རྩོམ་པ་པོ། སྒང་རུ་དར།
འཆི་ནད་ཀྱིས་ཐེབས་པའི་སྐད་ཡིག
ཉིན་ཤས་གོང་ངེད་ཅག་གྲོགས་མཆེད་འགའ་སྐད་ཡིག་གི་སྐོར་ལ་གླེང་མོ་བྱ་དུས། བར་སྐབས་ཤིག་ཏུ་གྲོགས་པོ་གཅིག་གིས། བོད་སྐད་ཀྱིས་ནི་ཟ་སྐད་འཐུང་སྐད་ཀྱི་གོ་ཆོས་པ་ཙམ་རེད་ཟེར་ན་འགྲིག །ཡི་གེ་ལ་བསམ་ན་ཡང་། དངོས་གནས་བཤད་ན་ད་ལྟའི་ཆར་སོག་ཡིག་ཙམ་ཤེས་པ་ཡིན་ན་ཡང་སློབ་གྲྭ་རིམ་པའི་ཆེད་ལས་ཀྱི་སྦྱང་བྱར་འོས་པའི་ཤེས་བྱའི་རིག་ཚན་ཉེར་ལྔ་ཙམ་ཡོད་པར་ཐོས། བོད་ཡིག་ལ་ཡོད་པ་ནི་ཆོས་ལུགས་ཙམ་རེད། ད་སྐབས་བོད་ཡིག་བོད་སྐད་ཙམ་ཤེས་པས་ནི་གར་ཡང་མི་ཕྱིན་པར་འདུག ཅེས་ལག་པའི་ཕྱག་རྒྱ་དང་བཅས་གཟབ་ནན་གྱིས་བཤད་བྱུང་།
སྐད་ཆ་དེ་དག་ནི་སྟོན་ཟླ་འདིའི་གྲང་ལྷགས་དང་འགྲོགས་ནས་བདག་གི་སྙིང་མཐིལ་དུ་འཁྱགས་ཤིག་གེར་ཟུག་འོང་། དེ་ནི་ཁོ་གཅིག་པུའི་ལྟ་ཚུལ་ཙམ་མ་ཡིན་ཏེ། གམ་གྱི་མཆེད་གྲོགས་ཚོའི་ནང་ན་བོད་ཡིག་གི་རྐང་ཚུགས་མེད་ན་ཡང་དུས་རྒྱུན་དུ་རྒྱ་ཡིག་གི་སློབ་དེབ་རེ་མཆན་དུ་བཅུག་ནས་འགྲོ་བཞིན་པ་མང་དུ་མཐོང་རྒྱུ་ཡོད་ཅིང་། ད་དུང་ཁོང་ཚོའི་འགའ་རེས་རང་གི་ལག་ཏུ་རྒྱ་ཡིག་གི་དཔེ་ཆ་རེ་འཛིན་རྒྱུ་ཡོད་པ་ནི་གཟི་བརྗིད་ཅིག་ཏུ་སེམས་བཞིན་ཡོད་ཅིང་། འཕྲིན་ཕྲན་གྱི་གྲོགས་ཚོམས་སོགས་སུའང་ཧ་ཅང་འཇོན་མདོག་གིས་རྒྱ་ཡིག་འགའ་རེ་རྒྱུན་དུ་སྤེལ་བར་བྱེད། རྒྱ་ཡིག་དང་དབྱིན་ཡིག་གི་དགེ་རྒན་རེ་དངོས་སུ་མ་རྙེད་ཀྱང་དྲྭ་ལམ་ནས་བཙལ། སྐབས་རེར་ཡིག་རིགས་དེ་དག་སྦྱང་རྒྱུའི་ཆེད་གསབ་སྦྱོང་ག་གེ་མོ་རེར་ཟླ་བ་མང་པོར་ཆེད་སྦྱོང་གི་སློབ་ཚན་ཡང་རྒྱབ་ཏུ་གཡུག་ནས་འགྲོ། དེ་ལྟར་རྒྱ་ཡིག་ཅིག་མ་ཤེས་ན་ཁ་མི་སོས་ཤིང་ནམ་མི་ལངས་པའི་ལྟ་ཚུལ་རབ་རིབ་མག་མོག་ཅིག་ཁོ་ཚོའི་ཡིད་ཀྱི་གཏིང་རིམ་དུ་ཚི་དྲེག་གིས་ཆགས་འདུག་པ་ཚོར།
