་་་་་་་་་་་་་་་་་་་་་་་་་་ཨ་རིའི་བོད་སྐད་བརྙན་འཕྲིན་གྱི་མདུན་དུ་བསྟབས་པའི་གཏམ་ཤལ་ལེ་མ།
ཨ་འཇམ་གྱིས།
མི་རིགས་ཤིག་ལ་མི་རིགས་ཤིག་གི་ཁྱད་ཆོས་ལྡན་པའི་གོ་རིམ་ནི། མི་རིགས་གང་དེའི་ཀྱག་ཀྱོག་གི་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་གོ་རིམ་ཁྲོད་དུ་འབད་ཅིང་རྩོལ་བ་ལ་བཏབ་སྟེ་བྱུང་བའི་རིག་གནས་ཐོན་སྐྱེད་ཀྱི་སྣང་ཚུལ་ཞིག་ལ་གོ་ཆོག དེ་རིང་གི་མགོ་བོ་མཐོ་བར་འདེགས་པའི་འུ་ཅག་གི་གདེང་སྤོབས་འདི་ཡང་མེས་པོའི་རྩོལ་སྒྲུབ་ཀྱི་ནུས་པས་བསྐྱེད་པའི་རིག་གནས་ཀྱི་ངོམ་སོ་ལས་བྱུང་བ་ཡིན།
ང་ཚོས་རིག་གནས་གང་ཞིག་གི་ཁྱད་ནུས་ཀྱང་རང་ཉིད་ཀྱི་ཁོར་ཡུག་དང་དུས་ཚོད་ཀྱི་བབ་བསྟུན་དུ་ཐག་གཅོད་དགོས་པའི་གནས་ཚུལ་ཤིན་ཏུ་མང་པ་བདེན་དུ་མཆི་ཡང་། རིག་གནས་གང་ཞིག་གི་མདུན་དུ་བདོག་པའི་མི་རིགས་དེ་ཉིད་ཀྱིས་རིག་གནས་དེ་ལ་ལྟ་བའི་འདུ་ཤེས་འཛིན་སྟངས་ཚད་ལྡན་ཞིག་དང་། བཀོལ་སྤྱོད་ཁེ་ཕན་ཡང་དག་ཅིག འགན་འཁྲིའི་བསམ་བློ་བརྟན་པོ་ཞིག་དགོས་ཏེ། རིག་གནས་དེས་སྐྱོབ་པའི་མི་རིགས་ཤིག་གི་དར་རྒུད་ཐག་གཅོད་ཀྱི་གནད་དོན་ཞིག་དང་འབྲེལ་བས་སོ།། ཅི་ཙམ་མི་རིགས་རང་ཉིད་ཀྱི་རིག་གནས་དཔལ་ཡོན་དང་རྒྱང་ཁད་གྱེས་པའི་མི་རིགས་དེ་ནིརྒུད་ལྟས་ཀྱི་འགོ་ཚུགས་པའི་མངོན་རྟགས་གསལ་བོར་ཤར་བ་ཡིན། མདོར་ན་དེ་ནི་མི་རིགས་ཉམས་པའི་མཐུན་རྐྱེན་གཙོ་བོ་ཞིག་ཡིན་པའང་སྨྲོས་མེད་རེད།
ད་ནི་གླེང་བའི་དཀྱུས་སུ་འཇུག་པར་བྱ་སྟེ། ཉིན་རེ་གཉིས་ཤིག་གི་ཡར་སྔོན་དུ་ཨ་རིའི་བོད་སྐད་བརྙན་འཕྲིན་གྱི་སྙན་སྒྲོན་པ་དག་གིས་བོད་ལྭ་གྱོན་དགོས་མིན་གྱི་གནས་ཚུལ་ཞིག་གིས་རྐྱེན་བྱས་ཏེ། ད་གཟོད་རང་ཉིད་ཀྱི་སྨྲ་སྒྲོས་རིང་མོ་འདི་ཉིད་ངལ་མི་སོས་པའི་གནས་སུ་བསྐྱལ་བས། བོད་ལྭ་དང་འབྲེལ་བའི་གཏམ་གྱི་བརྗོད་པར་ཞུགས་པ་མངོན་དུ་ཕྱོགས་ཡོད། བོད་ལྭ་གྱོན་མིན་ནི་ཚོགས་པ་གང་རུང་ཞིག་གི་ཡིག་ཆའི་སྒྲིག་གཞིས་ཐག་བཅད་པ་ཞིག་ཏུ་གྱུར་བའི་གནད་དོན་ནི་ཤིན་ཏུ་ཚབས་མོ་ཆེ་ཞིག་སྟེ། བོད་ལྭ་གྱོན་པ་ནི་བོད་བྱིངས་ཀྱི་དཀྱུས་སུ་བབ་པའི་འགན་ཞིག་ལས་དེ་ཉིད་སྒྲིག་གཞི་ཞིག་ལ་བསྙད་འདོགས་པ་ནི། རིག་གནས་དེ་ཉིད་ཁྱད་གསོད་བྱེད་པའི་རྣམ་འགྱུར་ཞིག་ཡིན་པ་ལས། བོད་པའི་ཤེས་ཡོན་པའི་སྡེ་ཡིས་ནི་ལྟ་ཅི། མི་དཀྱུས་མ་ཞིག་གི་བློ་ངོར་ཡང་ཚིག་གི་བརྗོད་པ་འདི་ཉིད་སྨྲ་བའི་འབབ་སྟེགས་སུ་ལེན་པར་སྐྱེངས་པའི་གནས་སུ་འཇུག་པས་ཡིན། སྐད་དེ་ཐོས་རྗེས་བདག་ནི་རེ་ཞིག་ཧད་ཅིང་དལ་གྱིས་བསམ་བློའི་ཁོར་ཡུག་མུག་པར་གྱུར་བའི་སྣང་ཚུལ་ཞིག་ཀྱང་བྱུང་སོང་། ཁོ་བོའི་ཡི་གེ་འདི་ཉིད་ཆབ་སྲིད་པ་གང་རུང་གི་ཐག་སྒུལ་འདྲ་གཟུགས་དང་ས་འོག་དར་ཐག་གམ། ཡང་ན། ཡི་གེའི་རོལ་རྩེད་ཀྱི་ཀྱལ་ཀ་སོགས་གང་ཡང་མིན་ཏེ། རང་ཉིད་ཀྱི་ལྷན་སྐྱེས་གཤིས་ལས་བཞུར་བའི་འདོད་པ་སྐད་དུ་བཟློ་བའི་ལས་ལ་ཞུགས་པ་ཞིག་ཡིན།
ད་ལྟའི་མཐོང་སྣང་ལ་བོད་ལྭ་ནི་བོད་ཀྱི་ཕྱུགས་རྫི་དང་ཞིང་བ་མང་ཚོགས་ཀྱི་དཀྱུས་ཆས་ཤིག་ལས། ཤེས་ཡོན་པའི་སྡེ་དང་གཏན་དུ་འབྲེལ་མེད་དུ་འགྱུར་བཞིན་པའི་སྣང་ཚུལ་འདི་ནི། འུ་བུ་ཅག་གིས་རང་ཉིད་ཀྱི་རིག་གནས་འཛིན་སྐྱོང་བྱེད་ཞོར་དུ་རང་གི་རིག་གནས་ཤིག་བསམ་བཞིན་ཡལ་བར་འདོར་བཞིན་པའི་ནག་ཉེས་བསུབ་དཀའ་བ་ཞིག་ཏུ་འདོད།
མི་རིགས་ཤིག་མཚོན་བྱེད་གཙོ་བོ་ནི་སྐད་དང་ཡི་གེའི་རིག་གནས་དང་།
ཆོས་གོས་གོམས་གཤིས་ཀྱི་རིག་གནས་རེད་ཞེས་གདགས་ཆོག་སྟེ། རྒྱ་ནག་གི་གནའ་བོའི་ཡིག་རྙིང་དུ་བོད་ཀྱི་ཁྱད་ཆོས་གཙོ་བོ་བརྗོད་སྐབས་ཀྱང་། བལ་བྲེགས་ནས་སྣམ་བུ་བཏགས། དེའང་ལྭ་བ་བྱེད་ཅེས་བཀོད་ཡོད་ལ། དེས་ནི་བོད་ལྭ་ནི་མི་རིགས་ཀྱི་ཁྱད་ཆོས་མཚོན་པའི་བརྡ་རྟགས་དམིགས་བསལ་བའི་རིག་གནས་ཀྱི་སྣང་ཚུལ་ནི་ཆས་གོས་ཀྱི་སྟེང་དུ་ཡོད་པ་ར་སྤྲོད་བྱས་ཡོད་ལ། གཞན་ཡང་། སྔར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས། བསམ་ཡས་ལྷ་ཁང་གི་ལྡེབས་རིས་བཞེངས་སྐབས་ཀྱང་། བོད་ཀྱི་ལུགས་སུ་བགྱིས་ན་བོད་ནག་པོ་ལ་ཞེན་པ་རྣམས་དད་པ་སྐྱེས་རེ་བ་ལགས་ཞེས་གསུངས་པ་ཡང་། ལྷ་ལུགས་བོད་ལུགས་སུ་བསྒྱུར་དགོས་པར་ནན་གྱིས་གསུངས་པ་དེས་ཀྱང་། རིག་གནས་གང་ཞིག་གི་རྟགས་མཚན་ལས་མི་རིགས་དེ་ཉིད་མངོན་པར་བགྱིད་དགོས་པའི་གནས་ལུགས་གསལ་བོར་མཚོན་གྱི་ཡོད། དེ་ལྟར་དགེ་ཆོས་མཆོག་གིས་ཀྱང་གནས་ཚུལ་དེ་དང་འདྲ་བ་ཞིག་གསུངས་ཡོད་དེ། རྒྱ་གར་གྱི་གངྒཱ་ལྷ་མོས་རྐང་གདུབ་གྱོན་པ་ནས། ཨ་མདོའི་རྨ་རྒྱལ་སྦོམ་རས་ཕྱིང་ཞྭ། རྒྱ་ནག་གི་ཀོན་ཡིན་ཕུ་སཱས་བེར་སྔོན་གྱོན་པའི་བར་ཞིབ་ཏུ་ལྟོས་དང་། ཡུལ་མིའི་ཆ་ལུགས་སུ་བྱས་མ་བྱས་མངོན་སུམ་དུ་མཐོང་བར་འགྱུར་རོ་ཞེས་མི་རིགས་རང་ཉིད་ཀྱི་ཆས་གོས་ནི་རང་མི་རིགས་ཀྱིས་གྱོན་པར་མ་ཟད། ལྷ་དང་སྲུང་མའི་ལུས་སྟེང་ནས་ཀྱང་རྙེད་ཐུབ་པའི་རིག་གནས་ཀྱི་རིན་ཐང་ཞིག་གསལ་བོར་གསུངས་ཡོད།
