སྤོབས་པ་མཐའ་ཡས།
བོད་སྐད་ཀྱི་ཁྱབ་ཁོངས་ནང་ཁུལ་གྱི་ཡུལ་སྐད་དབྱེ་བ།
བོད་སྐད་ནི་ཡུལ་ཁག་ལྔའི་ནང་གི་ཡུལ་མིས་བེད་སྤྱོད་བྱེད། བོད། འབྲུག བལ་པོ། རྒྱ་གར། པ་ཀི་སི་ཐན་བཅས་ཡིན།
བོད་སྐད་ནང་ཁུལ་ལ་ཡུལ་སྐད་མི་འདྲ་བ་ཆེ་ཁག་ཁ་ཤས་ཤིག་གཤམ་དུ་བཀོད་ཡོད། དེ་ནི་ངའི་བློ་ངོར་ཡོད་ཚད་རགས་བསྡུས་ཀྱིས་བཀོད་པ་ཙམ་ལས་ཞིབ་འཇུག་གཏིང་ཟབ་བྱས་ཐུབ་མེད། སྣོན་འཕྲི་དང་། མིང་འདོགས་སྟངས། དབྱེ་བ་དགར་སྟངས་སོགས་ལ་བསམ་འཆར་འདོན་རོགས།
བོད།
• དབུས་སྐད། ལྷ་ས་གྲོང་ཁྱེར་ཁོང་གཏོགས་ཀྱི་རྫོང་ཁ་ཤས།
• གཙང་སྐད། གཞིས་རྩེ་ས་ཁུལ།
• ཀོང་པོའི་སྐད། ཉིང་ཁྲི་ས་ཁུལ།
• སྟོད་སྐད། མངའ་རིས་ཁུལ།
• ལྷོ་ཁའི་སྐད། ལྷོ་ཁ་ས་ཁུལ།
• ཧོར་སྐད། ནག་ཆུ་ཁུལ།
• ཁམས་སྐད། ཆབ་མདོ་ས་ཁུལ། དཀར་མཛེས་ཁུལ། ཡུལ་ཤུལ་ཁུལ། བདེ་ཆེན་ཁུལ། ཁམས་སྐད་བཤད་མཁན་ནི་ད་དུང་ཀན་ལྷོ་ས་ཁུལ་ཅོ་ནེ་དང་མངའ་རིས་ཁུལ་དགེ་རྩེ་རྫོང་སོགས་སུ་ཡང་ཡོད།
• ཨ་མདོའི་སྐད། མཚོ་ཤར་ཁུལ། མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ། མཚོ་བྱང་ཁུལ། རྨ་ལྷོ་ཁུལ། མགོ་ལོག་ཁུལ། ཀན་ལྷོ་ཁུལ། རྔ་བ་ཁུལ། ད་དུང་དཀར་མཛེས་ཁུལ་གྱི་གསེར་རྟ། ལི་ཐང་། དཔལ་ཡུལ་སོགས་འབྲོག་སྡེ་མང་པོ་ཞིག་ནི་ཨ་མདོའི་སྐད་རྒྱག་མཁན་ཡིན།
འབྲུག་ཡུལ།
• རྫོང་ཁ། རྫོང་ཁ་ནི་འབྲུག་གི་གཞུང་སྤྱོད་སྐད་ཡིན། རྫོང་ཁག་ཉི་ཤུའི་ནང་གི་རྫོང་ཁག་བརྒྱད་དེ། ཐིམ་ཕུ། སྤ་གྲོ། པུ་ན་ཁ། དབང་འདུས་ཕོ་བྲང་། སྒར་ས། ཧའེ། རྡ་གར་ན། ཆུ་ཁ་བཅས་ཀྱིས་ཡུལ་སྐད་ཡིན།
• ཁྱོད་ཅ་ང་ཁ། ལྷུན་རྩེ་དང་མོན་སྒར་རྫོང་སོགས།
