འཚོལ་སྡུད་དང་ཡིག་ཐོག་འབེབ་པོ། རས་པ།
༡
རི་དེ་མཐོན་པོར་མ་བལྟ།།
དམའ་མོ་གཡང་ལ་ཟགས་ཡོང་།།
ཕྱུག་པོའི་བུ་ལ་མ་བལྟ།།
མི་ཚེའི་འགྲོ་སྟངས་ཤོར་ཡོང་།།
༢
རི་དེ་མཐོན་པོའི་རྩྭ་དེ།།
རྣ་གཡག་དཀར་པོས་ཟས་སོང་།།
མཛོ་ཕོ་མིག་ཆུ་མ་འདོན།།
ཡར་ཡར་ཡར་ལ་འཛེགས་ཤོག།
༣
རི་དེ་མཐོན་པོ་གྱང་གོག།
དྲོ་རོགས་མེད་པའི་གྲང་རོགས།།
རྒྱབ་ཀྱི་ལྷག་པ་མ་སྒྲིབ།།
མདུན་གྱི་ཉི་མ་སྒྲིབ་སོང་།།
༤
ལ་མོའི་རྒྱབ་ཀྱི་རྩྭ་དེ།།
བཏབ་པའི་ལྗང་པ་མ་རེད།།
རྟ་ཕོ་གསེར་ལྡན་རྭ་མགོ།
སེམས་པ་ཤོར་བ་མ་གནང་།།
༥
མ་གཞི་གནམ་ལ་དགོས་ཀི།
གནམ་ལ་སྐར་མ་དགོས་ཀི།
སྐར་མ་དུ་བ་མཇུག་རིང་།།
མི་དགོས་ཐག་གཅོད་ཡིན་ནོ།།
༦
སྐར་མ་ཤར་བའི་དཀྱིལ་ནས།།
པ་སངས་སེམས་པ་སྐྱོ་བ།།
མི་ཚོགས་སྐར་གྲལ་བསྒྲིགས་དུས།།
པ་སངས་ལ་མོ་རྒྱག་གིས།།
༧
སྐར་མ་སྨིན་དྲུག་ལྟ་བུའི།།
རུབ་རུབ་རང་ད་མེད་ཀྱང་།།
བྱང་ཁ་སྤུན་བདུན་ལྟ་བུའི།།
ནམ་ཚོད་འཁྱོལ་བ་ཞུས་ཆོག།།
༨
མེ་ཏོག་ཁོག་མ་གང་ལ།།
སེམས་པ་ཤོར་དགོས་བྱུང་ན།།
དབྱར་ཁ་སྤང་ལ་འགྲོ་དུས།།
སེམས་པས་འདང་ས་མ་རེད།།
༩
མེ་ཏོག་ཐག་འཁྱིལ་བཞིན་དུ།།
བརྩེ་དུང་ཁྱོད་ལ་ཡོད་ན།།
ཧ་ལོའི་ལྡུམ་རྭའི་ནང་ནས།།
སེར་ཆེན་བཞག་ནས་ཡོང་ཆོག།།
༡༠
སྟར་ཁ་མ་ཟ་ཤིང་རེད།།
ཀུ་ཤུ་མ་ཟ་ཆུ་རེད།།
དེ་ལས་ལོ་གསུམ་ཁམ་བུའི།།
བཅུད་དང་བྲོ་བ་ཆེ་ཡོང་།།
༡༡
སྐྱེ་ཡག་སྐྱེ་སྲོལ་ཡག་ཀྱང་།།
དར་ཤིང་སྐམ་པོའི་རྒྱུ་རེད།།
ཡོང་པོ་སྐྱེ་སྟངས་སྡུག་ཀྱང་།།
རྒྱལ་པོའི་དབུ་བསིལ་གནང་ཡོང་།།
༡༢
སྐྱིད་པོ་ཨེ་ཡོང་སྙམ་ནས།།
ཞིང་ལ་སྲན་མ་བཏབ་ཡོད།།
སྐྱིད་པོ་ཡོང་ཡའི་འདོད་འདུག།།
སྲན་མའི་ལག་པ་བཏང་བྱུང་།།
༡༣
ཤར་སོང་ཤར་ནས་ཤར་བས།།
ཤར་གྱི་སྐར་མ་སྨིན་དྲུག།།
ཤར་ནས་ནུབ་ལ་མ་ཕེབས།།
དགུང་སྔོན་དབྱིངས་ལ་བཞུགས་དང་།།
༡༤
ཆུང་འདྲིས་ཆུང་འདྲིས་ཟེར་བ།།
ཆུང་ནས་གཤིབ་རྒྱུ་མ་བྱུང་།།
ཞག་གཅིག་ལུས་པོ་འདྲེས་པ།།
ཆུང་འདྲིས་ཞུ་ལོང་མི་འདུག།
[འཚོལ་སྡུད་པའི་ཟུར་མཆན། ] སྤྱིར་བོད་ལྷོ་ཁའི་ཕྱོགས་སུ་ཚིག་རྒྱག་ཟེར་བའི་རིག་གནས་རྣམ་གྲངས་ཤིག་ཧ་ཅང་ཕྱུག་པོར་ཡོད་ཅིང་། དེའི་ཁྲོད་དུ་བསྟོད་པ་དང་སྨད་པ། ཟུར་ཟ་སོགས་འཇིག་རྟེན་པའི་སྣང་བ་མ་ཚང་བ་མེད་པ་འདུས་འདུག་གཤིས། ཁོ་བོ་དང་ལོ་མང་རིང་ལས་གྲོགས་བྱས་པའི་བོད་ལྷོ་ཁའི་ཕྱོགས་ནས་སྐྱེས་ཤིང་། དབུས་ནས་འཚར་ལོངས་བྱུང་བའི་ཕུན་ཚོགས་བདེ་སྐྱིད་(ཕུན་སྐྱིད་)ཞུ་བ་ལགས་ལས་གུས་པས་གོང་བཀོད་ལྷོ་ཁའི་ཚིག་རྒྱག་འདི་དག་ཡིག་ཐོག་ཏུ་ཕབ་ཏེ་ཀུན་པོའི་སྤྱན་སྔར་ཕུལ་བ་ལགས་ཤིང་། ཁོ་མོས་གསུངས་གསལ་ལ་ནམ་མཁའི་སྐར་མ་གཅིག་བུས་བརྗོད་བྱ་གླེང་བའི་ཚིག་རྒྱག་གིས་མཚན་འཁྱོལ་འཁྱོལ་བྱས་ཀྱང་ཡོད་རབས་ཟེར་བ་ནི་བོད་མདོ་སྨད་ཀྱི་ས་ཁུལ་མང་དག་ཅིག་ཏུ་མཚན་འཁྱོལ་འཁྱོལ་ཏུ་བླངས་ཀྱང་རྫོགས་མཐའ་མེད་པའི་ལ་གཞས་དང་འདྲ་བོ་འདུག་ཨང་། དེ་དག་གི་ཁྲོད་ནས་འདིར་ཤོ་ལོ་ཀ་བཅུ་བཞི་ཡིག་ཐོག་ཏུ་ཕབ་པ་འདིའང་བོད་ཆེན་རིག་པ་རྒྱས་པའི་རྒྱུ་རུ་གྱུར་ཅིག་གུ།
འདི་ལྟ་བུ་དག་ནི་ངེད་ཅག་དོལ་པོའི་ཡུལ་ན་དེང་གི་དུས་སུའང་མ་ཉམས་པར་གནས་ཡོད།
ངེད་ཅག་གིས་འདི་ལ་གླུ་ཤགས་ཟེར།
རྒྱུན་དུ་འཚོ་བའི་ནང་སྤྱོད་གོ་ཆེ་གྲས་རེད།
གལ་ཏེ་ཕྱོགས་སྒྲིག་བྱས་ན་དེབ་ཆུང་གཅིག་ལ་འདང་ངེས་རེད།
སྙན་པོ་འདུག རྒྱུ་མཚན་འདུག གལ་ཆེན་དོན་བལྟས་ནས་ཕྱོགས་བསྒྲིགས་བྱས་བ་བཟང་།
ཙན་ཌན་ཤིང་ལ་འཛེག་རྒྱུ་བྱུང་ན། །
གོས་ཆེན་སློག་པ་རལ་ཡང་རལ། །
རོགས་ལོ་ཁྱོད་དང་འགྲོགས་རྒྱུ་བྱུང་ན། །
རྒྱལ་ཁམས་མི་ཁ་རྒོད་ཡང་རྒོད། །
ཆུང་དུས་སྡེ་བའི་རྒན་པ་ཚོའི་ཁ་ནས་འདི་འདྲ་རེ་གོ་མྱོང་ཡོད།
ས་མ་འདྲིས་བྱང་ཐང་སྐྱ་མོ་རེད།
འདྲིས་ཚར་ན་རང་གི་ཕ་ས་རེད།
ཁྱི་མ་འདྲིས་སྟག་ཁྱི་གཟིག་ཁྱི་རེད།
འདྲིས་ཚར་ན་རང་གི་སྒོ་ཁྱི་རེད།
འདི་མོ་འདི་བཤད་ནས་ས་མཐའ་སྡེ་མཐའ་ཉུལ་ཁུལ་བྱས་བ་ཡིན་ཡ། མཚམས་རེར་བདེན་ནི་འདྲ་འདྲ། སྐབས་རེར་རྫོ་རྒྱུ་མེད་ནི་འདྲ་འདྲ།
རས་པ་ལགས། ངས་ཀྱང་ལྷོ་ཁའི་ཁུལ་གྱི་སྐྱེས་བུ་རེ་གཉིས་དང་གྲོགས་འདྲིས་ཡོད་པས་ཁོང་ཚོའི་ཁ་རྒྱག་དང་གཏམ་དཔེ་ཚོགས་དངོས་གནས་ཡག་སེ་འདུག ཁྱེད་ནས་འདིར་དཔེ་མཚོན་མི་ཉུང་བ་ཞིག་འགོད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཞུ། ལྷག་པར་ང་རང་སྐར་ཚོགས་ལ་དོ་སྣང་ཆེ་བས་དེ་དང་འབྲེལ་བའི་ཚིག་རྒྱག་ཡོད་ན་ད་དུང་འདིར་འགོད་ཐུབ་པའི་རེ་བ་ཞུ། ཐུགས་རྗེ། བཀྲིན་ཆེའོ།།
འུ་བུ་ལུང་པའི་ཕུ་ལ། རིལ་མའི་མེ་རྫོང་རྒྱབ་ཀྱང་།
ལག་མེ་དྲོ་ད་མ་དགོས། སང་སིང་དུད་པས་གང་སོང་།
དོལ་སྨྱོན་ལགས་སུ་ཞུ་བ། དོལ་པོའི་ཡུལ་གྱི་གླུ་ཤགས་རེ་གཉིས་ཀྱི་དཔེར་མཚོན་རེ་འགོད་ཐུབ་བམ།
དཔེ་སྙན་མོ་བྱུང་་་བཀའ་དྲིན་ཆེ།
བོད་རང་གི་སྙན་ངག་ངོ་མ་བོ་འདིའི་རིགས་ལ་ཟེར་བ་རེད་་་་་ཚང་མས་སོ་སོའི་ཡུལ་གྱི་སྙན་ངག་ཟེར་ན་རེད་་མཛའ་གཞས་རེ་འདིར་བཀོད་རོགས་གནང་་་་ངོ་མས་བྲོ་བ་ཡོད་ཀི
སྟོད་སྟོད་ལ་སྨུག་པ་འཐིབས་ན།།
ཚོད་ཚོད་ལ་འབྲོང་མོ་དྲན་གི།
འབྲོང་སྒོ་ཟོག་མིན་ནོ་ཤེས་ན།།