དེ་བཞིན་དུ་རྒྱལ་དབང་ལྔ་བའི་སྐབས་སུའང་སྔར་ས་སྐྱ་བའི་དུས་ནས་རིམ་གྱིས་གཞུང་གི་ཆ
ས་གོས་ཁྲོད་དུ་སོག་པོའི་ཤན་སྟོབས་ཆེ་དྲགས་པར་ཐུགས་ཞིབ་ཟབ་མོ་གནང་སྟེ། སྔར་གྱི་བོད་པའི་ཆས་གོས་གྱོན་དགོས་པའི་བཀའ་བཀོད་ཡང་ཡང་གནང་བས་ཀྱང་། རང་ཉིད་ཀྱི་གོས་ལྭ་ནི་རང་ཉིད་ཀྱི་རིག་གནས་ཤིག་ཡིན་པ་དང་། རིག་གནས་དེ་ནི་རང་མི་རིགས་གནས་མིན་གྱི་འགག་རྩའི་གནད་དོན་ཞིག་དང་འབྲེལ་བ་ཡོད་པ་གསལ་བོར་མཁྱེན་པས་རེད། ང་ཚོས་རང་ཉིད་ཀྱི་དགོས་མཁོ་དང་གནས་སྐབས་ཀྱི་དོན་བྱ་ཆུང་ཚགས་ཁོ་ནའི་དམིགས་སྒོ་ཙམ་དུ་བསམ་མི་རིགས་ཏེ། རིག་གནས་ནི་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་མིའི་ཀུན་སྤྱོད་ཀྱི་དགོས་མཁོ་དང་བསྟུན་ཏེ། གསར་གཏོད་དང་འཕེལ་རྒྱས་ཀྱི་ནུས་པས་བསྐྲུན་པའི་སྣང་ཚུལ་ཞིག་ཡིན་པས། རང་འདོད་ཅམ་གྱིས་འཇོག་པའི་བསམ་བློ་དུས་ནམ་དུ་འབྱུང་མི་རིགས་ཏེ། བོད་ཀྱི་གྱོན་གོས་རིག་གནས་འདི་ཡང་རྒྱལ་དབང་བཅུ་གསུམ་པས་ཀྱང་མཐོང་ཆེན་ཤིན་ཏུ་མཛད་པར་མ་ཟད། བོད་ཀྱི་དམག་མིའི་ལམ་ལུགས་ནི་ཕྱི་གླིང་གི་དཔེར་མཚོན་མང་པོ་ཞིག་ནང་འདྲེན་བྱས་མོད། འོན་ཀྱང་སྐབས་དེའི་དམག་ཆས་ནི་བོད་ཀྱི་ཕྱུ་པ་སོགས་གཏན་འབེབས་བྱས་པར་ཐབས་བརྒྱ་ཇུས་སྟོང་གིས་འབད་པ་མཛད་ཡོད། དེ་ནི་གཞན་གྱི་བྱེད་ཐབས་ལ་རང་ཉིད་ཀྱི་ལམ་ལུགས་མ་དོར་བའི་བརྒྱན་པའི་ཚུགས་ཐུབ་ཀྱི་ལྟ་བ་ཚུར་མངོན་བྱས་པའི་བསླབ་བྱ་ཡང་དག་ཅིག་ཀྱང་ཡིན།
ང་ཚོས་ངེས་པར་དུ་འདོར་མི་རིགས་པ་ནི་རང་ཉིད་ཀྱི་གྱོན་གོས་རིག་གནས་ཡིན་ལ། རིག་གནས་འདི་ཉིད་ཀྱིས་ལོ་རྒྱུས་ཀྱི་སྲོག་རྐང་ཞིག་དང་དམ་དུ་འཁྱུད་ཡོད་དེ། སྲིད་དོན་རྒྱལ་རབས་སུ་ཡང་། བོད་རྗེ་མང་སྲོང་མང་བཙན་སྐབས་ཀྱི་ལོ་རྒྱུས་ནང་། བོད་མི་རྣམས་དབྱར་ཕྱིང་བའི་ཕྱུ་བ་དང་། དགུན་པགས་པའི་སློག་པ་གྱོན་ཞིང་། དེ་ཡང་ཕུ་ཐུང་རྩེ་ཕྲ་ལ་རྩ་བ་སྦོམ་པོ་ཡོད་ཚུལ་གསལ་ཞེས་གནའ་བོའི་བཙན་པོ་དག་གི་ཆས་གོས་སོགས་ཆེད་དུ་དམིགས་འདོན་གྱིས་འགྲེལ་བཤད་བྱེད་པ་ནི། ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ཡོད་པས་ཡིན་ཏེ། སྔར་མདོ་སྨད་ཀྱི་ས་གནས་ཤིག་ནས་དུར་སྒྲོམ་རྙིང་བ་ཞིག་རྙེད་པར། མཁས་དབང་དོར་ཞི་ལགས་ཀྱིས་དཔྱད་འཇོག་བྱ་སྐབས་གཙོ་བོ་བེམ་པོའི་ཆས་གོས་ཀྱི་ཁྱད་ཆོས་རེ་རེའི་སྟེང་ནས་བོད་པ་ཡིན་པའི་སྒྲུབ་བྱེད་བཀོད་ཡོད། དེ་བཞིན་དུ་དགེ་ཆོས་ཀྱིས་ཀྱང་། འབར་མའི་འབྱུང་ཁུངས་བོད་ཡིན་པའི་སྒྲུབ་བྱེད་ཀྱི་ཁྲོད་དུ། ཁོང་རྣམས་ཀྱི་རྒྱལ་པོས་ཀྱང་སྐབས་སྐབས་སུ་ཐང་ཞུ་ཡང་གྱོན་པ་ཡིན་ནོ་ཞེས་ཐང་ཞུའི་ཆས་གོས་ཀྱིས་མི་རིགས་མཚོན་བྱེད་ཀྱི་དཔང་རྟགས་རྣལ་མ་ཞིག་ལ་ངོས་འཛིན་མཛད་ཡོད། ད་ལྟའི་ལོ་རྒྱུས་ཞིབ་འཇུག་པ་མང་པོ་ཞིག་གིས་བྲག་ལྡེབས་རི་མོ་སོགས་ལས་བོད་ཀྱི་གནའ་བོའི་ལྭ་བའི་རིག་གནས་དང་དེའི་འཕེལ་འགྲིབ་ཀྱི་རྒྱབ་ལྗོངས་ལ་དཔྱོད་འཇུག་གིས་མི་རིགས་ཀྱི་རིག་གནས་ཀྱི་རིན་ཐང་ལ་ཆ་འཇོག་བྱ་བཞིན་ཡོད། དཔེར་ན། དཔའ་རིས་ཀྱི་རྒྱན་གོས་རེ་རེ་ནི་གནའ་བོའི་མཐའ་སྲུང་དམག་མི་ཞིག་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཆ་ཚང་སྔོག་ཐུབ་པའི་ལོ་རྒྱུས་རང་བཞིན་གྱི་རིག་གནས་ཀྱི་རིན་ཐང་བླ་ན་མེད་པ་ཞིག་མཚོན་པ་ལྟ་བུའོ།།
རང་ཉིད་ཀྱི་ཆས་གོས་སྲུང་འཛིན་བྱེད་པ་ནི་མི་རིགས་སྲུང་སྐྱོབ་བྱེད་པའི་དགོས་མཁོ་ཞིག་ཏུ་བསམ་དགོས་ཏེ། དེ་ལྟར་བོད་ལྭ་གྱོན་པ་ཡང་བོད་ཀྱི་རིག་གནས་བདག་གཅེས་བྱེད་པའི་བྱེད་ཐབས་ལེགས་པོ་ཞིག་ཏུ་འདོད།
དུས་རབས་གོང་མའི་ལོ་རབས་དགུ་བཅུ་བར་མདོ་སྨད་མཚོ་སྔོན་གྱི་སྲིད་དོན་པ་དམ་པ་དོན་གྲུབ་རྒྱལ་གྱིས། སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་ལ་མཚོ་སྔོན་ས་ཁུལ་དུ་མགྲོན་འབོད་ཞུ་སྐབས་བོད་ལྭ་བསྐོན་པ་དང་། བོད་པ་ཚོའི་སྐབས་དེའི་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད་ལ། དེ་ནི་དོན་གྲུབ་རྒྱལ་གྱི་མཛད་རྗེས་ཀྱི་གཙོ་བོ་ཞིག་མིན་ནའང་། དེ་ཡང་བོད་པ་ཚོ་ཁོང་ལ་ཆེས་ཡིད་ཆེས་དང་དགའ་སྣང་འཕེར་བའི་རྐྱེན་རྩ་འགངས་ཆེན་ཞིག་ཏུ་གྱུར་བ་གོར་མ་ཆག ཁོང་གིས་བོད་ལྭ་ནི་བོད་མིའི་མཚོན་རྟགས་ཀྱི་རིག་གནས་ཤིག་ཏུ་ངོས་བཟུང་སྟེ། བར་སྐབས་ཤིག་ལ་ཆབ་ཆ་ཁུལ་གྱི་རྒྱ་མི་ཚོས་ཀྱང་བོད་ལྭ་གྱོན་དགོས་པའི་གནས་ཚུལ་བྱུང་བ་རེད། དེ་བཞིན་དུ་པཎ་ཆེན་བཅུ་པ་མཆོག་གིས་ཀྱང་། ཁྱོད་ཚོས་བོད་ལྭ་མ་གོན་ན་ཆོག བོད་སྐད་མ་བཤད་ཀྱང་ཆོག ཁྱོད་ཚོའི་ཤ་དང་རུས་པ་ཇི་ལྟར་བྱེད་རྒྱུ་(ལུང་འདི་བློ་ཐོག་ཏུ་གོམས་པ་ཞིག་བཀོད་པས་འཁྲུལ་ཆ་ཡོད་ཚེ་བཅོས་པར་ཞུ)ཞེས་ཐུགས་སྐྱོ་བའི་བཀའ་སློབ་འདི་དག་ནི་མི་རིགས་ཤིག་གཉན་འཕྲང་གི་དུས་སུ་སླེབས་སྐབས་ཀྱི་སྐྱོབ་ཐག་རིང་མོ་ཡིན་མོད་ཀྱང་། འུ་བུ་ཅག་ནི་སྐྱོབ་ཐག་འདི་ལས་འཆི་ལྟས་ཚང་བའི་ལམ་ལ་མངོན་དུ་ཕྱོགས་ཚར་ཡོད། འདི་དག་ཡིག་ཆའི་ངོས་ཀྱི་ལེགས་བཤད་ཙམ་དུ་གོ་མི་འོས་ཏེ། འདི་དག་ནི་ལག་ལེན་ཁྲོད་ཀྱི་རིག་གནས་རིན་ཐང་ཞིག་ཏུ་འགྱུར་དགོས་པ་དེ་ཡིན། དེ་བཞིན་དུ་ད་ལྟ་བོད་ཀྱི་ན་གཞོན་མཁས་པ་མང་པོ་ཞིག་གིས་ཀྱང་། བོད་སྐད་བཤད་པ་དང་བོད་ལྭ་གྱོན་དགོས་པའི་གསུང་བཤད་ཡང་ཡང་གནང་བཞིན་པར་མ་ཟད། ད་ལྟ་བོད་ཁུལ་གྱི་སློབ་གྲྭ་སྟེ། གཙོས་ཀྱི་སློབ་འབྲིང་སོགས་མང་པོ་ཞིག་ཏུ་བོད་ལྭའི་སྒྲིག་ཆས་ངེས་པར་དུ་གྱོན་དགོས་པའི་སྒྲིག་གཞི་གཏན་འབེབས་བྱས་ཟིན།
ལྷག་པར་དུ་ང་ཚོའི་མཐོང་ལམ་དུ་མངོན་པའི་མཚོ་སྔོན་བརྙན་འཕྲིན་ཁང་དང་ལྷ་སའི་བརྙན་འཕྲིན་ཁང་གི་སྙན་སྒྲོན་པ་དག་གིས་ཀྱང་གོང་གི་དམ་པ་མང་པོའི་ཞལ་བདམས་ཀྱི་ཕྱིར་དུ་གཡོལ་མེད་ཀྱི་ལོ་རྒྱུས་འགན་འཁྲི་ཞིག་ངོས་ཟིན་ཐོབ་སྟེ། མི་རིགས་རང་བཞིན་མཚོན་པའི་རིག་གནས་ཀྱི་འོས་འགན་ལྷུར་བླངས་ཏེ་བོད་ཆས་གྱོན་ཡོད། གཞན་དབང་གི་གཉའ་གནོན་འོག་ཏུ་བོད་པ་ཚོས་དུས་རབས་དང་བསྟུན་ནས་གྱོན་གོས་གསར་བརྗེའི་ལས་འགུལ་ཡང་སྤེལ་ཡོད་དེ། དེ་ནི་ཉིས་སྟོང་དྲུག་ལོ་ནི་བོད་གོས་གསར་བརྗེའི་ལོ་ཞིག་ཏུ་ངོས་བཟུང་ཆོག་སྟེ། འདི་ལས་བོད་པའི་འདུ་ཤེས་འཛིན་སྟངས་ཀྱི་མཛེས་དཔྱོད་རང་བཞིན་ལྡན་པའི་གྱོན་གོས་དུས་རབས་དང་མི་མཐུན་པའི་སྣང་ཚུལ་གསར་བརྗེ་བྱས་ཏེ། མུ་མཐུད་དུ་དུས་རབས་ཀྱི་ཁྱད་ཆོས་མཚོན་པའི་བོད་གོས་རྣམ་པ་འདྲ་མིན་གསར་གཏོད་ཀྱི་ནུས་པ་སྔར་ལས་ཆེས་ཆེར་འདོན་ཐུབ་ཡོད། སྐབས་འདིར་རྒྱ་གཞུང་གིས་བོད་ལྭའི་ལས་འགུལ་འདི་ཉིད་ལ་དངོས་ཤུགས་བརྒྱུད་གསུམ་གྱིས་བར་ཆད་ཀྱིས་འབད་བརྩོན་མང་པོ་བྱས་ཡོད་ཀྱང་། གཞིས་སྡོད་བོད་མིའི་སྙིང་སྟོབས་ཀྱིས་བོད་གོས་ཀྱིས་སྔར་ལས་ལྷག་པའི་དུས་རབས་ཀྱི་རང་བཞིན་མཚོན་པའི་རིག་གནས་ཀྱི་མཛེས་སྡུག་འདི་ཉིད་ཚུར་མངོན་བྱས་ཡོད། ཁོང་ཚོས་སྡིངས་ཆའི་སྟེང་ནས་གོས་ནག་གྱོན་ཏེ་མྱ་ངན་གྱི་རྣམ་པ་མཚོན་པ་དང་། ཕྱིང་གོས་གྱོན་ཏེ་མི་རིགས་ཀྱི་སྔར་སྲོལ་གྱི་ཁྱད་ཆོས་མཚོན་པ། དར་གོས་གྱིས་རང་མཚན་ཡོད་པ་གྱོན་ཏེ་དུས་རབས་ཀྱི་སྣང་ཚུལ་མཚོན་པ་སོགས་མདོར་ན་གཞི་རྩའི་བོད་གོས་ལ་ཚོན་མདངས་དང་རྒྱུ་ཆ་སོགས་ཀྱིས་རིག་གནས་ཀྱི་མཚོན་དོན་འདྲ་མིན་གྱིས་མི་རིགས་ཤིག་གི་ངོ་བོ་སླར་གསོ་བྱེད་པའི་སྤོབས་པ་བྱུང་སྟེ། ད་ལྟ་གླུ་བ་དང་ཞབས་བྲོ་བ་སོགས་སྒྱུ་རྩལ་གྱི་ལས་རིགས་གཉེར་བའི་སྡིངས་ཆ་ནས་གཞན་རིགས་ཆ་ལུགས་ལས་རང་རིགས་ཀྱི་ཁྱད་ཆོས་མང་ནས་མང་དུ་འབྱུང་བཞིན་པའི་རྣམ་པ་ཤིན་ཏུ་གསལ་བར་གྱུར།
ན་ནིང་གི་མདོ་སྨད་ཀྱི་རྡུང་ལེན་འགྲན་ཚོགས་ཤིག་ཏུ་ཕྱིང་ལྭ་གྱོན་པའི་ན་གཞོན་གླུ་བ་ཞིག་ལ། སྐབས་དེའི་དཔྱད་འདེམས་པས་ཁོང་གི་རྡུང་ལེན་གྱི་གོ་རིམ་ལ་དཔྱད་བརྗོད་སྤེལ་སྐབས།དཔྱད་འདེམས་པ་ཚོར་ཤུགས་ཧ་ཅང་ཆེན་པོ་བྱུང་སྟེ། རྡུང་ལེན་པ་ཞིག་གི་དགོས་པའི་ཁྱད་ཆོས་ཚང་མ་ཕལ་ཆེར་ཁྱོད་ཀྱི་སྟེང་ན་འཛོམས་འདུག་ཅེས་བཤད་ཆོག བོད་ཀྱི་སྒྱུ་རྩལ་འདི་ཉིད་ཁྱོད་དང་ཁྱོད་ལྟ་བུ་རྡུང་ལེན་པ་མང་པོ་ཞིག་བརྒྱུད་ནས་འཛམ་གླིང་གི་གར་སྟེགས་སྟེང་ནས་འཁྲབ་སྟོན་བྱ་ཐུབ་པའི་སྨོན་འདུན་ཞུ་ཞེས་རེ་བ་དང་སྤོབས་པ། དགའ་སྣང་གིས་གསུངས་པའི་སྐད་གདངས་ཀྱིས་མི་མང་ཡང་འུར་ལྷང་ངེར་དགའ་མགུའི་ཐལ་སྒྲས་ཚོགས་ཁང་ཡོངས་སུ་ཁེངས་པར་བྱས། འདི་ནི་བོད་ལྭ་གྱོན་པའི་མི་བུ་ཞིག་དང་། དེ་དང་འབྲེལ་བའི་བོད་མིའི་སེམས་ཁམས་ཀྱི་ངོས་ཤིག་མཚོན་གྱི་ཡོད། གཞན་ཡང་ཉེ་སྔོན་རྒྱ་ནག་གི་འཁྲབ་སྟོན་པ་གྲགས་ཅན་ཁྲིན་ལུང་གིས་ཀྱང་བོད་ལྭ་གྱོན་ཏེ། བོད་ཀྱི་ཨ་ཅག་སྤུན་གསུམ་དང་མཉམ་དུ་གླུ་གཞས་གྱེར་བས་བོད་པ་ཚོའི་སེམས་སུ་བག་ཆགས་གསར་བ་ཞིག་བཞག་པ་དང་། དེ་བཞིན་དུ་རྒྱ་གར་བུད་མེད་ཨེན་དར་གན་ཏེ་མཆོག་གིས་ཀྱང་བོད་ལྭ་གྱོན་པའི་པར་རིས་རྙིང་བ་ཞིག་ད་ལྟའི་དྲ་རྒྱའི་བརྒྱུད་ལམ་དུ་འདྲེན་བཀོད་བྱེད་པའི་གཙོ་རྒྱུགས་རིག་གནས་ཀྱི་རྣམ་པ་གསར་བ་ཞིག་ཏུ་གྱུར་སོང་།
དེ་དག་ནི་བོད་ལྭས་བསྐྱེད་པའི་རིག་གནས་ཀྱི་དུང་བ་ཞིག་དང་། དུང་བ་དེ་ལས་བྱུང་བའི་རིག་གནས་ཀྱི་རིན་ཐང་གི་ཚད་གཞིའི་འགུག་ཤུགས་ཤིག་ཏུ་ངོས་འཛིན་བྱ་ཆོག