• ལ་ཁ། དབང་འདུས་ཕོ་བྲང་གི་སྡེ་ཚོ་ཁ་ཤས།
• མེ་རག་ས་སྟེང་འབྲོག་སྐད། བཀྲ་ཤིས་སྒང་གི་འབྲོག་སྡེ་ཁག་གཅིག
• དུར་གྱི་འབྲོག་སྐད་དམ་འབྲོག་སྐད། བུམ་ཐང་གི་འབྲོག་པ་ཁག་གཅིག
བལ་ཡུལ།
• ཤར་པའི་སྐད། ཤར་པའི་སྐད་ནི་རི་བོ་ཇོ་མོ་གླང་མ་དང་གངས་ཅན་མཛོད་ལྔའི་འགྲམ་རྒྱུད་ཀྱི་སྡེ་ཚོ་ཁག། དེ་ཡང་ཤར་ཁུམ་བུ། རྡོ་ལ་ཁ། ཏྲ་པོལ་ལྗོངས། སན་ཁུ་ཝ་ས་སྦ། སེན་དྷུ་པལ་ཅོག་སོགས་དང་ད་དུང་བོད་ཀྱི་འགྲམ་ས་ཁུལ་དུ་ཡང་བེད་སྤྱོད་བྱེད་མཁན་ཡོད།
• དོལ་བོའི་སྐད། དོལ་བོ་རྫོང་།
• གློ་བོའི་སྐད། གློ་སྨིན་ཐང་རྫོང་།
• གྲོག་པོ་སྒོ་ལའི་སྐད། ཏྲ་པོལ་ལྗོངས་རྫོང་ཁོངས་ཀྱི་སྡེ་ཚོ་ཁ་ཤས་ཤིག
རྒྱ་གར།
• འབྲས་ལྗོངས་སྐད། འབྲས་ལྗོངས་སམ་སི་ཀིམ་མངའ་སྡེའི་ཁུལ།
• ལ་དྭགས་སྐད། འཇམ་མུ་ཀ་ཤི་མིར་མངའ་སྡེའི་ལ་དྭགས་རྫོང་། སྐར་རྒེལ་རྫོང་ཁོངས་ཀྱི་ཟངས་དཀར་སོགས།
• པུ་རིག་སྐད། ལ་དྭགས་ཁོངས་ཀྱི་སྡེ་ཚོ་ཁ་ཤས།
• སྤི་ཏི་སྐད། ཧི་མ་ཅལ་མངའ་སྡེའི་ཁོངས་ལ་ཧུལ་དང་སྤི་ཏི་སོགས།
• གར་ཞྭ་སྐད། ལ་ཧུལ་དང་སྤི་ཏི།
• ཉམ་སྐད། ཁུ་ནུ་རྫོང་།
པ་ཀི་སི་ཐན།
• སྦལ་ཏིའི་སྐད། སྦལ་ཏི་སི་ཐན་དང་རྒན་ཆེ་སོགས་པ་ཀི་ཐན་གྱི་བྱང་ཕྱོགས་ས་ཁུལ།
ཅོ་ནེ་ས་ཁུལ་དུ་ཁམས་སྐད་བཤད་མཁན་ཞིག་ཡོད་པ་མ་ཤེས། དོན་ངོ་མར་ང་རང་ཅོ་ནེ་ས་ཆར་སོང་མྱོང་མེད། བྲག་དགོན་པའི་མདོ་སྨད་སོགས་སུ་ཅོ་ནེ་དེ་མདོ་སྨད་ཀྱི་ཁོངས་སུ་བསྡུས་འདུག
རྒྱ་ནག་དང་སོག་པོར་བོད་སྐད་སྤྱོད་མཁན་མེད་དམ། དེ་བཞིན་འབྲུག་ཤར་ཕྱོགས་ཀྱི་སྐད་དེ་བོད་སྐད་མ་རེད་དམ།