ཞེ་སྡུག་ནོ་དྭངས་མཐའ་མེད་ཀི།
སྨད་སྨད་ན་ལ་གཞས་བླངས་ན།།
ཚོད་ཚོད་ལ་རོགས་ལོ་དྲན་གི།
རོགས་ཁ་ཐག་རིང་ནོ་དྲན་ན།།
ཞེ་སྡུག་ནོ་དྭངས་མཐའ་མེད་ཀི།
རི་མགོ་དམའ་ལ་མ་བལྟ།།
གཞན་གྱིས་རྐང་པས་རྫི་ཡོང་།།
སྤྲང་པོའི་བུ་ལ་མ་ལྟ།།
བཀྲེས་ལྟོགས་ཐེབས་ཤི་ཡོང་།།
རི་ཕ་རིའི་རི་དང་ཚུར་རིའི་རི།
དེ་མཐོང་ཡག་ཡོད་དེ་ཕྲད་རྒྱུ་མེད།
ལས་མེད་ན་རོགས་དགའ་དེ་འདྲ་རེད།
ལ་ཕར་ནང་ཆུ་དང་ཚུར་ནང་ཆུ།
ཆུ་མ་མཐོང་ན་ཡང་ཐུག་རྒྱུ་ཡོད།
ལས་ཡོད་ན་ཨ་མཐུན་དེ་འདྲ་རེད། ༼བྱང་ནག་ཆུ་ཁུལ་གྱི་ལ་གཞས་སོ།༽
བྱུང་ན་ལྷ་སའི་བུ་གུ།
མ་བྱུང་ཁམས་པའི་བུ་གུ།
ཨ་མདོ་རྒྱ་མིའི་བུ་གུ།
བྱུང་དང་མ་བྱུང་མི་འདུག
ཧཧཧ འདི་ག་བའི་གཞས་རེད།
བོད་ཆེན་རིག་པ་རྒྱས་ཕྱིར། ཁྱེད་ཀྱི་ལྷག་བསམ་བཟང་པོ་ལ་རྗེས་སུ་ཡི་རང་། གླུ་གཞས་ཀྱི་སྡེབ་སྦྱོར་ལེགས། བོད་རིག་གཞུང་སྐད་(Classical Tibetan Language) སློབ་པ་ན་དོ་སྣང་བྱུང་། དགག་སྒྲ་མ་ཡོད་ན། སྐུལ་ཚིག་གི་བྱ་ཚིག་དེ་ད་ལྟ་བ་ཡིན་དགོས། ཕྱུག་པོའི་བུ་ལ་མ་བལྟ།། ཞེས་པར་མ་ལྟ། ཞེས་སྐུལ་ཚིག ལྟོས་ཀྱི་ཚབ་ཏུ་འཇུག་གོ།
རྣ་གཡག་དཀར་པོས་ཟས་སོང་།། ཞེས་པར་ཟས། ཞེས་པ་མིང་རྐྱང་པ་ཡིན། དེ་ཡི་བྱ་ཚིག་ད་ལྟ་འདས་མ་འོངས་སྐུལ་ཚིག་རིམ་བཞིན། ཟ། ཟོས་ ཡང་ན། བཟས། བཟའ། ཟོ་ ཡང་ན། ཟོས། ཞེས་བོད་ཨིན་ཚིག་མཛོད་མཆོག་གྱུར། ཇར་མན་པ། ཨེཅ། ཞསེ་སྐེ། H. Jaschke ཞེས་པ་མཆོག་གིས་བཟོ་བསྐྲུན་བྱས་ཤིང་། ༡༨༨༡ལ་སྤར་པ་ན་བྲིས་སོ།
སེམས་པས་འདང་ས་མ་རེད།། འདི་ནང་གི་འདང་། ཞེས་པའི་བྱ་ཚིག་དེ་མ་དག་རྒྱུན་འབྱམས་སུ་སོང་བ། དིང་སང་ཕལ་ཆེ་བ་ཡོངས་ཀྱིས་འབྲི། འོན་ཀྱང་འདི་ནི་བཀའ་བསྟན་གསུང་འབུམ་གྱི་དག་ཆ་དང་འགལ་བར་མ་ཟད། དེ་དག་ལས་ཚིག་བཏུས་པ། དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་སོགས་དང་འགལ། དེས་ན། ཟུར་མ་ཆག་པར་དག་པར་འབྲི་ན། སྤྱོད་འཇུག་ཏུ། དེ་སྙེད་ཀོ་བས་ག་ལ་ལྡང་། ཞེས་པ་ལྟ་བུ་དགོས་པས། འདི་བཞིན་འབྲི་ན། བོད་ཀྱི་རིག་གཞུང་དཔེ་ཆ་རྣམས་མ་ཉམས་པར་རྒྱས་པར་འགྱུར་རོ།།
ལྷོ་ཁའི་ཚིག་རྒྱག་མ་ལྡང་ན། །
ཀརྡོའི་ཚིག་སྐྱག་འདི་ན་ཡོད། །
མཚན་མོར་བཀོལ་དུས་ཇ་མ་ལྟ། །
ཉིན་མོར་ཉལ་དུས་སྟུ་མ་ལྟ། །
ཤར་ནས་སྐར་མ་གཅིག་ཤར། །ནུབ་ནས་སྐར་མ་གཉིས་ཤར། །སྐར་མ་གཅིག་ཤར་གཉིས་ཆར། །ནམ་མཁའི་སྐར་གྲལ་འགྲིག་སོང་། །འདི་ལ་སོགས་པ་གོ་ན་བདེ་ཞིང་། ཀློག་ན་སྙན་པ། བསྡུས་བརྗོད་ཀྱི་རྣམ་པ་ཤིན་ཏུ་གསལ་བའི་སྙན་རྩོམ་ཕུལ་དུ་བྱུང་བ་དག་རེད་ཨང་་་་
ཞིབ་ལྟ་བྱ་ཁོམ་མ་བྱུང་།
སྙིང་རྗེ་པོ་དང་སྣང་བར་འགྲོ་བོ། སྐྱིད་ཉམས་དོད་པོ་དང་ཕན་ཐོགས་ཅན་ཡིན་ངེས་འདུག
ཐུགས་རྗེ་ཆེ།
དང་པོ་མ་མཐོང་ཆོག་ག
སེམས་པ་ཤོར་དོན་མི་འདུག
བཞག་གསུམ་མ་སྡད་ཆོག་ག
དྲན་པའི་ཅོང་ནད་མི་ཐེབས།
ལ་དྭགས་བློ་བཟང་འཇམ་དཔལ་གྱི་སློབ་སྟོན་རྩ་ཆེན་ལ་ཐུགས་རྗེ་ཆེ་ཞུ
ཕ་རི་སྤང་གི་སྟེང་ལ།
རྡོ་གཅིག་འཇང་ད་འཇོང་ད།
ཚུ་རི་འདི་ལ་ཤོག་དང་།
བཟོ་ལྟ་ངས་ཀྱིས་བཟོས་ཆོག།
ལྷ་སའི་བར་འཁོར་ནང་ལ།
ཁྱི་ཕྲུག་རྙང་རལ་ཡོག་ཡོག།
ང་ལ་ཆོམ་རྒྱུ་བཞག་ནས།
ཁྱེད་རང་རྙང་རལ་རྡོར་ཤིག།
ཕ་རིའི་སྤང་གི་སྟེང་ལ།།
བ་རྒན་རྩྭ་ཟ་སླེབས་སོང་།།
བ་རྒན་ཟན་རྩྭ་མ་རག།
སྤང་ཁ་རྨྱངས་པས་རྒྱང་སོང་།།