བོད་ལྭ་ནི་བོད་པ་མཚོན་བྱེད་ཀྱི་རིག་གནས་ཚད་ལྡན་ཞིག་ཡིན་པས། རྒྱ་གཞུང་གིས་ཀྱང་སྐབས་སྐབས་སུ་ཆབ་སྲིད་ཀྱི་ལག་ཆ་རུ་བེད་སྤྱོད་བྱས་མྱོང་སྟེ། དཔེར་ན། གླུ་མ་ཚེ་བརྟན་སྒྲོལ་མ་ལྟ་བུ་རེད། ཁོ་མོས་ཕྱུ་པ་གྱོན་ཏེ་པེ་ཅིན་གསེར་གྱི་རི་ཞེས་གླུ་གཞས་གཏོང་བ་ཡང་རྒྱ་གཞུང་གི་དགོས་མཁོ་ཡིན་ལ། ཁོ་མོས་ཕྱུ་བ་གཏན་དུ་མ་དོར་བར་འདི་ལྟ་བུའི་གླུ་གཞས་རྐྱང་རྐྱང་ལེན་པ་ཡང་ཆབ་སྲིད་ཀྱི་དགོས་མཁོ་ཡིན། དེ་ནི་གཙོ་བོ་བོད་ལྭ་ཡིས་བོད་པ་མཚོན་གྱི་ཡོད་པས་རེད། དེ་བཞིན་དུ་བོད་ལྭའི་རྒྱུན་ལྡན་ལྟ་བུའི་གནས་གཞན་ཡང་མཆིས་ཏེ། སྐུ་འབུམ་དགོན་སོགས་སུ་རྒྱ་མོ་ཚོས་བོད་ཆས་གྱོན་ཏེ་ཡུལ་སྐོར་སྣེ་ཤན་གྱི་ལས་གནས་སུ་ཞུགས་ཡོད། དེ་དག་ཀྱང་བོད་ལྭ་ཡིས་བོད་པ་ཞིག་མཚོན་པའི་ནུས་པ་ཚད་ལྡན་ཡོད་པས། སྐབས་རེ་རྒྱ་གཞུང་གསར་འགྱུར་དུའང་བོད་པ་མིན་པ་དག་ལ་བོད་ལྭ་གྱོན་དུ་བཅུག་སྟེ་བོད་མིའི་ཚབ་བྱེད་བཞིན་པའི་གནད་དོན་དེ་དག་ཡིན། ལོ་བཅུ་ཕྲག་ཙམ་གྱི་གོང་དུ་ང་རང་རྒྱ་ནག་གི་གྲོང་ཁྱེར་ཏ་ལེན་ལ་ཉུལ་སྐབས་ཤིག་ཏུ་སྨན་རྩྭའི་ཐང་ཁྲོམ་བཤམས་པའི་ཚོང་བ་ཞིག་ལ་ཐུག་བྱུང་། ཆེས་ཡ་མཚན་པ་ཞིག་ནི་ཁོང་གི་སྨན་རྩའི་རིན་ཐང་དེ་དང་དེའི་ཁྱད་ཆོས་མ་ཡིན་པར་ཁོའི་ལུས་ཀྱི་ཆ་བྱད་དེ་རེད། དེ་ནི་བོད་ཆས་གྱོན་པས་རེད། བོད་ནས་ཁྱེར་འོང་བའི་རྩྭ་སྨན་ཞིག་ཏུ་བརྗོད་ཀྱི་ཡོད་པས་རེད། ཁོང་ནི་བོད་པ་མིན་བཞིན་དུ་བོད་ཆས་གྱོན་པ་ཡང་ཚོང་གི་དགོས་མཁོའི་ཁེ་ཕན་གྱི་ཕྱིར་དུ་ཡིན་པ་གསལ་བོ་ཤེས་ཐུབ། འདི་དག་གིས་བོད་ལྭ་ནི་གངས་རི་རྟགས་ཅན་གྱི་མི་རིགས་ཤིག་མཚོན་བྱེད་ལྟ་བུར་གྱུར་ཡོད། ཡང་འདི་རུ་ཀུ་རེ་འབྲེལ་བའི་པར་དང་རི་མོ་ཞིག་གི་སྣང་ཚུལ་ཅུང་ཟད་འགྲེལ་ན། དེ་ནི་ཨ་རིའི་སྲིད་འཛིན་སྔོན་མ་པོའུ་ཤི་ལ་སློག་པ་གྱོན་པ་དང་།ད་ལྟའི་སྲིད་འཛིན་ཨོ་པ་མར་ཁམས་ཆས་གཡོགས་པ་དེ་རེད། དྲ་ལམ་གྱི་པར་རིས་ནི་ཆེས་དགོད་བྲོ་བ་ཞིག་ཡིན་མོད། འོན་ཀྱང་བོད་པ་ཚོས་སྒྱུ་རྩལ་གྱི་བྱེད་ཐབས་སྤྱད་ནས་ཨ་རིའི་སྲིད་འཛིན་གཉིས་ལ་བོད་གོས་གཡོགས་པ་ནི་རང་ཉིད་ཀྱི་འདུ་ཤེས་ཀྱི་ཚུར་མངོན་བྱེད་སྟངས་ཤིག་སྟེ། ཁོ་ཚོས་ཨ་རིའི་སྲིད་འཛིན་གཉིས་བོད་པའི་གྲས་སུ་འཇོག་པའི་རེ་བ་ཞིག་དང་ཡིད་སྨོན་ཞིག་ཀྱང་མི་མངོན་པའི་ཚུལ་དུ་སྦས་ཏེ་ཡོད་པའང་གསལ་བོ་ཡིན། འདི་ལའང་གཏམ་རྒྱུད་གཞན་ཞིག་གིས་གསལ་བཤད་བྱ་འོས་ཏེ། སྔར་ཨ་རིའི་སྲིད་འཛིན་པེལ་ཁི་ལིན་ཏྲོན་ཡང་བོད་ཀྱི་བླ་མ་ཆེ་གེ་མོ་ཞིག་གི་སྤྲུལ་བ་བྱེ་བྲག་པ་ཞིག་ཡིན་པའི་ངོས་འཛིན་གྱི་གཏམ་ཡན་ཁྱབ་པ་ལྟ་བུ་རེད།
གང་ལྟར་བོད་ཆས་སྲིད་འཛིན་ལ་བོད་ལྭ་གྱོན་པའི་སྣང་ཚུལ་འདི་དག་ཀྱང་བསམ་འདུན་དེ་ལྟ་བུ་ཞིག་གི་ཐོན་སྐྱེད་ཚུར་མངོན་བྱེད་སྟངས་ཤིག་ཀྱང་རེད། འདི་ལྟར་བོད་ལྭའི་རིག་གནས་རིན་ཐང་ཡང་གཞུང་སྒེར་མང་པོ་ཞིག་གིས་རང་ཉིད་ཀྱི་དགོས་མཁོའི་ཡོ་བྱད་ཅིག་ཏུ་སྤྱོད་བཞིན་པའི་སྣང་ཚུལ་གཞན་ཡང་མཐོང་ཐུབ་པ་ཞིག་གོ།
ད་ལྟ་བཙན་བྱོལ་དུ་བོད་ལྭའི་རིག་གནས་རིན་ཐང་གང་འདྲ་ཞིག་ཏུ་ཡོད་དམ་ཞེ་ན། བདག་གིས་ནི་བུད་མེད་མང་པོ་ཞིག་གི་མཛེས་ཉམས་དང་དེས་རང་ཉིད་ཀྱི་རིག་གནས་སྲུང་སྐྱོབ་ལ་བཞག་པའི་མཛད་རྗེས་ཤིག་མིག་ཏུ་གསལ་བོར་མངོན་ཡོང་། དེ་ནི་བུད་མེད་ཚོགས་པ་གཅིག་པུ་མིན་ཏེ། ལས་ཁུངས་ག་གེ་མོ་ཞིག་གི་སྒོ་ཐེམ་རྡོག་པས་མནན་པ་ནས་བཟུང་བོད་ཀྱི་ཕྱུ་བ་ནི་ལུས་དང་བྲལ་མྱོང་མེད་པའི་བླ་མེད་ཀྱི་མཛད་རྗེས་ཆེ་བའི་བོད་ཀྱི་བུད་མེད་དེ་དག་རེད། འདིས་ནི་བུད་མེད་ཚོའི་ལུས་སྟེང་ནས་བོད་ཀྱི་རིག་གནས་ཀྱི་དཔལ་ཡོན་ཞིག་རྙེད་ཐུབ་པར་མ་ཟད། ཁོང་མོ་ཚོའི་ལྷན་སྐྱེས་ཀྱི་འགན་འཁྲི་དེས་རིག་གནས་ཤིག་གི་མཚོན་རྟགས་ཀྱང་དུས་རབས་ཀྱི་ལྡེབས་སུ་བཏབ་པའི་རྟགས་ཐམ་ཞིག་གསལ་བོར་མངོན་པར་བྱས་ཡོད། གཞན་ཡང་ཕྱི་རོལ་གྱི་ཁོར་ཡུག་འདི་གར་བོད་གོས་གྱོན་པའི་ཚོགས་པ་གཞན་ཞིག་ཀྱང་མཆིས་ཏེ། དེ་ནི་ཤེས་རབ་དགའ་ཚལ་སློབ་གླིང་ཡིན། སློབ་གླིང་འདི་ཉིད་ཀྱི་སློབ་མ་ཚོ་རང་མི་རིགས་ཀྱི་ཕྱིར་དུ་སྤེལ་བའི་ལས་འགུལ་རྣམ་གྲངས་མང་པོའི་ཁྲོད་དུ་ཡང་ཡང་མངོན་གྱི་ཡོད་ལ། དེ་དང་མཉམ་དུ་ཁོང་ཚོའི་ལུས་སྟེང་གི་བོད་གོས་ཀྱི་རིག་གནས་དེ་ཡང་མཛེས་སྡུག་ངང་བརྒྱུད་སྒྲོག་བྱེད་བཞིན་པ་དང་གཉིས་སུ་མེད། ཁོང་ཚོའི་ལུས་སྟེང་ནས་ང་ཚོར་མཁོ་བའི་རིག་གནས་ཤིག་གི་བསླབ་བྱ་དང་ཁྱད་ཆོས་ཏག་ཏག་རྙེད་ཡོང་བ་དེ་རེད། དེ་དང་མཉམ་དུ་ད་ལྟ་བོད་གོས་གྱོན་པའི་མི་སྣ་ཤིན་ཏུ་གལ་ཆེན་ཞིག་ནི།ང་ཚོའི་སྡེ་སྲིད་དམ་བཀའ་ཁྲི་མཆོག་སྟེ། ཁོང་བཀའ་ཁྲིའི་ལས་ཐོག་ཏུ་མ་སླེབས་པའི་ཡར་སྔོན་ཞིག་ཏུ་གསུངས་པའི་དོན་ཞིག་དྲན་པ་ནི། ཁོང་གིས་ཕྱིས་སུ་གཟའ་ལྷག་པར་དུ་རྟག་ཏུ་བོད་ཆས་གྱོན་པར་འབད་རྒྱུ་ཡིན་ཚུལ་གསུངས་པ་དེ་རེད། འདི་ནི་གཞུང་ལུགས་ཟབ་མོ་ཞིག་དང་གསར་གཏོད་ཀྱི་སྒྱུ་འཕྲུལ་གང་ཡང་མིན་ནའང་། འདི་ནི་མངོན་ཆུང་གི་འཚོ་བ་དཀྱུས་མའི་ངོས་ཀྱི་མི་རིགས་ཀྱི་ཁྱད་ཆོས་མཚོན་པའི་རིག་གནས་ཤིག་ལ་བཅངས་པའི་དུང་སེམས་བླ་ལྷག་ཅིག་མཚོན་པར་མ་ཟད། དེ་ལས་མི་རིགས་ཤིག་གི་གལ་གནད་གང་ཞིག་སྲུང་འཛིན་བྱ་དགོས་པའི་གནད་དོན་ཞིག་རྟགས་སུ་བཏབ་པ་དང་མཚུངས། ད་ལྟ་ཁོང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ནས་མངོན་སྟངས་རེ་རེར། བོད་གོས་རྟགས་ཅན་གྱི་མི་བུ་ཞིག་མངོན་པའི་སྣང་ཚུལ་འདིས། བོད་མི་རེ་རེ་ལ་སྤོབས་པ་གསར་བ་ཞིག་སྦྱིན་པར་མ་ཟད། ང་ཚོའི་རིག་གནས་འདི་ཉིད་གཏན་དུ་མི་འགྱེལ་བའི་ཡིད་ཆེས་ཤིག་ཅིས་ཀྱང་བསླངས་སོང་། གཞན་ཡང་ད་ལྟ་ང་ཚོ་གཞིས་བྱེས་ཐུན་མོང་གིས་སྤེལ་བཞིན་པ་ནི་ལྷག་དཀར་ལས་འགུལ་ཡིན་ལ། ལས་འགུལ་འདི་ཉིད་ཀྱི་རྩ་དོན་ནི་བོད་སྐད་བཤད་པ། བོད་ཆས་གྱོན་པ། བོད་ཟས་ཟ་བ་གསུམ་ཡིན་པས། ང་ཚོས་རང་ཉིད་ཀྱི་ཆོས་གོས་ནི་རང་ཉིད་ཀྱི་རིག་གནས་ཤིག་ཏུ་གོ་བར་བྱས་ཏེ་ཚུགས་ཐུབ་ཀྱིས་གནས་ཐུབ་རྒྱུར་བརྩོན་ལེན་བྱ་ཐབས་ཤིག་ཡིན། གལ་སྲིད་འདི་ལྟར་དང་ལེན་དང་རྒྱུན་འཛིན་བྱ་རྒྱུ་ནི་ཤིན་ཏུ་གནད་འགག་ཅིག་སྟེ། ཁོ་བོས་ཀྱང་ལས་འགུལ་འདི་ཉིད་སློབ་གྲྭའི་ཁོར་ཡུག་ནས་སྲུང་བརྩི་བྱ་ཕྱིར་ཉིན་འགའི་སྔོན་དུ་བོད་ཀྱི་སྟོད་གོས་འགའ་ཆེད་དུ་ཉོས་པ་ཡིན། འདི་ཡང་རང་ཉིད་ཀྱི་ངོས་ཐད་ནས་གྲ་སྒྲིག་ཆུང་ཆུང་ཞིག་བྱས་པ་ཙམ་ཡིན། ཡ་མཚན་པ་ཞིག་ནི་ཉེ་སྔོན་ཁོ་བོས་ཚགས་པར་ཞིག་ཏུ། བོད་ཀྱི་བུད་མེད་དབྱངས་ཅན་མཚོ་ཞེས་པ་ཞིག་གིས་རང་ཉིད་ཀྱིས་བོད་ལྭ་རྒྱུན་གོན་བྱེད་བཞིན་པའི་གསར་འགྱུར་ཞིག་མཐོང་བ་དེ་རེད། སེམས་སུ་བརྗོད་མི་ཤེས་པའི་དགའ་སྣང་དང་ཚོར་བ་དམིགས་བསལ་བ་ཞིག་གིས་ལུས་ཁམས་ཡོངས་སུ་ཁྱབ་གྱུར་ཅིང་། མི་རིགས་ཀྱི་འདུ་ཤེས་ཞེས་པ་ཡང་ལག་ལེན་འདི་ལྟ་བུ་ལས་བྱུང་བའི་གོ་རྟོགས་ངང་གིས་སད་པར་བྱས། འདི་ལྟ་བུའི་རང་ཉིད་ནས་འགོ་རྩོམ་ཤེས་པའི་མི་རེ་བྱུང་ན་ཅི་བས་ཀྱང་ང་ཚོའི་རིག་གནས་ནི་འཛམ་གླིང་འདིའི་སྟེང་གི་ཐེར་ཟུག་གི་རིག་གནས་ཤིག་ཏུ་འགྲེང་ཐུབ་པའི་རེ་བ་ཡོད་པའི་ཡིད་ཆེས་ཟུར་ནས་སྐུལ་བར་བྱས་སོ།།
སྐབས་འདིའི་བརྗོད་དོན་གྱི་དམིགས་ཡུལ་གཙོ་བོ་ནི་ན་ནིང་དུས་འཁོར་དབང་ཆེན་དབང་སྐབས་སུ་ཕ་ཡུལ་གྱི་སྤུན་ཟླ་མི་ཉུང་བ་ཞིག་ལ་ཐུག་འཕྲད་བྱེད་པའི་གོ་སྐབས་བྱུང་ལ། གཞན་དབང་གནོན་ཤུགས་ཀྱི་འོག་ནས་ཁོང་ཚོའི་འཚོ་གནས་ཀྱི་མིག་འབྱེད་མཁན་ནི་ཨ་རིའི་བརྙན་འཕྲིན་དང་ཨེ་ཤ་ཡའི་རླུང་འཕྲིན་ཁང་གཉིས་ཡིན་པར་ངོས་འཛིན་བྱེད་པར་མ་ཟད། དེ་ནི་ཁོང་ཚོས་ཚེ་སྲོག་གཏའ་མར་བཞག་སྟེ་ལྟ་ཉན་བྱེད་ཀྱིན་ཡོད་ཟེར། ཁོང་ཚོར་བསམ་འཆར་ཞིག་བྱུང་བ་ནི། སྙན་སྒྲོན་པའི་ཁྲོད་དུ་བོད་ཆས་མི་གྱོན་པའི་སྣང་ཚུལ་དེ་ཉིད་མཐའ་གཅིག་ཏུ་དགག་བཞིན་མཆིས་ལ། ང་ཚོའི་ཚེ་སྲོག་གི་ཚད་ཀྱིས་གཞལ་བའི་ལེ་ཚན་གྱི་དུས་ཡུན་ཐུང་ངུ་དེ་ཡང་བོད་ཆས་ཤིག་གྱོན་པར་རེ་སྐུལ་ཡང་ཡང་བྱས་ཀྱང་དང་ལེན་བྱེད་ཀྱི་མི་འདུག འདི་ནི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་འབྲེལ་བ་ཡོད་དེ། ང་ཚོ་མང་པོ་ཞིག་གི་ཁོང་ཅག་ལ་མིག་དཔེ་ལྟ་ཞིང་བློ་འགེལ་བྱ་བཞིན་ཡོད་པས། ཁོང་ཅག་གི་ཀུན་སྤྱོད་ཀྱི་རྣམ་འགྱུར་ཚུན་ཆད་ཀྱང་ང་ཚོ་དང་འབྲེལ་བ་དམ་ཟབ་ཏུ་གྱུར་ཡོད་པས།ཤུགས་རྐྱེན་གྱི་ཚད་གཞི་ཡང་སྤྱིར་བཏང་བ་ལས་ཆེས་ཆེར་བརྒལ་ཡོད། ང་ཚོས་ཁོང་ཅག་གི་སྐད་ཆ་ལུང་དུ་འདྲེན་བཞིན་ཡོད་ལ། ང་ཚོས་ཁོང་ཅག་གི་མི་སྤྱོད་ཚད་མར་ལྟ་བཞིན་ཡོད་ཅེས་པའི་སྐད་ཆ་འདིས། ང་རང་རེ་ཞིག་ཧད་པར་གྱུར་སོང་། ག་ལེར་བསམ་བློ་གཏོང་དུས་དངོས་གནས་ཨ་རིའི་བརྙན་འཕྲིན་ཁང་གི་སྙན་སྒྲོན་པའི་ཁྲོད་དུ་བོད་ཆས་གྱོན་མེད་པའི་མི་སྣ་སྐོར་ཞིག་གི་སྣང་བརྙན་དེ་ཡང་རང་ཉིད་དང་ཉེ་རུ་གསལ་བར་གྱུར་སོང་། དེ་དང་མཉམ་དུ་ང་ཡང་རེ་ཞིག་ལན་ཅི་ཡང་གདབ་ཏུ་མེད་པར་ངག་སྒོ་ལྐུགས་ལ་འབྱར་སོང་། དངོས་གནས་བརྙན་འཕྲིན་ཁང་དང་རླུང་འཕྲིན་ཁང་འདི་གཉིས་ནི་བོད་གཞིས་བྱེས་གཉིས་ཀྱི་དུས་རབས་འདིའི་བསམ་བློའི་སྦྲེལ་ཟམ་ཞིག་དང་། བར་སྣང་གི་རང་དབང་འདུ་ར་ལྟ་བུ་ཞིག་ཏུ་གྱུར་ཡོད་པས། གལ་སྲིད་སྣང་ཚུལ་ངན་པ་ཞིག་གིས་རྐྱེན་བྱས་ཏེ། གནས་ཚུལ་དེའི་རིགས་ནི་གཞིས་བྱེས་གཉིས་ཀྱི་བར་དུ་ཡིད་ཆེས་ཉམས་པའི་འགལ་རྐྱེན་དུ་མི་འགྱུར་གྲང་སྙམ་པའི་སེམས་ཁོང་གི་ན་ཟུག་ཅིག་ཆུང་བ་ནས་ཆེ་བར་གྱུར་ཅིང་། ཆེ་བ་ནས་སྐྲན་རྡོ་ལྟ་བུར་གྱུར་ནས་དེ་རིང་བར་དུ་ལུས། དེ་རིང་ཁ་སང་གི་དྲ་ལམ་སོགས་སུ་བཀོད་པའི་ཨ་རིའི་བོད་སྐད་བརྙན་འཕྲིན་གྱི་བརྡ་ཁྱབ་དེས་ནི་ཅིས་ཀྱང་རང་གི་ངག་སྒོ་འདི་ཡང་བོད་ཀྱི་རིག་གནས་ཆག་འཇིག་གི་མདུན་ནས་ཟུམ་དུ་མ་བཅུག་པས། ངལ་བ་འདི་རྩོལ་བས་དང་དུ་བླངས་ཏེ་རང་དབང་གིས་བགྲོ་བ་ལྷུག་པར་ཞུགས་པའོ།། འདི་ཡང་གང་ཟག་སྒེར་བ་ཞིག་བསམ་བློས་ཚད་དུ་བཅལ་བའི་བསྡུས་གཟུགས་ཤིག་ཏུ་གཏོགས་ནའང་། འདི་ཡང་རིག་གནས་ཤིག་གི་རིན་ཐང་ཁྱོགས་ལ་བཀྱགས་པའི་འགན་འཁྲི་ཞིག་ཏུ་ཅིས་ཀྱང་བསམ་པར་རིགས། དེ་ལྟར་ཚིག་གི་ལྷུ་ལག་འདིའི་གོ་རིམ་དག་ཏུའང་སྒེར་གཤིས་ཀྱི་ལྟ་བ་འཁྱོག་སྒྱུར་གྱི་དོལ་དུ་མ་ལྷུང་བར་རིག་གནས་ཤིག་གི་ཤ་ཚ་བྲང་ལ་འཐབ་སྟེ་ཤ་ཐང་དུ་འབད་པས་བགྲོས་པའོ།།
༢༠༡༢ ༤ ༢༨ ལ་བྲིས།
གནད་ཕུག་པའི་གཏམ་ཞིག་ཡག་པོ་བྲིས་ཤག་ཐུགས་རྗེ་ཆེ་་་་ད་དུང་་་་་་
ཨ་རིའི་བོད་སྐད་བརྙན་ཕྲིན་སྡེ་ཚན་གྱི་བོད་པ་རྣམ་པ། ཁྱེད་རྣམ་པས་བོད་ཆས་ལ་དུང་ཞེན་མེད་པ་དང་བོད་ཆས་ལུས་ཐོག་ལ་གཏན་ནས་གྱོན་གི་མིན་ཟེར་ན་མནའ་སྐྱེལ་བ་དེ་འདྲ་ནི་མ་རེད་པས། རང་གི་མོས་པ་དང་ཁམས་དང་བསྟུན་ནས་སྟབས་གང་བདེ་གནང་ན་འགྲིག་གི་རེད། བོད་ཆས་མ་གྱོན་ན་བོད་པའི་གྲལ་ནས་བུད་འགྲོ་གི་མདོག་མདོག་བཤད་མཁན་འདི་ཚོས་ཁ་ནས་བཤད་པ་ཙམ་ལས་དོན་ལ་ཁོ་རང་ཚོས་གོས་ལོག་གང་འདྲ་གྱིན་མིན་གཞི་ནས་ལྟ་རྒྱུ་རེད།
འདི་ཚོས་བཤད་ཚད་ཉན་ན་ཧམ་པ་ཚ་རུ་ཚ་རུ་འགྲོ་ནས་གང་མཚམས་ནས་ངའི་དགའ་ས་ཕྲིན་ལས་ཆོས་སྒྲོན་མཉམ་དུ་སྐྱིད་པོ་གཏོང་དངོས་ཟེར་རྒྱུའང་ཐག་མི་རིང་བས་རྣ་བ་ལྟེབས་ཚིག་རྒྱག་ནས་བོད་སྐད་དྭངས་སིང་སིང་ངང་གསར་འགྱུར་ཤོད་རོགས། ཨོ་བགྲོ་གླེང་སྐབས་དྲི་བ་དྲིས་དུས་དྲི་བ་འགྲེལ་བཤད་ལྟ་བུ་མིན་པར་ཁ་གསལ་ཙམ་གནང་རོགས་ཞེས་རེ་བསྐུལ་བཅས།
གསར་འགྱུར་སྙན་སྒྲོན་པས་ངེས་པར་དུ་བོད་ལཱ་གྱོན་དགོས་པ་དང་།
ད་དུང་མེ་མདའ་བོད་མདའ་ཁུར་ཞྭ་མོ་ཝ་ཞྭ་གྱོན་ནས་གསར་འགྱུར་མ་བཤད་པའི་སྔོན་དུ་ཀྭི་ཀྭི་ཀྭི་སྭོ་སྭོ།
ཞེས་ངེས་པར་དུ་བརྗོད་དགོས། ཡག་ཤོས་བྱུང་ན་རྩམ་པ་དང་རླུང་རྟ་སོགས་གང་མང་གཏོར་དགོས།
འདི་ཚོ་མ་བྱས་ན་བོད་པའི་ཞབས་འདྲེན་རེད། བོད་ཀྱི་རིག་གཞུང་གཏོར་བརླགས་བཏང་བ་རང་རེད་ཅེས།
དགེ་འདུན་ཆོས་འཕེལ་གྱིས་གསུང་འདུག།
བོད་ལྭ་མ་གྱོན་རུང་སྐྱོན་ཆེར་མི་འདུག ཁ་ནས་བོད་སྐད་དག་མ་ཞིག་བཤད་ན་ང་ལ་དེའི་དགའ་ཞིག་མེད།
རྒྱལ་མཚན་གྱིས་མཆན་བུ་དགོད་སྤྲོ་བ་ཞིག་རྒྱབ་འདུག
རྣམ་དཔྱོད་ལྡན་པའི་སྐད་ཆ་ཞིག་བཤད་འདུག རྒྱབ་སྐྱོར་ཡོད།
རྩོམ་ཡིག་འདིའི་ཁ་བྱང་ནང་དོན་གཉིས་ལ་འབྲེལ་བ་ཞེ་དྲག་མི་འདུག
༡ ཐོག་མར་ཆས་གོས་གང་ཞིག་མིས་རང་གི་སྤྱོད་བྱར་བཟོས་པའི་རྣམ་རིག་ཅི་ལྟར་འཕེལ་མིན་དང།
༢ སྤྱིར་རིག་གནས་ངོས་འཛིན་གནང་སྟེ་བྱེ་བྲག་ཆས་གོས་རིག་གནས་སུ་འགྱུར་ཚུལ་བཤད་དགོས་མོད་དེ་བྲིས་མི་འདུག
༣ བོད་ལ་སློག་པགས། སྣམ་བུ་སོགས་ཀྱི་ཕྱུ་པ། ཝ་ཞྭ། བོད་མིས་བཏབས་པའི་གོ་ལྷམ་ལྟ་བུ་ལས་གྱོན་གོས་ཆ་ཚང་བ་ཞིག་མེད་པ་གསལ་བོ་རེད།
༤ དམག་ཆས་སོགས་ནི་རྒྱུན་སྤྱོད་ལྭ་བའི་གྲས་སུ་འདོགས་མི་ཉན།
༥ ལྭ་བ་ནི་ཡུལ་དེའི་དབྱར་དགུན་སྟོན་དཔྱིད་ཀྱི་གནམ་ཟླ་དང་འབྲེལ་ནས་ཐོན་སྐྱེད་བྱས་པའི་འཚོ་བའི་དགོས་མཁོ་ཞིག་རེད། དུས་སྟོན་དང་ཆོས་ཀྱི་མཛད་སྒོ་སོགས་སུ་གཟབ་འཆོར་སྤྲས་པའམ། ཡང་ན་མྱ་ངན་ཞུ་སྐབས་ལུས་རང་སྟེང་ནས་འགོ་བཙུགས་ཏེ་གྱོན་ཆས་ཚུན་ཆད་ཀྱིས་དེའི་རྣམ་འགྱུར་སྟོན་ཐུབ་པ་ནི་མི་རིགས་བྱིངས་ལ་ཡོད་པ་ཞིག་རེད་འདུག་པས། དེ་དག་དང་མ་འབྲལ་བའི་རྒྱུན་དུ་ངོ་རྟགས་འབྱེད་བྱེད་ཀྱི་ལྭ་བ་ཕ་རོལ་པོར་བརྡ་སྤྲོད་ཐུབ་པ། རྒྱུན་དུ་གོན་ཆོག་པ་ཞིག་ད་ལྟ་མི་འདུག
༦ དངོས་གནས་བོད་ལྭ་གྱོན་དགོས་ན་ཉིན་རེར་གྱོན་དགོས། དེའང་ཉིན་རེར་བོད་ལྭ་གོན་རྒྱུའི་རིག་གནས་ཀྱི་མ་ལག་ཆ་ཚང་བ་ཚང་ཐུབ་མ་བྱས་པར།
༧ ཆོས་གོས་དང་འབྲེལ་ནས་འབྱེད་ཆོས་སུ་གྱུར་པའི་སྣ་ཟིན་སྤུ་ཟིན་རེ་ལུང་དུ་དྲངས་ན་དེས་ག་ནས་ཆོག་ལ། དེར་ཚོར་བས་རྩི་བྱུགས་ན་དེ་བས་ཀྱང་ག་ལ་ཆོག
༨ དེ་བས་དེ་རིང་གི་བོད་མི་གནས་སའི་གནམ་འོག་དང། བོད་མིའི་འདོད་མོས། གཞན་དུ་ཆབ་སྲིད་དང་འབྲེལ་བའི་ཕྱི་ནང་གི་མཐུན་རྐྱེན་ཚང་མར་ཞིབ་ལྟོས་ཀྱིས་སྐབས་བབ་ཨ་རིའི་རླུང་འཕྲིན་ཁང་དུ་ཞལ་དུ་བསྟབས་རྒྱུ་ཞིག་བསྟབ་ན་ལས། ཨ་རིའི་རླུང་འཕྲིན་ཁང་དུ་མི་རིགས་ཀྱི་ཆས་གོས་ཀྱི་རིན་ཐང་མི་ཤེས་མཁན་རེ་གཉིས་ལས་ཨེ་ཡོད་བསམས་ལ།
༩ ལར་ནས་གནད་དོན་གླེང་སྟངས་ཤེས་པ་དང་གཙོ་བོ་གནད་དོན་དེ་དེ་རིང་གི་ཁ་སྟབས་དང་སྦྲེལ་ནས་གླེང་ཤེས་པ། ལྷག་པར་སང་ཉིན་གྱི་ལམ་དུ་ཁྱེར་རྒྱུ་ཡོད་པ་ཞིག་གླེང་ཐུབ་ན་ཁ་ཡོད་ལག་ཡོད་ཡིན་པ་སོམ་ཉི་བྲལ།
དེ་མིན་ངར་གྱིས་གཞས་བཏང་ན།། ཞབས་ནས་བཙོག་པ་ཤོར།། ཟེར་བའི་གཙང་པར་གཏམ་དཔེ་ཞིག་ཀྱང་ཡོད་པ་རེད།
ཨ་འཇམ་ལགས། དོན་ལ་གནས་པ་ཞིག་བྲིས་འདུག ཐུགས་རྗེ་ཆེ། འདིའི་ཐད་ལ་མདོ་འཛིན་པ་ཚོས་བོད་ལྭ་གྱོན་མ་གྱོན་ལ་ཁྱད་མི་འདུག་ཟེར་བ་དང་། ཡང་སྤྱིར་བཏང་གི་བོད་པ་དཀྱུས་མ་དང་ཚོ་དང་མདོ་འཛིན་པ་རྣམ་གྱི་གྱོན་གོས་ཀྱི་ཉེར་ལེན་གྱིས་འབྱུང་འགྱུར་བོད་སྤྱི་ཚོགས་ལ་བག་ཆགས་འཇོག་པའི་ནུས་པ་གཅིག་མཚུངས་སུ་འདོད་པ་དང་། ཤོད་མཁན་རྣམ་གྱིས་ནི་བོད་ཀྱི་རིག་གནས་རིན་ཐང་ལ་ལྟ་བའི་ཁ་ཕྱོགས་ཅུང་ནོར་འཁྲུལ་ཅན་ཞིག་གམ། ཡང་ན། རང་རེའི་རྩ་ཆེ་བའི་རིག་གནས་ཀྱི་རིན་ཐང་ངོས་མ་ཟིན་པ་ཙམ་དུ་ཟད།
གང་ལྟར་ཨ་རིའི་རླུང་འཕྲིན་ཁང་གི་ལྟེ་ཐོགས་བརྙན་སྒྲོན་པ་ཚོས་ད་རེབ་མི་མང་གི་ཡིད་ཆེས་བརླགས་སོང་ལ། བོད་ཀྱི་ལོ་རྒྱུས་ནང་གཞན་ལ་ངོ་གནོང་དགོས་པའི་ནག་ཐིག་ཅིག་ཀྱང་བཟོས་སོང་།
ཟླ་བཀྲས་ཕུན་ཁང་ལགས།