དེ་ཡང་དཔེར་ན། ན་ནིང་ངེད་ཚོའི་འཛིན་གྲྭའི་ནང་ནས་བོད་ཡིག་གི་ཉིན་ཐོ་འཆར་ཅན་དུ་འབྲི་དགོས་ཀྱང་། འགའ་རེས་ཐོག་མར་རྒྱ་ཡིག་གིས་བྲིས་ཤིང་། དེར་དཔེར་བྱས་ནས་གཟོད་བོད་ཡིག་ཏུ་འབྲི་ཐབས་བྱེད་པ་ལས། དང་པོ་ནས་ཀྱང་བོད་ཡིག་གིས་འབྲི་དགོས་ཚེ་རང་སྐྱ་མི་འཕེར། ད་རུང་ལ་ཤས་ཀྱིས་དེ་ཡང་མི་འཁྱོངས་བས། རྒྱ་ཡིག་ལ་དཔེར་བྱས་ནས་འབྲི་ཐུབ་མཁན་ནི་ཡིག་ཚད་འབྲིང་ཙམ་གྱི་ཚད་གཞིར་མི་བརྩི་ག་མེད་དུ་གྱུར་ཡོད། གང་ལྟར་ཁོང་ཚོ་འགའ་ཞིག་ལ་ནི་ཆུང་དུས་ནས་བོད་ཡིག་སྦྱང་རྒྱུའི་གོ་སྐབས་མ་ཐོབ་པས་དེ་ཙམ་ཁག་མེད་དུ་ཆུག་ཀྱང་། རྒྱུན་པར་ལབ་གླེང་གི་ཁྲོད་དུ་བོད་ཡིག་གིས་གོ་ཅི་ཞིག་ཆོད། ཤུ་རེ་ཁོ། རྒྱ་ཡིག་ཅིག་མ་ཤེས་པས་ཟེར་ནས་འགྲམ་ཤ་འཐེན་མཁན་མང་པོ་མཐོང་རྒྱུ་ཡོད་པ་དེ་དག་ནི་རིང་མོ་ཞིག་ནས་སྐེ་རང་ལ་ཡོད་ཀྱང་། མགོ་གཞན་ལ་བཏགས་ཚར་བའི་སྙིང་རུལ་བ་ཁྱུ་གཅིག་ལས་གང་དུའང་མི་མཐོང་། ད་དུང་མང་པོ་ཞིག་གིས་ཕྱི་ཚུལ་ནས་ཕ་སྐད་དང་མ་ཡིག་ཟེར་བ་སོགས་ཐ་སྙད་དུ་ཡིད་དུ་འོང་བ་འགའ་རྟག་ཏུ་ཁ་ལ་ཁྱེར་ཡང་། སེམས་གཏིང་ནས་རང་གི་སྐད་ཡིག་ལ་བློ་དཀར་ནས་དེ་ལ་ཤི་འཐམ་རོ་འཐམ་བྱེད་མཁན་ནི་ཧ་ལམ་མཛུབ་མོར་བརྩི་ཐུབ་པ་ཙམ་ལས་ཨེ་ཡོད་སྙམ།
སྙན་ངག་པ་ཞིག་གིས། དོན་དངོས་སུ་བོད་ཀྱི་སྐད་ཡིག་ལ་གཅེས་སྤྲས་བྱེད་མཁན་ནི་གྲྭ་པ་དག་ཡིན་པ་ལས། སྤྱི་ཚོགས་ཀྱི་རིག་གནས་པ་དང་ཞིབ་འཇུག་པ་ཟེར་བ་དེ་ཚོར་སྙིང་པོ་ཅི་ཡང་མི་འདུག་ཅེས་བཤད་ཡོད་པ་གོ་སོང་ཡང་། ད་འདི་ལྟར་བསམས་ཡོང་ཚེ། མཚམས་རེར་གྲྭ་པ་ཚོས་བོད་ཀྱི་སྐད་ཡིག་ལ་གཙིགས་སུ་འཛིན་པའི་ཚད་དེ་ཡང་གྲོང་ཁྱེར་གྱི་སློབ་གྲྭ་ག་གེ་མོ་རེའི་སྒོ་ཐེམ་ལས་དམའ་མི་སྲིད་ཀྱང་། སློབ་གྲྭ་དེ་དག་གི་སྒོ་བྱང་ལས་ཡན་ལ་ཡང་སླེབས་ཨེ་ཡོད་སྙམ་པའི་དྲི་རྟགས་སྐྱ་བོ་རེས་བདག་གི་ཚོར་ཤེས་ཀྱི་སྒོ་གླེགས་ཡང་ཡང་བརྡུང་འོང་། ལྟོས་དང་། སྐད་ཆ་དེ་ལྟར་ན། དགོན་མཐའི་ལྕགས་རི་ལས་ཕར་འདས་པའི་སྤྱི་ཚོགས་དེ་ནི་ང་ཚོས་འཆར་ཡན་གྱི་ངོས་སུ་ནམ་ཡང་འབྲི་མི་འདོད་པའི་འཇིགས་སུ་རུང་བའི་གཟུགས་རིས་ཤིག་མིན་ནམ། དེ་ཡང་ལུས་ན་ན་རེག་འདོད་དང་། སྙིང་ན་ན་བཤད་འདོད་ཅེས་པའི་ཁ་དཔེ་བཞིན་ཉུང་ཙམ་གླེང་ན། བོད་པ་ལ་ལ་ཟ་ཁང་ངམ་ཚིག་ཇ་ཁང་ག་གེ་གེ་མོར་འགྲིམ་སྐབས་ཀྱང་རྒྱ་སྐད་མི་ཤོད་པའི་སེམས་ཁྲལ་ཤིན་ཏུ་ཆེ་ཞིང་། བཟའ་བཏུང་མངག་སྐབས་ཀྱང་སྐད་མི་འགྲོ་བར་ངོ་ཚ་ནས་གཞན་གྱི་ཕག་ཏུ་ཡིབས་ནས་འགྲོ་ཐབས་འདུག་ཐབས་བྱེད། དེ་བཞིན་ཚོང་ཁང་དང་མགྲོན་ཁང་སོགས་འགྲིམ་སྐབས་ཀྱང་དོགས་མི་བདེ་ཞིང་དཔའ་ཞུམ་པའི་རྣམ་འགྱུར་ཞིག་གིས་ནམ་ནམ་ཞར་ཞར་ལ་གླེན་རྟགས་སྟོན། དོན་དུ་ཁྱོད་ཀྱི་ལག་གི་དངུལ་ལོར་ཧེབ་ལངས་བཞིན་པའི་ཚོང་པ་དེ་དག་ནི། དམིགས་ཡུལ་གྱི་ཆེད་དུ་རང་སྐད་བསྐྱུར་ནས་ཁྱོད་ཀྱི་སྐད་ལ་ལད་མོ་བྱེད་སྲིད་ཀྱང་ཐལ་མི་ཆེ་མོད། འོན་ཏེ་ཁོ་ཚོ་ནི་སུ་ལ་ཐུག་ཀྱང་རང་སྐད་ཐག་ཐག་ཐག་བཤད་ཅིང་། གང་ལ་འཕྲད་ཀྱང་རང་ཡིག་ཤར་ཤར་ཤར་འབྲི་ཞིང་བཀོལ། ཐ་ན་རྒྱ་མི་སྤྲང་པོ་ཞིག་ཡིན་ཡང་རང་གི་མཐེ་བོང་སྒྲེང་ཞིང་རང་གི་སྐད་ཀྱིས་སློང་མོ་བྱེད་པ་ལས་གཞན་སྐད་མི་ཤོད་པའི་སེམས་ཁྲལ་དང་དོགས་པ་ཅི་ཡང་མེད་ལ། ངོ་ཚ་ནི་དེ་བས་ཀྱང་མི་བྱེད། བལྟས་ཚོད་ཀྱིས་རྒྱས་སྤྲོས་དང་བཅས་སྒོར་ཁུག་ཕྲག་ཏུ་གཟར་ཞིང་ཚོང་ཁྲོམ་ཉུལ་ནས་འགྲོ་ཆོག་པའི་ཁྱོད་ནི་རང་གི་སྒོར་མོས་རང་ལ་མཁོ་བ་དེ་རང་སྐད་བཤད་ནས་ཉོས་ན་གནས་ལུགས་དང་ཤིན་ཏུ་མཐུན་ན་ཡང་། དེ་ལས་ལྡོག་སྟེ་ཁྱོད་ཁོ་ན་རང་སྐད་བཤད་པར་ངོ་ཚ་ཞིང་བག་འཁུམས། རང་ཡིག་བཀོལ་བར་ཁ་སྐྱེངས་ཏེ་ཅི་ཞིག་བརྐུས་ཡོད་པའི་རྣམ་འགྱུར་གྱིས་ཕག་ཏུ་གབ་དགོས་དོན་ཅི་ཞིག་ཡོད་ཨང་།
