ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
༄༅། །ཕྱི་ལོ་༢༠༡༦ ཟླ་༨ ཚེས་༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༡༥ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་རྭ་བའི་ནང་༸ཞབས་སོར་འཁོད་མཚམས། ཆུ་ཚོད་ ༣ ཙམ་གྱི་རིང་མགོན་པོ་མཆོག་གིས་སྤྱོད་འཇུག་ཆེན་མོའི་ཆོས་འབྲེལ་འཕྲོ་སྐྱོང་མཛད་ཡོད། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་ཕྱོགས་གཅིག་ནས་ཚེས་གྲངས་དང་ཕྱོགས་གཅིག་ནས་དུས་ཚོད་ཏོག་ཙམ་ཡོད་སྟབས་བརྟན་བཞུགས་འདོན་རྒྱུ་བྱས་པ་རེད། ཁྲི་འདི་ཏོག་ཙམ་མཐོ་དྲགས་པའི་བཟོ་འདུག སྤྱིར་བརྟན་བཞུགས་འབུལ་སྐབས་ཁྲི་མཐོ་དམན་ལ་ཁྱད་གང་ཡང་མེད། ལར་ནས་ང་ཚོ་ཁྲི་ལ་ཧ་ཅང་དང་དོད་བྱེད་རྒྱུ་དེ་ཙམ་དགོས་པ་མེད། སྔ་མོ་ངོས་རང་ཐེ་ལན་ཌིའི་ལྷོ་ཕྱོགས་སུ་བུ་དྷ་དྷ་ས་ཞིང་གཤེགས་ཁོང་གི་བཞུགས་སར་ཚར་གཅིག་བསླེབས་པ་རེད།
ཁོང་གིས་གསུང་ཆོས་གནང་སྐབས་ཤིང་སྡོང་ཆེན་པོ་དབུས་སུ་རྡོ་ལེབ་ཡོད་པ་གཅིག་འདུག་པ་དེའི་ཐོག་བཞུགས་ནས་གསུང་ཆོས་གནང་གི་ཡོད་པ་བརྗོད་བྱུང་། སྐབས་དེར་ངོས་ལ་སེམས་འཚོར་ཧ་ཅང་ཆེན་པོ་ཞིག་བྱུང་། བཅོམ་ལྡན་འདས་དང་ཀླུ་སྒྲུབ་ལ་སོགས་པས་དེ་འདྲ་བྱས་ནས་གསུང་ཆོས་གནང་གི་ཡོད་རེད་བསམ་པ་དྲན་བྱུང་། ང་ཚོ་བོད་ལ་ཧ་ཅང་གིས་རྫིག་པོ་ལྟ་བུ་བཟོ་གི་ཡོད་པར་བརྟེན་ངོས་རང་བོད་པའི་བླ་མ་ཞིག་ཡིན་དུས་དེ་རིང་བརྟན་བཞུགས་འབུལ་དུས་ཁྲི་རྫིག་པོ་བརྒྱབ་དགོས་ཀྱི་ཡོད་རེད། ཅེས་ཞལ་ཤོབ་མཛད།
དེ་རིང་བརྟན་བཞུགས་བྱ་རྒྱུ་ཡིན་པར་བརྟེན་སྔོན་ལ་འཁྲུངས་རབས་གསོལ་འདེབས་བཏོན་ན་བསམ་པ་དྲན་བྱུང་། གང་ལགས་ཞེ་ན་ངོས་རང་མི་ཕལ་པ་གཅིག་རེད། དམིགས་བསལ་གང་ཡང་མ་རེད། འོན་ཀྱང་༸རྒྱལ་བའི་སྐྱེ་ཕྲེང་ལ་བསླེབས་རྒྱུ་འདི་སོ་སོའི་ལས་དང་བསོད་ནམས། སྐུ་ཕྲེང་གོང་མ་ཚོས་ཞེ་ས་མ་ཞུས་ན་ངོས་ལ་འོས་པ་ལྟ་བུ་གཟིགས་ནས་༸རྒྱལ་དབང་གི་ཁྲི་ལ་བསླེབས་ཡོད། དེར་བརྟེན་ངོས་ཀྱི་མི་ཚེ་རིང་པོ་ཡོང་རྒྱུའི་གྲས་དེ་ཚོ་སྐུ་ཕྲེང་གོང་མ་ཚོའི་ཐུགས་རྗེའི་བྱིན་རླབས་ལ་ལྟས་སུ་ཆེན་པོ་ཡོད། དེ་འདྲ་ཡིན་དུས་འཁྲུངས་རབས་གསོལ་འདེབས་བཏོན་ན་ཡག་པོ་འདུག་སྙམ་པ་དྲན་བྱུང་། འདི་འཁྲུལ་ཞིག་རིན་པོ་ཆེས་མཛད་པ་རེད། ཐུགས་བསྐྱེད་སྨོན་ལམ་ཤུགས་ཆེན་པོ་གནང་ཡོད།
སངས་རྒྱས་པའི་ཆོས་འདི་དེང་སྐབས་དུས་རབས་ཉེར་གཅིག་པའི་ནང་ལ་འབྲེལ་བ་ཡོད། བར་སྐབས་ང་ཚོའི་གདན་ས་དགའ་ལྡན་དང་སེ་རའི་ནང་འབར་མ་དང་ཤྲི་ལངྐ་། ཐེ་ལེན་ཌི་སོགས་ཀྱི་འདུལ་བ་འཛིན་པ་ཚོ་གདན་ཞུས་ཀྱིས་བགྲོ་གླེང་གོ་བསྡུར་བྱེད་རྒྱུ་བྱུང་ཡོད། ཤྲི་ལངྐ་ནས་འདུལ་བ་འཛིན་པ་ཚོ་ཕེབས་སྐབས་ངོས་ཀྱང་མཇལ་སོང་། མཇལ་འཕྲད་སྐབས་ང་ཚོས་སྡེ་སྣོད་གསུམ་གྱི་ཐོག་སློབ་སྦྱོང་དང་ཉམས་ལེན་གང་འདྲ་བྱེད་ཀྱི་ཡོད་པ་བཀའ་མོལ་ཞུ་སྐབས། ང་ཚོ་གཅིག་གྱུར་ཡིན་པའི་གནས་ཚུལ་གསལ་པོ་ཆགས་ནས་ཧ་ཅང་མཉེས་པོ་གནང་གི་འདུག ང་ཚོས་ཁོང་ཚོར་ཐེག་དམན་ཞེས་ཕར་ཕྱོགས་དེར་བཞག་པ་དང་། ཁོང་ཚོས་ང་ཚོར་བླ་མའི་ཆོས་ལུགས་(Lamaism) ཞེས་མིང་བཏགས་ནས་སྡོད་སྐབས་ང་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་གྱུར་ཡིན་ཡིན་བཞིན་དུ་དེ་ལྟར་བྱས་ན་གཉིས་ཀར་གྱོང་རེད། ནཱ་ལེནྡྲའི་ཆོས་བརྒྱུད་གཅིག་གྱུར་ནང་ལའང་རྙིང་མ་དང་། ས་སྐྱ། བཀའ་བརྒྱུད། དགེ་ལུགས། བཀའ་གདམས། ཇོ་ནང་ཞེས་མི་འདྲ་བ་དེ་འདྲ་བཤད་པ་ཡིན་ན་དགོས་པ་གང་ཡང་མེད། ང་ཚོ་ཚང་མ་ཀླུ་སྒྲུབ་ཡབ་སྲས་དང་ཐོགས་མེད་སྐུ་མཆེད་ཡབ་སྲས་ནས་མར་རྒྱུད་པ་གཅིག་གྱུར་ཡིན་པ་དེ་ང་ཚོས་ངེས་པར་དུ་དོ་སྣང་དང་ཤེས་དགོས་རྒྱུ་ཞིག་རེད་འདུག
བོད་ཡིག་དང་བོད་སྐད་ཅེས་མིང་བརྡ་འདི་སྦྱར་ནའང་འགྲིག་གི་འདུག བྷོ་ཊི་ཡ་ཞེས་མིང་བཏགས་ནའང་འགྲིག་གི་རེད། མིང་གང་བཏགས་ཀྱང་ཁྱད་གང་ཡང་མི་འདུག དོན་དག་ཡང་སྙིང་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་དེ་གལ་ཆེན་པོ་རེད། སོག་ཡུལ་ལ་ཆ་བཞག་ན་སོག་སྐད་དང་སོག་ཡིག་ཡོད། སོག་ཡུལ་ནང་བསྟན་པ་སྔ་དར་བར་དར་ཕྱི་དར་ཞེས་གསུང་གི་འདུག བར་དར་དེ་བོད་ནས་དར་བ་རེད། ཕྱི་དར་དེ་ཕལ་ཆེར་༸རྒྱལ་དབང་བསོད་ནམས་རྒྱ་མཚོའི་སྐབས་ནས་མར་བྱུང་བ་ཞིག་རེད་འདུག སྔ་དར་དེ་ཕལ་ཆེར་བོད་དུ་དར་ལམ་བརྒྱུད་ནས་འབྲེལ་བ་བྱུང་འདུག