སྤྱིར་བཏང་ས་སྒང་འདིའི་སྟེང་ལ་ཆགས་ཡོད་པའི་མི་རིགས་དང་མིའི་རིགས་སུ་དང་གང་ཡིན། རིག་གཞུང་སྐད་ཡིག་གོམས་གཤིས་སོགས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་གྲུབ་པ་ལས་དང་ཐོག་ནས་མི་རིགས་གཅིག་ལ་གཏན་འཁེལ་གྱི་རིག་གཞུང་རང་སྐྱ་བ་ཞིག་མེད་པ་བདེན་མོད། རིམ་གྱིས་མི་རིགས་རང་རང་གི་གནམ་གཤིས་སའི་བབ་དང་། ཚོར་འདུ་འཕྲོད་སྦྱོར་སོགས་དང་མཐུན་པའི་ཆ་ལུགས་ཆེས་གོས་རྣམས་གཏིང་འཇགས་ནས་ལུགས་སྲོལ་དུ་དར་ཡོད་པ་དེ་དག་མི་རིགས་སོ་སོའི་ཐུན་མིན་རིག་གནས་སམ། མི་རིགས་རང་གི་མཚོན་རྟགས་སུ་འཇོག་དགོས་པ་ཤེས་གལ་ཆེ།
འདི་བསམ་ཚུལ་ཙམ་ལས་ཉིད་ལ་སྙུག་ཟུར་དྲུད་པ་མིན།
བོད་ལ་བོད་ཀྱི་རིག་གནས་ཞིག་རེད་ཟེར་ན་ཁྱོད་ཀྱིས་རིག་གནས་ཀྱི་གོ་དོན་ཡང་གང་འདྲ་ཞིག་འཇོག་གམ་སྙམ།
དུང་ཞེན་སྙིང་རྗེ་བོ་རེ་ཁྱེར་ཡོང་ནས་བདེན་པ་བཤད་ཁུལ་བྱེད་པ་འདི་ཡང་ཁྱེད་ཚོའི་མཐོང་རྒྱ་བློ་མིག་ཁབ་ཀྱི་བུ་ག་བཞིན་ཡོད་པས་རྟགས་སུ་བཤམ་པ་རང་རེད་དོ།གང་ལྟར་བོད་ལ་གྱོན་ན་གྱོན་མ་གྱོན་ནི་རེད།དེ་ལ་ཁྱད་པར་ཞིག་ཞེ་དྲག་ཡོད་ནི་མ་རེད་ལོ།
སྐུ་ཞབས་ཨ་འཇམ་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ།
ཁྱེད་ཀྱིས་བོད་ལྭ་ནི་བོད་ཀྱི་རིག་གནས་ཤིག་ཡིན་ཞེས་པའི་རྩོམ་ཡིག་དེ་ལ་བརྗོད་བྱ་དང་རྗོད་བྱེད་གང་ཅིའི་ཐད་ནས་ཡིད་སྨོན་དབང་མེད་དུ་ཤོར་བ་ཞིག་བྲིས་འདུག་པས་ཤིན་ཏུ་ཐུགས་རྗེ་ཆེ་ཞུ།
ཁྱེད་ནི་བོད་དོན་རིག་པའི་དབང་པོ་དངོས།
ཁྱེད་ནི་བོད་དོན་ལ་རྒྱ་བསྐྱེད་པའི་བུ།
ཁྱེད་ནི་བོད་དོན་ཞེན་སྐུལ་མཛད་པའི་བུ།
ཁྱེད་ནི་བོད་དོན་གནད་ཀྱི་རྩོམ་པ་པོ།
༡༠ ཨ རོགས་ཁམས་པའི་བསམ་ཚུལ་དེར་མོས་མཐུན་ཡོད།
ཨ་རོགས་ཁམས་པའི་བསམ་ཚུལ་ལ་ཕྲན་རང་ཉིད་ཀྱང་ཡི་རངས་དང་མོས་མཐུན་ཡོད། ལགས་སོ།
རྩོམ་པ་པོ་ཨ་འཇམ་གྱིས་གསུངས་པ་ཆ་ཚང་ལ་རྒྱབ་སྐྱོར་ཡོད། ལོ་སྔོན་མ་ནས་རང་ལུས་མེར་སྲེག་གི་ལས་འགུལ་དག་གི་སྐབས་སོ་སོར་ཕ་ཡུལ་གྱི་མི་མང་པོ་ཞིག་གིས་འདི་ལྟར་གསུངས་མྱོང་། ཁོང་ཚོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བོད་ཀྱི་རྩ་དོན་དུ་བཏང་བར་བཀའ་དྲིན་རྗེས་དྲན་དང་། ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ང་ཚོ་གཞིས་ལུས་བོད་མི་རྣམས་ཀྱིས་མི་ཚང་མང་པོས་མི་ཚེ་གང་པོར་བོད་ཆས་ཤིག་དང་ཁ་མི་འབྲལ་བའི་དམ་བཅའ་ཕུལ་ཡོད་ལ། ཡང་ལྷག་དཀར་ནམ་ཡིན་ལ་བོད་ཆས་གྱོན་རྒྱུའི་དམ་བཅའ་འཇོག་མཁན་ཡང་བྱུང་ཡོད་ཟེར་ནས་ཐེངས་མང་གསུང་གི་འདུག་ཞུ་རྒྱུ་ཡིན། གཞན་ཡང་གཟའ་ལྷག་པ་དང་པ་སངས་གཉིས་ལ་ཨ་རིའི་བོད་སྐད་བརྙན་འཕྲིན་ཐད་གཏོང་གི་ལེ་ཚན་ལ་བོད་ཆས་གྱོན་ནས་ལྟ་ཀི་ཡོད་ཟེར་ནས་ཀྱང་མི་མང་པོས་གསུང་མྱོང་བ་བཅས་ལ་དཔག་ན། གཞིས་ལུས་བོད་མི་རྣམས་ཀྱིས་ཁྱེད་ཅག་གིས་ཅི་ཞིག་གསུང་རྒྱུར་མཚན་མོའི་དུས་ཚོད་བཅུ་བའི་ཐོག་ད་དུང་བོད་ལྭ་གཙང་མ་ཞིག་གྱོན་ནས་རེ་སྒུག་དང་། སུ་ཞིག་གིས་གོ་འེ་འགྲོ་དང་ཤེས་འེ་འགྲོ་བསམ་ནས་དངངས་སྐྲག་ངང་ཡོད་སྐབས་སུ་ཁྱེད་ཅག་གིས་ཀྱང་བོད་ལྭ་གཙང་མ་ཞིག་གྱོན་ནས་ཁོང་ཅག་གི་མདུན་དུ་རྒྱལ་ཁའི་གཏམ་བཟང་རེ་རེ་འཛུམ་གྱིས་བཏེགས་ནས་ཐོན་ཡོང་ཐུབ་ན། གཞིས་ལུས་བོད་མི་དེ་དག་གི་སེམས་ལ་ཅི་འདྲའི་དགའ་ཚོར་ཞིག་དང་། དེ་བས་ཀྱང་དེ་དག་བརྒྱུད་ནས་སྤྱི་ཚོགས་ཁྱོན་ཡོངས་སུ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ངེས་པ་བཅས་ཨ་རིའི་བརྙན་འཕྲིན་ཁང་གི་བོད་ཆས་མི་གྱོན་ཟེར་མཁན་རྣམ་པས་ལྷག་ཏུ་ཐུགས་འཇགས་འཚལ།
རང་མི་རིགས་ཀྱི་ཆས་གོས་དང་། སྐད་ཡིག གོམས་གཤིས་བཅས་ནི་ཡ་བྲལ་དུ་མི་རུང་བའི་མི་རིགས་ཀྱི་བླ་སྲོག་ཉག་ཅིག་ཡིན། པཎ་ཆེན་བླ་མའི་དགོངས་པ་མཐར་ཐུག་ཡང་དེ་རང་རེད།
བོད་ལྭ་གྱོན་དགོས་མ་རེད། དེར་གལ་ཡོད་པ་མ་རེད་ཅེས་ཨ་རིའི་རླུང་འཕྲིན་ཁང་གི་བོད་པ་ཚོས་ཅང་བཤད་མི་འདུག བོད་ལྭ་གྱོན་དགོས་པར་བཤད་མཁན་ཚོ་བོད་ལྭ་གྱོན་མཁན་ཏག་ཏག་ཨེ་རེད། ཕལ་ཆེར་ཡིན་རྒྱུ་མ་རེད། ཨ་འཇམ་ནི་དེའི་ནང་གི་གཅིག་རེད། ངས་ཨ་འཇམ་གཟའ་ལྷག་པར་མཐོང་མྱོང་ལ། པ་སངས་ལའང་མཐོང་མྱོང་། གསུམ་བཅུའི་དུས་དྲན་ཉིན་མཐོང་མྱོང་ལ། མང་གཙོ་དུས་ཆེན་ཉིན་ཡང་མཐོང་མྱོང་། བོད་ལྭ་གྱོན་པའི་ཨ་འཇམ་ཞིག་ངས་མཐོང་མ་མྱོང་། ཨ་ལ་ཀུ་རེ་ཡིན་ཏེ། བོད་ལྭ་འདི་རིག་གནས་ཤིག་ཡིན་མིན་ངས་མི་ཤེས་ཀྱང་། སྲུང་སྐྱོབ་བྱེད་དགོས་པ་ནི་བཤད་ཅི་དགོས། ཡིན་ནའང་། སྲུང་སྐྱོབ་དེ་ཨ་རིའི་རླུང་འཕྲིན་ཁང་གི་བོད་པ་ཚོར་ཐུག་ཡོད་པ་དང་། ཁོང་ཚོས་བོད་ལྭ་མ་གྱོན་ན་བོད་ལྭ་ཉམས་རྒུད་དུ་འགྲོ་བར་བཤད་མཁན་ཚོའི་བཤད་སྟངས་འདི་ཏག་ཏག་མ་རེད་དྲན།
ཨ་འཇམ་གྱིས། ༼རིག་གནས་གང་ཞིག་གི་མདུན་དུ་བདོག་པའི་མི་རིགས་དེ་ཉིད་ཀྱིས་རིག་གནས་དེ་ལ་ལྟ་བའི་འདུ་ཤེས་འཛིན་སྟངས་ཚད་ལྡན་ཞིག་དང་། བཀོལ་སྤྱོད་ཁེ་ཕན་ཡང་དག་ཅིག འགན་འཁྲིའི་བསམ་བློ་བརྟན་པོ་ཞིག་དགོས་ཏེ། རིག་གནས་དེས་སྐྱོབ་པའི་མི་རིགས་ཤིག་གི་དར་རྒུད་ཐག་གཅོད་ཀྱི་གནད་དོན་ཞིག་དང་འབྲེལ་བས་སོ།།༽ཞེས་བྲིས་འདུག རིག་གནས་ཀྱིས་མི་རིགས་སྐྱོབ་ཀྱི་ཡོད་པ་རེད་དམ། མི་རིགས་ཀྱིས་རིག་གནས་སྐྱོབ་ཀྱི་ཡོད་པ་རེད།
