ཨེ་མ་ཧོ།
སརྦ་ལོ་ཀ་བྷོ་ཊ་བི་ཛ་ཡེ།
བོད་རྒྱལ་བཙན་པོའི་བདེན་དྲང་ལོ་རྒྱུས་བརྗེད།།
རང་དབང་ཟེར་ནས་བྲན་གཡོག་ལམ་ལུགས་སྤེལ།།
ཤེས་ལྡན་མི་ལ་ཉེས་མེད་རྫུན་ཞྭ་གཡོགས།།
བདེན་པའི་རྒྱལ་ཁ་རི་བོང་རྭ་དང་མཚུངས།།
དྲང་པོའི་མི་ལ་བསྟོད་བསྔགས་བརྗོད་མཁན་དབེན།།
གཡོ་རྫུན་འཚོགས་པར་བདེན་ཚིག་ངོ་སོ་འདོན།།
བོད་སྐད་གཙང་མ་རྒྱ་དབྱིན་འདྲིས་མས་ལྷད།།
མཐུན་སྒྲིལ་གཅིག་འགྱུར་མོ་ཤམ་བུ་མོ་འདྲ།།
ནང་བསྟན་ཆོས་ལ་སྒྲོ་བཀུར་སྐྱོན་བརྗོད་བྱེད།།
གཞན་རྗེས་མ་ཟིན་རྨོངས་པས་གྲགས་པར་རྒྱུགས།།
ཆོས་པས་འཇིག་རྟེན་འཁོར་བས་ཆོས་སྟོན་ན།།
བསྟན་སྲིད་ཟིན་པ་རུས་སྦལ་སྤུ་ལྟར་ལགས།།
གྲྭ་བ་བླ་མ་ཡིན་ཟེར་ཆོས་བརྒྱད་འགྲན།།
སྤྱི་དོན་དཔོན་པོ་ཡིན་ཟེར་རང་དོན་གཉེར།།
བཤད་སྒྲུབ་མེད་པར་ཁང་སྟོང་བཞེངས་པ་རྣམས།།
ལུགས་གཉིས་འཛིན་པར་འཁྱག་སྟེང་མཁར་བརྩིགས་བཞིན།།
བྱིས་པ་སློབ་སྦྱོང་མི་མངགས་ལག་གཡོག་བཀོལ།།
གཞོན་ནུའི་རང་ལུགས་མི་ཤེས་དམར་ཕྱོགས་དད།།
རྒན་པས་དམ་ཆོས་མི་བརྩོན་ནང་དཀྲུགས་སྤེལ།།
རང་དབང་ཐོབ་པ་ནམ་མཁའི་མེ་ཏོག་མཚོན།།
འོན་ཀྱང་རང་དོན་མེད་པའི་སེམས་དཔའི་ཚོགས།།
ལུགས་གཉིས་བསྟན་སྲིད་སྤེལ་བའི་བཀའ་དྲིན་ལས།།
བསྟན་པའི་རྒྱལ་མཚན་བསྒྲང་པའི་ཚུལ་མཐོང་ཚེ།།
གངས་ལྗོངས་ལས་དབང་མི་དམན་སྐལ་བ་བཟང་།།
ཞེས་པ་རབ་རྒྱན་ཤིང་རྟའི་ཟླ་ཚེས་ངན་པར་རྐྱེན་ངན་ཞིག་གིས་ཨེ་མ་ཧོས་བྲིས་པ་འདིས་ལུགས་གཉིས་འཛིན་སྐྱོང་སྤེལ་བའི་བཟང་ངན་ཤེས་པའི་རྒྱུ་རུ་གྱུར་ཅིག་གུ།། །།