཞིག་ཡིན་ལ། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཀྱི་དགོས་འཁོ་དང་བསྟུན་ནས་ང་ཚོར་འཁྲི་བའི་ལས་འགན་ཞིག་ཀྱང་ཡིན། དེར་བརྟེན་ང་ཚོས་སྟོང་ཆ་དེ་སྐོང་པར་དེང་རབས་རིག་གསར་ཚན་རིག་དང་ཞིབ་བསྡུར་བྱས་ནས་གྲུབ་འབྲས་ཐོབ་པར་འབད་བརྩོན་བྱེད་དགོས། དེ་ལྟར་བྱུང་ན་བོད་ལུགས་གསོ་བ་རིག་པའི་གཞུང་ལུག་འདི་ལ་བསླུ་མེད་ཀྱི་ངེས་ཤེས་བརྟན་པོ་ཞིག་དང་། སྤྱི་ཚོགས་ཐོག་ཚད་མཐོའི་གདེང་འཇོག་ཅིག་ཐོབ་ངེས་ཡིན། །
་་་་་་་་་ འགྲོ་དྲུག་གཙོ་བོར་འགྱུར་པའི་མི་ལུས་ཀྱི་རིན་ཆེན་འདི་ནི་ཐོག་མར་ལྷད་སྐྱོན་གང་ཡང་མེད་པའི་ཕ་ཡི་ཁུ་བ་དང་མ་ཡི་ཟླ་མཚན། རང་ཉིད་ཀྱི་རྣམ་པར་ཤེས་པ་གསུམ་པོ་འབྱུང་ལྔའི་རང་བཞིན་དུ་བྱས་པ་འདི་དག་དང་ལྷན་གཅིག་ཏུ་ལྐོག་འགྱུར་བའི་ལས་དབང་གི་རྒྱུ་རྐྱེན་དུ་མ་ཞིག་འདུས་པའི་དབང་འོག་ནས་ཆགས་་་་་་་་་་་་
ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ།།
བདག་མེད་དོན་མ་རྟོགས་པས་མ་རིག་ཅེས།།
ཚིག་རྐང་འདི་གཉིས་ཀྱིས། ད་ལྟའི་བོད་ཀྱི་གསོ་བ་རིག་པ་ནི། ནང་པའི་གསོ་བ་རིག་པ་རེད་ཅེས་ཟེར་ན་མི་ཆོག་པ་མེད་པ་ཆགས་སྟངས་འདི་རེད་སྙམ་མོ།།
ཇི་རྙེད་འདི། ཇི་སྙེད་ལ་བཅོས་དགོས།
ཡང་།
་་་་་་་་ བོད་ལུག་གསོ་བ་རིག་པའི་ནང་ཐད་དཀར་སེམས་ཁམས་དང་འབྲེལ་བའི་ནད་འབྱུང་པོའི་གདོན་ནད་དང་། གཟའ་ནད། ཀླུའིགདོན་ལ་སོགས་པ་འགའ་ཤས་ཤིག་འཁོད་ཡོད། ནད་དེ་རྣམས་ནི་ཀུན་རྫོབ་འཁྲུལ་བའི་བློས་དེས་རྣམ་དོག་འདྲའ་མིན་འཆར་ནས་ལུས་ཅན་གྱི་བླ་སྲོག་ལ་བར་དུ་གཅོད་བྱ་བས་གཉེན་པོ་ཡང་དེ་དང་མཐུན་པར་ཚུན་གཏོར་དང་། མདོས་གཏོར་ལ་སོགས་རིམ་འགྲོའི་ཆོ་ག་སྣ་ཚོགས་ཡོད། རིམ་འགྲོའི་ཆོ་ག་དེ་དག་ཕྱི་ཚུལ་དུ་རྨོངས་དད་ཀྱི་རྣམ་པ་ཞིག་ཏུ་སྣང་ཡང་་་་་་་་
འདིར་ཀྱང་། བོད་ཆོས་ལྡན་ཞིང་གི་སྨན་བཅོས་ཀྱི་ཁྱད་ཆོས་བླ་ན་མེད་པ་ཞིག་བསྟན་ཡོད་པ་ཀླད་གསར་ཀུན་གྱིས་ཀྱང་ཤེས་པ་གལ་ཆེའོ།།
ནད་རྣམས་ཀུན་གྱི་རྒྱུ་ནི་གཅིག་པུ་སྟེ།།
བདག་མེད་དོན་མ་རྟོགས་པས་མ་རིག་ཅེས།།
མ་རིག་ཅེས་པས་ནང་པའི་གསོ་རིག་ལ་ཇི་ལྟར་གོ་དགོས་སམ། བྱས་ན་རྒྱ་གར་ཚེ་རིག་བྱེད་དང་སྨན་ལུགས་གཞན་ལས་ཀྱང་མ་རིག་ཅེས་པའི་གནད་དོན་གླེང་མཁན་ཡོད་པས་དེ་དག་ཐམས་ཅད་ནང་པའི་གསོ་རིག་རེད་པས།་་་་ཧཧཧ
ཨ་ཁུ་འབྲུག་པས་ནང་པའི་གསོ་རིག་ཅེས་མིང་འབོད་བྱེད་པ་དང་ལ་དྭགས་པས་ཨེམ་ཆི་ལུགས་སུ་བཤད་པས་འོ་ན་བོད་ཀྱི་གསོ་བ་རིག་པ་དེ་མིང་དེ་འདྲའི་མང་པོ་འདོགས་དགོས་ཨེ་ཡོད་སྙམ།
བོད་ཀྱི་གསོ་བ་རིག་པ་ནང་པའི་གསོ་རིག་མ་རེད་དོ།
སྨན་རྩིས་ཁང་སློབ་གྲྭའི་པུ་གུས་སེམས་ཁམས་སྐོར་གྱི་རྩོམ་ཁྱ་རེ་ཁྱོ་རེ་ཞིག་བྲིས་འདུག
བོད་དུ་གནས་བཞུགས་རྩོམ་པ་པོ་ཚོའི་རྩོམ་ཡིག་མང་ཙམ་བལྟ་ཀློག་བྱ་ཐུབ་ན་ཕན་ཐོགས་ཡོད། དེ་མིན་བློ་འཛིན་ཙམ་གྱིས་དེ་རིང་གི་འཇིག་རྟེན་གྱི་གནམ་ཕང་གཅོད་མི་ཐུབ།