ཨ་འཇམ་ལགས་ཀྱིས་བྲིས་པའི་བོད་ལྭ་ནི་བོད་ཀྱི་རིག་གནས་ཤིག་ཡིན་ཟེར་བར་རྒྱབ་སྐྱོར་ཡོད།་་་མི་རིགས་གང་དང་གང་ཞིག་ཡིན་དེའི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་དག་ནི་སྐད་དང་ཡི་གེ་་ཆས་གོས།་་འཚོ་སྟངས་སོགས་ཕྱོགས་མང་པོ་ཞིག་ནས་མཚོན་དགོས་པས་དེའི་ཡན་ལག་ཏུ་གྱུར་པའི་ཆས་གོས་ནི་བཤད་ག་ལ་དགོས།་་་དེ་བས་ཕྱོགས་གཅིག་གིས་ལྟ་ཚུལ་བཟུང་ནས་ཆས་གོས་ནི་རིག་གནས་ཀྱི་མ་ལག་ནས་གནད་འགག་མི་ཆེ་བའི་རྗེས་ལུས་སམ་དགོས་མེད་ཅིག་ཏུ་འདོད་པ་ནི་ངོ་མ་ཀླད་སྟོང་པའི་བསམ་ཚུལ་རང་རེད།
རྣམ་དཔྱོད་ལྡན་པའི་སྐད་ཆ་ཞིག་བཤད་འདུག རྒྱབ་སྐྱོར་ཡོད
ཨ་འཇམ་ལགས། དོན་ལ་གནས་པ་ཞིག་བྲིས་འདུག ཐུགས་རྗེ་ཆེ། འདིའི་ཐད་ལ་མདོ་འཛིན་པ་ཚོས་བོད་ལྭ་གྱོན་མ་གྱོན་ལ་ཁྱད་མི་འདུག་ཟེར་བ་དང་། ཡང་སྤྱིར་བཏང་གི་བོད་པ་དཀྱུས་མ་དང་ཚོ་དང་མདོ་འཛིན་པ་རྣམ་གྱི་གྱོན་གོས་ཀྱི་ཉེར་ལེན་གྱིས་འབྱུང་འགྱུར་བོད་སྤྱི་ཚོགས་ལ་བག་ཆགས་འཇོག་པའི་ནུས་པ་གཅིག་མཚུངས་སུ་འདོད་པ་དང་། ཤོད་མཁན་རྣམ་གྱིས་ནི་བོད་ཀྱི་རིག་གནས་རིན་ཐང་ལ་ལྟ་བའི་ཁ་ཕྱོགས་ཅུང་ནོར་འཁྲུལ་ཅན་ཞིག་གམ། ཡང་ན། རང་རེའི་རྩ་ཆེ་བའི་རིག་གནས་ཀྱི་རིན་ཐང་ངོས་མ་ཟིན་པ་ཙམ་དུ་ཟད།
གང་ལྟར་ཨ་རིའི་རླུང་འཕྲིན་ཁང་གི་ལྟེ་ཐོགས་བརྙན་སྒྲོན་པ་ཚོས་ད་རེབ་མི་མང་གི་ཡིད་ཆེས་བརླགས་སོང་ལ། བོད་ཀྱི་ལོ་རྒྱུས་ནང་གཞན་ལ་ངོ་གནོང་དགོས་པའི་ནག་ཐིག་ཅིག་ཀྱང་བཟོས་སོང་།
འདི་ལ་རྒྱབ་སྐྱོར་ཡོད
བོད་ཆས་གྱོན་ཡང་བོད་ཡིག་ཀློག་མ་ཤེས་ན་དེ་ནི་ཕ་ཡུལ་བཙོངས་པའི་འཁྱམ་པོ་དང་འདྲ་བས་སྙན་སྒྲོན་པ་ཚོས་གསར་འགྱུར་མ་བཤད་གོང་སྦྱོང་བརྡར་བྱེད་རྒྱུ་གལ་ཆེན་པོ་རེད། ད་དུང་བོད་སྐད་ཀྱི་འགྲོས་དང་མ་མཐུན་པར་ཁོ་གི ང་གི ཟེར་བའི་སྐད་ཆ་སྐྱུག་བྲོ་བོ་དེ་དག་ངེས་པར་མཚམས་འཇོག་བྱས་ན་ལེགས། གཙོ་ཆེ་ཤོས་ཨ་རིའི་བོད་སྐད་རླུང་འཕྲིན་བརྙན་འཕྲིན་ཁང་གི་བགྲེས་སོང་དེ་དག་རྒན་ཡོལ་གཏོང་རན་ཐག་ཆོད་འདུག སྐབས་འགར་སྒྲུབ་བྱ་ལས་སྒྲུབ་བྱེད་མང་བ་ཤོད་པ། ལན་ལས་དྲི་བ་མང་བ།
སྒྲ་དག་གསལ་པོ་མེད་པ། བཟློས་སྐྱོན་མང་བ་དེ་དག་ནི་བསྐྱར་སྦྱོང་ཡག་པོ་མ་བྱས་པའི་འབྲས་རྟགས་ཡང་དག་རེད།
ཨ་རི་གཞུང་གི་འགྲོ་སོང་ཕོན་ཆེན་པོ་བཏང་བ་དེ་དག་བེད་སྤྱོད་ཡང་དག་པ་གཏོང་རྒྱུ་གལ་ཆེན་པོ་ཡིན།
ཨ་འཇམ་རང་གིས་བོད་ལྭ་རྟག་པར་གྱོན་དང་གྱོན་མིན་ཅི་ལྟར་རུང་བོད་མི་རིགས་ཀྱི་གཞི་རྩའི་ལྟ་གྲུབ་མ་བརླགས་པའི་ཐོག་ནས་བོད་ལྭ་ནི་བོད་ཀྱི་རིག་གནས་ཤིག་ཡིན་ཟེར་བའི་རྩོམ་ཡིག་འདིས་བོད་མི་རིགས་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་ན་བོད་མི་རིགས་ཀྱི་ལ་རྒྱ་དང་དུང་ཞེན་གྱི་ཚོར་བ་ཟབ་མོ་ཞིག་སྟེར་བའི་ནུས་པ་འདུག གཞན་ཨ་རིའི་ཀུན་གླེང་བོད་སྐད་གཙོ་སྐྱོང་པ་དང་ལས་བྱེད་ཕོ་སྐྱེས་ཚོས་བོད་ཆས་མ་གོན་ནའང་བོད་ཆས་མི་གོན་པའི་དམ་བཅའ་བཞག་པ་དེ་ལ་ཤིན་ཏུ་ངོ་རྒོལ་ཡོད། རབ་ཏུ་ངོ་རྒོལ་ཡོད། དུས་རྒྱུན་དུ་ངོ་རྒོལ་ཡོད། བོད་མི་རིགས་ཀྱི་ཞབས་འདྲེན་ལས་གཞན་ཅི།
འཚམས་འདྲི་དང་བཅས་ཏེ། གནད་ལ་འཁེལ་བ་ཞིག་དང་གནད་ཀྱི་འགག་རྩ་ཞིག་ནས་གླེང་འདུག་པས་དགའ་ནས་ཡོད་ལགས། ཡིན་ནའང་། འུ་ཅག་ཚོས་སྤྱི་ཚོགས་ཀྱི་ངོས་ནས་འགྲིག་མི་འགྲིག་གླེང་རྒྱུ་དེ་ལས་སླ་བོ་ཞིག་ཡིན་ཡང་། རང་སྟེང་ནས་མི་འགྲིག་པ་དེ་བཞག་ནས་འགྲིག་པ་དང་འོས་པ་དེ་ལག་ལེན་དང་འགོ་འཛུགས་མི་ཐུབ་པ་དང་། རང་ཉིད་ཀྱི་ཕྱོགས་ལ་བལྟ་མི་ཐུབ་པའི་གནས་སྟངས་ཤིག་ན་ལྷག་ཡོད་ལ་དེ་ནམ་རྒྱུན་ནས་ཁོ་བོའི་སེམས་ངལ་ལྟ་བུ་ཞིག་ཏུ་གྱུར་ཡོད། འུ་ཅག་ཚོ་སྟེ་ནམ་རྒྱུན་མི་རིགས་དང་རིག་གནས་སོགས་ཀྱི་སྐོར་ནས་ཅིག་གླེང་གིན་འདུག་མཁན་དག་གིས་རང་ཉིད་ནས་འགོ་བཙུགས་ཏེ་མི་རིགས་འདི་དང་འབྲེལ་ལྷག་བསམ་དང་། རང་གཤིས་ཀུན་སྤྱོད་སོགས་ཕྱོགས་གང་ཐད་ནས་རང་ཚུགས་ཤིག་བཟུང་སྟེ། བོད་མི་རིགས་འདི་ལ་ཁ་ཚ་དགོས་གཏུགས་སམ་དགོས་མཁོའི་ལེགས་ལམ་ཕྱོགས་སུ་གཞོལ་ཐུབ་པ་ཡིན་ན། ཞར་བྱུང་དུ་འུ་ཅག་ཚོའི་སྐད་ཆའི་སྣེ་ལ་འཇུས་ནས་ཁ་མིག་ཡར་བལྟ་བྱེད་མཁན་དང་ཁ་ལ་ཉན་མཁན་མང་དག་ཅིག་འབྱུང་སྲིད་མོད། འོན་ཀྱང་འུ་ཅག་གིས་ཁ་བཤད་དོན་ལ་མི་གནས་པ་དང། ཁ་ནས་བཤད་པ་དང་ལག་ནས་ལས་པ་འགལ་བ་ལྟག་སྤྲོད་ཅིག་གི་ཚུལ་དུ་བསྡད་པ་ཡིན་ན། འུ་ཅག་ཚོས་རིག་གནས་ཀྱི་སྣང་ཚུལ་དང་། མི་ཆོས་ཀྱི་བསླབ་བྱ་སློབ་གསོའི་སྐོར་སོགས་ཁ་ལྕེ་དབུ་བ་དང། ཀླད་པ་དར་བས་བཏང་སྟེ་ཅི་ཞིག་གླེང་ཡང་རིན་ཐང་གང་ཡང་མེད་པར་རྒྱ་མཚོའི་ནང་རྡོ་གཡུགས་པ་དང་གཅིག་མཚུངས་རེད། དེ་བས་རང་ཉིད་ཤེས་ཡོན་པའི་སྡེ་ནས་འགྲེང་མཁན་ཞིག་ཡིན་ཕྱིན་རང་གཅུན་གྱི་བསམ་བློ་ཞིག་སྔོན་དུ་འགྲོ་དགོས་རྒྱུ་ནི་གཞི་རྩ་ལྟ་བུ་ཞིག་ཡིན་པར་བསམ། རྩེ་སྐར་གྱིས།
རྩོམ་འདི་ལ་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com