གནའ་བོའི་སྙན་ངག་འདི་ཚོའི་ནང་ན་བརྡ་རྙིང་མང་བོ་ཡོད་ཚོད་འདུག་་་་རྣམ་པ་ཚོས་བརྡ་གསར་རྙིང་ཡུལ་སྐད་བཅས་མ་བཅོས་པ་ཐད་ཀར་བཀོད་གནང་རོགས་ཞུ།
དཔེ་སྙན་པོ་འདུག རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་དེ་ཚོ་དང་འདྲ་པོ་འདུག ཁ་སྔོན་གྲོགས་པོ་ཞིག་གིས་མོན་ཁུལ་གྱི་ཚིགས་རྒྱག་སྙན་པོ་དང་མང་པོ་ཡོད་པ་མ་ཟད། རྒྱལ་བ་ཚངས་དབྱངས་རྒྱ་མཚོར་ཡང་དེའི་ཤུགས་རྐྱེན་གྱིས་ཚངས་དབྱངས་རྒྱ་མཚོའོ་མགུར་གླུ་ལྟ་བུ་ཤིན་དུ་སྙན་པའི་ཚིགས་བཅད་དེ་འདྲ་བྱུང་འདུག་གསུངས། འདིར་ཕེབས་མཁན་ནང་ལ། མོན་པའི་ཚིགས་རྒྱག་གམ་གླུ་ག༷ཞས་ཤེས་མཁན་ཨེ་ཡོད།
་འདི་ཡང་ལྷོ་ཁའི་ངག་རྒྱུན་ཚིགས་བཅད་རེད།
མེ་ཏོག་ཐག་འཁྱུད་བཞིན་དུ།།
བརྩེ་དུང་ཁྱེད་ལ་ཡོད་ན།།
ཧ་ལོས་ལྡུམ་རྭའི་ནང་ནས།།
གསེར་ཆེན་བཞག་ནས་ཡོང་ཆོག།
མེ་ཏོག་ཁོག་མ་གང་ལ།།
སྐྱེ་སྟངས་དེ་ལས་མེད་ན།།
བསམ་བློ་བུམ་པའི་ནང་ལ།།
བཏང་དང་མ་བཏང་མི་འདུག།
ཧ་ལོ་ཧར་རང་དྲགས་ཏེ།།
ལག་ཏུ་ལེན་ཐབས་བྲལ་སོང་།།
སྒྲོལ་མ་མེ་ཏོག་ཁྱེད་རང།།
ཚུར་ཚུར་ཚུར་ལ་ཕེབས་དང་།།
ངོ་མར་བོད་རང་གི་རྐང་ལས་འབུས་བའི་རིག་གཞུང་འདི་དག་ལ་བྲོ་བཅུད་འཛོམས་པོ་འདུག
ངོ་མར་བྲོ་བ་གསོན་པོ་ཞིག་སྦྱིན་བྱུང་།
སྤང་གཤོང་རྩ་ཆུ་འཛོམས་སར།
གཞོལ་གཡག་རྩ་ཆུར་རོལ་དུས།
གླང་རྒན་རྙང་མ་ཛར་ཛར་།
འཚང་ཁ་ཤིག་ཤིག་བྱས་བྱུང།
བྲག་སྟོད་ཡ་རིའི་རྩེ་ལ།
ཐང་དཀར་གཤོག་རྩལ་ངོམས་དུས།
ཕོ་རོག་སྐྲ་དཀར་ནམ་སྐྱེ།
ལྡིང་སྐོར་རྒྱགས་ཁུལ་བྱས་བྱུང་།
ལྕང་གླིང་གྲུ་བཞིའི་ནང་དུ།
འཇོལ་མོས་སྐད་སྙན་སྒྲོགས་དུས།
ལྟོགས་རྒྱལ་བྱ་ཁྲ་ཧོར་པས།
ལྟོགས་སྐད་ལན་གསུམ་བརྒྱབས་བྱུང་།