གང་ལྟར་སོག་ཡིག་དང་སོག་སྐད་ཡོད་ཀྱང་འདོན་པ་འདོན་རྒྱུ་དང་སྨོན་ལམ་བརྒྱབ་རྒྱུ་ཚང་མ་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་དེ་འགྲོ་གི་ཡོད། སོག་པོའི་མཁས་དབང་དེ་ཚོ་ཡང་བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་དེ་ག་རང་གི་ཐོག་སློབ་སྦྱོང་བྱས་ནས་མཁས་པ་གྱུར་གྱི་ཡོད། བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་འདི་ཁྱེད་རང་ཚོས་དོ་སྣང་བྱས་ཏེ་བསླབ་དགོས། དེང་སང་འཛམ་གླིང་འདིའི་སྒང་ནཱ་ལེནྡྲའི་མཁས་པའི་གཞུང་འགྲེལ་བཤད་བརྒྱབ་རྒྱུར་སྐད་ཡག་ཤོས་དེ་བཀའ་འགྱུར་བསྟན་འགྱུར་གྱི་སྐད་དེ་རེད། ཡི་གེར་ཆ་བཞག་ནའང་འཁོར་ལོ་གསུམ་གྱི་བརྗོད་བྱ་ཆ་ཚང་བ་དང་པཎ་གྲུབ་བཅུ་བདུན་གྱི་གཞུང་ཆ་ཚང་བ་ཞིག་བོད་ཡིག་ནང་ཡོད་པས་སྐད་ཡིག་གཞན་ནང་མེད། དེར་བརྟེན་འདི་བོད་སྐད་དང་བོད་ཡིག་རེད་ཅེས་བོད་པའི་ཡིན་པའི་བཟོ་འདྲ་བསམ་བློ་གཏོང་རྒྱུ་མེད། བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་འདི་སངས་རྒྱས་ཀྱི་བསྟན་པ་ལོ་ ༢༦༠༠ ཕྱིན་པའི་རྗེས་ཀྱི་དུས་ཚོད་འདིའི་སྐབས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་དཔྱིས་ཕྱིན་པ་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་གཏན་ལ་ཕབ་པའི་བརྗོད་བྱ་ཆ་ཚང་བ་ཞིག་བོད་ཡིག་ལ་བསྟེན་རྒྱུ་འདུག་མ་གཏོགས་གཞན་ལ་མེད། དེར་བརྟེན་དེར་ཁྱེད་ཚོས་དོ་སྣང་བྱས་ནས་མཁྱེན་དགོས་རྒྱུ་ཞིག་རེད། ཅེས་བཀའ་སློབ་སྩལ་ཡོད།།
ཐུགས་དག་རེད། དེང་སང་བོད་མི་གཞོན་སྐྱེས་ཀླད་སྟོང་དེ་ཚོས་རང་གིས་མི་འཇོན་པར་ཐམས་ཅད་ང་ཚོས་ཡིན་ཟེར་ནས་སྒྲོགས་ཡོང་གི་འདུག ཡང་རང་ཉིད་ཀྱི་ཇི་ལྟར་ཡིན་ཚུལ་དྲིས་དུས་དེ་རྒྱ་གར་ནས་བྱུང་རབས་བཤད་ཡོང་གི་འདུག རང་ཚུགས་ཤོར་མི་ཉན། གཞན་སེམས་དཀྲུགས་མི་ཉན།
་་་་་་ བཀའ་འགྱུར་བསྟན་འགྱུར་གྱི་ཡི་གེ་འདི་ཁྱེད་རང་ཚོས་དོ་སྣང་བྱས་ཏེ་བསླབ་དགོས། ་་་་་་་
༅༅། ༧གོང་ས་མཆོག་བཀའ་དྲིན་ཆེ།
ཁྱེད་ནི་རིས་མེད་ཁྱེད་ནི་དབྱེ་མེད་།
ཁྱེད་ནི་མི་རིགས་ཆོས་ལུགས་ཀུན་ལ་གུས་།
ཁྱེད་ནི་ཀུན་ལ་དབྱེ་མེད་གཟིགས་མཛད་པ།་
ཁྱེད་འདྲ་གོ་ལ་འདི་ནང་དཀོན་ཞིང་དཀོན།།