འོང་ཀྱང་ང་ཚོས་ད་དུང་། རྒྱ་སྐད་ཅིག་མ་ཤེས་ཚེ། ཟོག་རེད་ཟེར་ནས་རང་གིས་རང་མི་གྲལ་ནས་ཡང་ཡང་ཕུད་ཅིང་། རྒྱ་སྐད་ཐར་ཐོར་རེ་སྨྲ་ཤེས་ན་ཧ་ཅང་གོ་ཆོད་དང་ཤེས་ཡོན་ཅན་དུ་བརྩི། དེ་ཁོ་ན་ལ་དམིགས་ནས་རོང་འབྲོག་མང་ཚོགས་ཀྱི་ནང་དུའང་བུ་ཕྲུག་སློབ་གྲྭར་གཏོང་མཁན་ཧ་ཅང་མང་ལ། བུ་ཕྲུག་དག་སློབ་གྲྭར་འགྲོ་ཁ་ཡང་། མ་འོངས་པར་རྒྱ་སྐད་ཐག་སྒྲ་གྲགས་པ་ཞིག་བཤད་ཤེས་པ་གྱིས་ལ་ཤོག་ཟེར་ནས་མིག་ཆུ་འདོན་བཞིན་སློབ་གསོ་གཏོང་། ཕྱིར་བསླེབས་དུས་ཀྱང་། བུ་ཕྲུག་གིས། ཁོ་བོར་རྒྱའི་གྲོགས་པོ་ཅིག་དང་ཉུག་སོགས་ཡོད་རབས་གླེང་དུས། ཕ་མ་ཚོས་དགའ་མགུ་དང་ལེན་གྱི་མགོ་བོ་ནང་དུ་གུག་ཅིང་། ད་དུང་རང་ཁྱིམ་དུ་བུ་ཕྲུག་གིས་རྒྱ་སྐད་འགའ་རེ་བཤད་ཡོང་ཚེ། འགྲུལ་པ་ཚོའི་མདུན་དུ་ཕ་མས་ང་རྒྱལ་དང་གཟི་བརྗིད་ཀྱི་མགོ་བོ་གྱེན་དུ་བཏེགས་ཏེ་ལག་པས་རང་གི་གོང་ཁ་ཡང་ཡང་འཐེན་ལོ་ཙམ་རེའི་ཁུལ་བྱེད། གལ་ཏེ་བུ་ཕྲུག་དག་རྒྱའི་སྐད་ཡིག་ལ་འཇོན་པོ་མེད་ཚེ། ཁྱིམ་མཚེས་དག་གི་བྱིས་པ་ཚོར་བསྡུར་ནས། དེ་བ་ཚང་གི་བུས་རྒྱ་སྐད་དེ་འདྲ་བཤད་ཤེས་པ་ལ། ཁྱོད་ལ་ཅི་བྱུང་། སློབ་གྲྭ་ནས་ཅི་ཞིག་སྦྱངས་པ་ཡིན་སོགས་ཟེར་ནས་རང་གི་བུ་ཕྲུག་ལ་རྣ་སྡུག་ཚད་མེད་གཏོང་། ད་དུང་ལ་ཤས་ཀྱིས། ཐེངས་རྗེས་མར་རྒྱ་སྐད་འདི་ཚོད་ཅིག་ཤེས་མེད་ཚེ་མགོ་ཁྱིམ་དུ་བཏུད་ས་མེད་པའི་ཐ་ཚིག་ནན་མོ་རེ་སྒྲོག་བཞིན་པ་ཡང་གོ་ཐོས་སུ་བྱུང་། ད་དུང་གྲོང་ཁྱེར་དུ་གཞི་བཅས་པའི་སློབ་གྲྭ་དང་། བྱིས་གཉོར་ཁང་དག་གི་ནང་དུ་ཡོད་པའི་བོད་ཀྱི་བྱིས་པ་དག་གི་ཁ་ཡི་བཟའ་བཏུང་། ལུས་ཀྱི་སྤྱོད་ལམ་དང་། ངག་གི་སྐད་ཆ། སེམས་ཀྱི་འདུ་ཤེས་སོགས་མཐོང་ཆོས་མངོན་གྱུར་དུ་གཞན་འགྱུར་འགྲོ་བཞིན་པའི་སྣང་ཚུལ་འདི་དག་ལ་བསམ་ན། མི་རབས་འདིའི་རྗེས་སུ་ང་ཚོའི་མགོར་ནུབ་རྒྱུ་མེད་པའི་ཉི་མ་ནག་པོ་ཞིག་ཕྱོགས་གང་ཞིག་ནས་ཇི་ལྟར་ཤར་ཡོང་སྙམ་ནས་འཇིགས་སྐྲག་ཟད་དུ་མེད་པ་ཞིག་སྐྱེ། ང་ཚོ་འདི་ལྟར་འགྱུར་བ་དང་བསྟུན། གོ་ཐོས་སུ། ཉི་ཧོང་དང་། དབྱིན་ཇི། རྒྱ་རིགས་སོགས་ཀྱི་ནང་དུའང་བོད་ཀྱི་སྐད་ཡིག་དང་རིགས་གནས་སོགས་ལ་དོ་སྣང་བྱེད་མཁན་མི་ཉུང་བ་ཞིག་ཡོད་པ་དང་ད་དུང་ཇེ་མང་དུ་འགྲོ་བཞིན་ཡོད་རབས་གླེང་། དེ་ལྟར་ན་ནམ་ཞིག་འུ་ཅག་གིས་སློབ་ཡོན་ཁྱེར་ཏེ་མི་རིགས་གཞན་གྱི་རྩར་བོད་ཡིག་སྦྱང་དུ་འགྲོ་དགོས་ཐུག་པའི་དུས་ཤིག་ཀྱང་འོང་རྒྱུ་ཡོད་ཅེས་སྔོན་དཔག་བྱས་ཀྱང་རྫུན་མེད་པའི་ལུང་བསྟན་རྣོན་པོ་ཞིག་ཡིན་ཡང་ཆོག་ཆོག་ཏུ་འདུག །བར་སྐབས་འདི་དག་ཏུ་བདག་གིས་ནི། དབུགས་རིང་འགའ་གཏོང་ལེན་བྱས་པས་མི་ཆོག་པར་སྨིན་མ་ཡར་བརྫེས་ཤིང་འགྲམ་པ་ལག་པས་བསྐྱོར་ནས་སྔམ་པ་རིང་མོ་རེ་ཡང་ཅིས་ཀྱང་འཐེན་དགོས་ཐུག་ཡོང་། ད་རུང་བོད་ཀྱི་གསོལ་མགྲོན་ཁང་ངམ་སྤྱི་གཉེར་ཁང་ག་གེ་མོ་རེའི་སྒོ་འབྱེད་པའམ། མི་སྣ་ཆེ་གེ་མོ་རེའི་དུས་སྟོན་ཁྱད་པར་བ་སོགས་ཀྱི་ཚེ། སྤྱི་ཚོགས་ཀྱི་ཚབ་མཚོན་ལྟ་བུའི་གྲགས་སྐར་འགའ་རེ་བོས་ནས་ཁྱབ་སྒྲོག་བྱེད་སྐབས་ཀྱང་། མང་ཆེ་བས་ནན་གྱིས་རྒྱ་སྐད་རེ་བཤད་ནས་ད་དུང་ཧ་ཅང་སྤྱང་པོ་ཡིན་པའི་རྣམ་འགྱུར་སྟོན་ཞིང་། རྩོམ་འབྲི་བའི་ནང་དུའང་། ཁོ་བོའི་སྙན་ངག་ཅིག་ཅིག་མ་རྒྱ་འགྱུར་བྱས་ཡོད་པ་དང་། ཉུག་ཉུག་མ་དབྱིན་འགྱུར་བྱས་ཡོད་པ་སྐད་ཀྱིས་རྒྱ་དབྱིན་གྱི་ཡིག་ཐོག་ཏུ་རྩོམ་ཡིག་ཅིག་སྤེལ་ཐུབ་པ་ནི་ལ་རྒྱ་དང་གཟི་བརྗིད་བླ་ན་མེད་པ་ཞིག་ཏུ་བརྩིས་འདུག་པ་འདྲ། མ་གཞི་ཁྱོད་ཀྱི་རྩོམ་ཡིག་གི་གོམ་ཁ་མི་རིགས་ཤིག་གི་མཐའ་མཚམས་བརྒལ་ཏེ་རྒྱལ་ཁོངས་གཞན་དུ་སྤོ་ཐུབ་ན་ཁོ་བོ་ཅག་རྗེས་སུ་ཡི་རང་ལས་ཅི་ཡོད་ཀྱང་། རང་རྩོམ་བོད་ཡིག་ཏུ་ལུས་པ་ནི་ངོ་ཚ་ཞིག་ཏུ་སེམས་པའི་ཉམས་འགྱུར་གྱིས། ཡིག་རིགས་གཞན་གྱི་སྟེང་གི་ངའི་རྩོམ་ཡིག་ཅེས་ཆེ་གཡེར་གྱིས་སྒྲོག་པ་ནི་ཕ་བསད་པའི་རོ་ནང་མི་ལ་ངོམ་པ་ལས་ཅི་ཞིག་ཡོད།
ད་དུང་བོད་ཁུལ་གྱི་རྫོང་ཁུལ་དག་གི་ཟ་ཁང་དང་། ལས་སྒྲུབ་ཁང་སོགས་ཀྱི་སྒོ་བྱང་དང་། བརྡ་ཁྱབ་ཀྱི་ངོས། ལམ་མདོ་རྣམས་སུའང་ར་མགོ་ལུག་སྦྱར་དང་ཆག་གྲུམ་གྱིས་གོས་པའི་བོད་ཡིག་འགའ་རེ་རྟག་ཏུ་མིག་ལམ་དུ་མངོན་ཡོང་ལ། དྲྭ་ཐོག་ཏུ་འགའ་རེས་དེ་ལ་མི་འདོད་པའི་ཉམས་འགྱུར་རེའང་བསྟན་ཡོང་། འོན་ཀྱང་དེའི་སྐབས་སུ་མང་ཆེ་བས། ཡིག་ནོར་ཤོར་ཡང་ཤོར། བོད་ཡིག་ཡོད་པས་ཆོག་ཟེར་ཁུལ་གྱིས་ཧ་ཅང་འུ་ཐུག་པའི་སྐད་ཆ་ཡང་ཤོར།
བྱེས་སྡོད་བོད་མི་འགས་ཀྱང་རང་གི་བུ་ཕྲུག་གིས་བོད་སྐད་ཤེས་པ་དང་བོད་ཡིག་འབྲི་ཤེས་ཟེར་ཞིང་། དེ་ཡང་མ་མཐའི་ཚད་གཞི་ལས་བརྒལ་བའི་ཡོན་ཚད་ཤིན་ཏུ་མཐོན་པོ་ཞིག་ཏུ་བརྩིས་ཏེ་བྱིས་པས་བོད་སྐད་བཤད་བཞིན་པ་བརྙན་བླངས། དེའི་ལོ་རྒྱུས་སྐད་ཆ་དང་ཡིག་ལམ་ནས་བོད་ནང་དུ་ཁྱབ་སྤེལ་བྱེད་ཡོང་བ་ཡང་མང་དུ་མཐོང་ལ། མ་ཟད་དེ་ལ་བོད་པ་མང་པོས་དཔེ་མི་སྲིད་པའི་གདེང་འཇོག་མཐོན་པོ་བྱས་ཏེ་བསྟོད་བསྔགས་ཀྱི་མཐེ་བོང་ཡང་ཡང་སྟོན་པར་བྱེད། ཁྱོད་ཀྱིས། ང་ལ་ནི་མགོ་དང་རྐང་པ་ལག་པ་བཅས་ཡོད་ཅེས་ཇི་ལྟར་བཤད་ཀྱང་ངོ་མཚར་ཆེ་ཞེས་སུ་ཞིག་གིས་བརྗོད། འོན་ཀྱང་མི་རིགས་ཤིག་གི་ཕྱེད་ཀ་དེ། སྐེ་རང་ལ་ཡོད་ཀྱང་མགོ་གཞན་ལ་འདོགས་མཁན་ཤ་སྟག་ཏུ་གྱུར་པའི་ཚེ། མགོ་སྐེ་ཕྲག་གསུམ་ཆ་ཚང་མི་དེ་རྣམས་ཀྱང་ངོ་མཚར་ཅན་དུ་མི་འཛིན་ཀ་མེད་བྱུང་བ་མིན་ནམ། མདང་དགོང་ཡང་རང་གི་འཕྲིན་གྲོགས་དག་གི་མིང་ཐོ་ལ་མིག་ཞགས་འཕེན་ཙམ་བྱས་པས། མི་མགོ་སུམ་སྟོང་ལ་ཉེ་བའི་ནང་དུ་རང་མིང་བོད་ཡིག་གཙང་མས་བྲིས་ཡོད་པ་ནི་བརྒྱ་ཆའི་སུམ་ཅུ་ལས་མི་འདུག་པ་འདྲ། ཅི་ཞིག་གིས་དོགས་མི་བདེ་བ་ཡིན་ནམ། མང་ཆེ་བས་རང་མིང་དེ་རྒྱ་དབྱིན་སོག་གསུམ་གྱི་དབྱངས་གསལ་འགའི་གསེབ་ཏུ་ཅི་ཞིག་ལ་སྐྲག་ནས་མངོན་ཆུང་གིས་གབ་ཡོད་པ་ལྟར་བྲིས་ཤིང་། ལྷག་མ་རྣམས་ཀྱིས་རྒྱ་དབྱིན་ཤ་སྟག་གིས་བྲིས་འདུག །དངོས་གནས་ད་ནི་རང་མིང་ཡང་རང་ཡིག་རང་སྐད་ཀྱིས་བཤད་མི་སྤོབས་ཤིང་སྟབས་མི་བདེ་བའི་དུས་ངན་སྙིགས་མའི་སྙིགས་མ་ཞིག་ཏུ་ཐོན་འདུག་སྟེ། གཞུང་ལུགས་འགའ་རེར་རང་ཅག་མི་རྣམས་ཀྱི་མགོར་དུས་ངན་ཚེ་ལོ་བཅུ་པ་ཟེར་བ་ཞིག་མི་རིང་བར་ཐོན་རྒྱུ་ཡོད་སྐད་གསུངས་འདུག་ཀྱང་། འདི་ལྟར་བལྟས་ཚེ་རང་ཅག་གི་སྐད་ཡིག་གི་ཐོག་ཏུ་ནི་དུས་ངན་དེ་སྔར་ནས་ཐོན་ཟིན་པའི་ཉམས་སྣང་ངུ་བྲོ་བ་ཞིག་ཤར་ཡོང་ཨང་། མ་གཞི་ཡང་འུ་ཅག་ནི་འཇིགས་སུ་རུང་བའི་བཙོན་ར་ཞིག་ཏུ་ཚུད་ཟིན་པས། ད་དུང་ཡང་རང་གིས་རང་ལ་ལག་ལྕགས་སྤྲད་ནས་གཟེབ་ཏུ་བཅུག་དགོས་དོན་ཅི་ཞིག་ཡོད།
སྐད་རིགས་ཆེད་མཁས་པ་འགའ་རེས་བཤད་ན། ཉི་མ་རེ་རེར་སྐད་རིགས་བརྒྱ་ཕྲག་ལས་བརྒལ་བ་ཞིག་སྐད་རིགས་ཆེན་པོ་གཞན་ཞིག་གི་ཀློང་ཏུ་ཐིམས་འགྲོ་བཞིན་ཡོད་རབ་གླེང་། ཚུལ་དེ་ནི། ལུང་ལག་གི་ཆུ་ཕྲན་མང་པོ་ཞིག་ཆུ་ཀླུང་ཆེན་པོ་ཞིག་གི་ནང་དུ་བཞུར་ཞིང་སིམ་པའམ་ཐིམས་འགྲོ་བཞིན་ཡོད་པ་དང་གཉིས་སུ་མ་མཆིས། ལོ་ངོ་སྟོང་ཕྲག་མང་པོའི་རབས་བརྒྱུད་པའི་དྭངས་གཙང་གི་ཀ་ཁའི་ཆུ་རྒྱུན་འདི་ཡང་། ནག་ལྷོག་ལྷོག་གིས་འཕྱོ་བའི་རྒྱུས་མེད་ཀྱི་ཆུ་ཆེན་གང་ཞིག་གི་རྦ་རླབས་སུ་ནམ་ཞིག་ལ་སིམ་ཞིང་ཐིམས་འགྲོ་བར་བསམས་ན། ང་བོད་ཡིན་ཟེར་མཁན་ཟེར་མཁན་སུ་ཞིག་གི་སྙིང་མི་ཚ། གངས་ཀྱི་སེང་གེ་ཞིག་སྲོག་ཆགས་གཞན་གྱིས་མ་ཐུབ་ཀྱང་མཐར་རང་གི་ཁོག་པར་འབུ་ཞུགས་ནས་ཤི་ཚུལ་དེ་ཅི་འདྲའི་ཕངས་བ་ལ།
མདོར་ན་སྐྱོན་ལ་རྣོ་བའི་བདག་གི་མིག་ཟུང་འདིས། རེ་སྨོན་དང་ཁ་གཡང་གི་མིག་ཤེལ་སྣ་མདོར་དཔྱངས་ནས། རེ་དོགས་དང་སེམས་ཁུར་གྱི་མཆི་མ་མཐའ་ལ་གྱོན་ནས་བལྟས་ཚེ། བོད་ཀྱི་རྒན་དར་གཞོན་གསུམ་དང་གྲྭ་གྲོང་རིས་མེད་ཀྱི་མང་ཕྱོགས་ཤིག་གིས་རང་ཚུགས་ཙམ་ཞིག་ཡོད་དགོས་སྣང་སྐྱེ་ནས་མགྲིན་པ་ཡན་ཆོད་ཀྱི་སྐད་ཆ་ལ། མཚམས་ལན་རེར་བོད་ཡིག་དང་བོད་སྐད་གལ་ཆེ་རབས་ཅི་ཙམ་བཤད་ཀྱང་། ཁོག་རུལ་ན་ཁ་ལ་བྲོ་བའི་དཔེ་ལྟར་མཚམས་ལན་རེར་སྟེང་ནས་བཀབ་ཀྱང་འོག་ནས་མངོན་པའི་མཚང་ངན་འགའ་ཞིག་ཀྱང་འདི་ལྟ་འདི་ལྟར་གསལ་ལྷིང་ངེར་རྟག་ཏུ་མཐོང་ནས་ཡོང་ངོ་། །
བོད་སྐད་བོད་ཡིག་ནི་ཟ་སྐད་འཐུང་སྐད་ཀྱི་གོ་ཆོད་པ་ཙམ་རེད་ཟེར་བ་ནི་བསམ་མེད་བྱི་བའི་སྐད་ཆ་རེད་། སངས་རྒྱས་ཀྱི་གསུང་ཆོས་ཕུང་བརྒྱད་ཁྲི་ཉི་སྟོང་བོད་ཀྱི་སྐད་ཡིག་ནས་ངོ་སྤྲོད་ཐུབ་པ་དང་མཐར་པ་དང་ཐམས་ཅད་མཁྱེན་པའི་སྒོ་འཕང་ངོ་སྤྲོད་ཐུབ་པའི་སྐད་ཡིག་ནི་བོད་ཡིག་ཁོ་ན་ལས་གཞན་སྐད་ཡིག་ག་འདྲ་ཞིག་གི་ཀྱང་ནུས་པ་འདོན་མི་ཐུབ་པ་ནས་བོད་ཀྱི་སྐད་ཡིག་ནི་སངས་རྒྱས་ཀྱི་བང་ཆེན་ནམ་སངས་རྒྱས་ཀྱི་སྐུ་ཚབ་རེད་ལབ་ན་མི་ཆོག་པ་མེད་པ་ནས་བོད་ཀྱི་སྐད་ཡིག་ལ་བོད་ཕྲུག་ཚོའི་ནམ་ཡང་མཐོང་ཆུང་བྱེད་མི་ཉན་པ་ནས་བོད་ཀྱི་སྐད་ཡིག་གསོན་པོར་གནས་ན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་མི་ནུབ་རྒྱལ་ཚན་བཞིན་དུ་ཡུན་རིང་དུ་གནས་ཐུབ་པའོ་།