ཡངས་བའི་རྩ་ཐང་སྟེང་དུ།
རྟ་ཕོས་བང་རྩལ་འགྲན་དུས།
བོང་བུ་རྐྱང་དཀར་ཁ་ནག།
རྟུག་དྲིས་ལམ་ཁ་རྒྱངས་སོང་།
གླང་རྒན་བརྙས་བཅོས་མ་བྱེད།
ཁྱུང་དཀར་མཛོ་ཡི་ཕ་རེད།
གཡག་རྒན་སྣ་ལོ་མེད་པ།
བཤས་ན་མ་གཏོགས་གང་ཡོང་།
དང་པོ་ཤ་ཚའི་སྐད་ཆ།
ཨ་ཇོའི་ཁ་ནས་ཐོན་བྱུང་།
གཉིས་པ་དབང་ཆེན་ལག་ས།
ཕྱུ་པའི་འོག་ནས་རྐྱང་བྱུང་།
ཧ་ལོ་མེ་ཏོག་བཞིན་དུ།།
ཧར་པོ་རང་ད་མེད་སྟེ།།
སྒྲོལ་མ་མེ་ཏོག་བཞིན་དུ།།
ནམ་འཇུག་འཁྱོལ་བ་ཞུས་ཆོག།།
སྐར་མ་སྨིན་དྲུག་འདྲ་བའི།།
ཚང་ཚང་རུག་རུག་མེད་ཀྱང་།།
བྱང་སྐར་སྤུན་འདྲ་བའི།།
ནམ་མཇུག་འཁྱོལ་བ་ཞུས་ཆོག།
གནམ་ལ་མིག་གཅིག་བལྟས་པས།།
མཐོང་རྒྱུ་སྐར་མ་སྣ་ཚོགས།།
ང་ལ་དགོས་པའི་སྐར་མ།།
པ་སངས་ལ་མོ་བརྒྱབ་འདུག།
ནག་ནོག་སྤྲིན་པ་ཁྱོད་རང་།།
ཕར་ཕར་ཕར་ལ་ཕེབས་དང་།།
ཡིད་འོང་ཟླ་བའི་བཞིན་རས།།
མཇལ་བའི་གོ་སྐབས་གནང་དང་།།
ཐོག་དང་གློག་དམར་འཁྱུགས་ཀྱང་།།
ཟླ་བའི་ཚེ་སྲོག་མི་ཆད།།
བར་གེགས་རླུང་འཚུབ་ཁྲོད་ནས།།
མཇལ་བའི་སྐལ་བ་འཐོབ་ཡོང་།།
གཞོལ་གཡག་འབྲོང་གི་རིགས་རྒྱུད།
བཤས་ན་བོད་ཟས་དང་པོ།
ཁྱུང་དཀར་མཛོ་ཡི་ཕར་རྒན།
བཤས་དང་མ་བཤས་མི་འདུག།
སྒྲོལ་མ་མེ་ཏོག་བཞིན་དུ།
མཆོད་རྫས་རང་ད་མིན་ཡང་།
སྟོང་ལྡན་ཧ་ལོ་དམར་པོས།
ཀུན་གྱི་ཡིད་དབང་བཀུགས་ཆོག།
བོད་ལྷོ་ཁའི་ཚིག་རྒྱག་གི་ཐད་ལ་ཁྱེད་རྣམ་པའི་མཆན་
བཏབ་པར་དགའ་བསུ་དང་མོས་མཐུན་བཅས་ཡོད།
ང་ཡང་ཚིག་རྒྱག་དང་། ཁ་དཔེ། གྲུང་གཏམ། ལོ་རབས་ཀྱི་འབྱུང་རབས་སོགས་ལ་ཧ་ཅང་གི་དགའ་ཞེན་ཅན་ཞིག་ཡིན། དེ་བས་ཁྱེད་མཆན་འདེབས་མཁན་དང་ཚིག་རྒྱག་གི་ཚིག་རྒྱན་སྤེལ་མཁན་
ཡོངས་ལ་ཐུགས་རྗེ་ཆེ།