ཀླུ་སྨྱོན་ལགས། ངས་སུ་ཞིག་གང་གི་ཁོངས་སུ་འདུས་མ་འདུས་བཤད་ཀྱི་ན་མེད། ངས་སྐད་རིགས་གང་ཞིག་ས་ཆ་གང་ཞིག་གི་ཡུལ་མིའི་བེད་སྤྱོད་བྱས་མིན་ཤོད་ཀྱིན་ཡོད།
སྤོབས་པའི་རྩོམ་ཡིག་འདི་ང་ལ་མཚོན་ན་རྒྱུ་ཆ་གལ་ཆེན་ཞིག་རེད། ཁྱོད་ཀྱི་རྩོམ་ཡིག་འདི་ཅུང་རྒྱས་འབྲི་ཐུབ་ན་དེ་བས་ཡག་པོ་འདུག་སྙམ། ང་ཚོ་བོད་ལ་སྐད་བརྡ་རིག་པ་བ་དང་སྐད་ཁུངས་སྨྲ་པ་བ་སྟོང་ཆར་ལྷག་མི་འདུག་གམ།
སྤོབས་པ་མཐའ་ཡས་ཀྱི་ཡག་པོ་ཞིག་བྲིས་འདུག ད་དུང་ང་ལ་དོག་པ་གཅིག་ཡོད་པ་ནི། འབར་མའི་བྱང་ངོས་བོད་དང་འདྲེས་པའི་ས་མཚམས་ན་བོད་སྐད་སྤྱོད་པའི་ས་ཆ་མང་པོ་ཡོད་ཚོད། འོན་ཀྱང་སྒྲ་གདངས་ལོག་སྐད་རེད། དེ་བཞིན་དུ་དེང་སང་གི་ཤིན་འཇང་སྟེ། ཤར་ཏུར་ཀུ་སི་ཐན་ན་བོད་སྐད་བཤད་མཁན་མང་པོ་ཡོད་ས་རེད། ངའི་ངོ་ཤེས་ཐོར་གོར་ཚུལ་ཁྲིམས་ཀྱི་ཕ་ཡུལ་དེ་ནས་རེད། ད་དུང་ཨབ་སྒ་ནི་སི་ཐན་ནང་དུ་བོད་སྐད་བཤད་མཁན་མེད་དམ་སྙམ།
རྒྱ་གར།
མོན་སྐད། ༡ ཨ་རུ་ན་ཅལ་མངའ་སྡེའི་རྟ་དབང་།
༢ དི་རང་།
༣ འབུམ་འདི་ལ་སོགས་མོན་ཁུལ།
པདྨ་བཀོད་སྐད། ༡ པདྨ་བཀོད།
འབྲས་ལྗོངས་ནང་ལེབ་ཅའི་སྐད་ཅིག་ཡོད་དེ་ཡང་བོད་སྐད་ཡིན་ནམ་དྲན།
བལ་པོའི་ནང་རྟ་མང་སྐད། དེ་སྤྱོད་སའི་བལ་རྫོང་མང་རབ་ཅིག་ཡོད་ངེས།
ད་དུང་འབར་མ་དང་། རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་ཅིག་ལའང་བོད་སྐད་སྤྱོད་གི་མེད་དམ་སྙམ།
ཟླ་མེད་ཀྱི་ང་ལ་དྲན་གསོ་ཞིག་བྱས་སོང་། འབར་མའི་སྐད་དེ་བོད་སྐད་ཀྱི་འབྱུང་ཁུངས་སམ་ཡང་ན་བོད་ཀྱི་གནའ་བོའི་སྐད་རིགས་རང་མི་ནམ་སྙམ་པ་བྱུང་། དེང་སང་ཨི་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་མཚན་མོའི་དུས་ཚོད་བཅུ་བའི་རྗེས་ནས་བཅུ་གཉིས་བར་འབར་སྐད་གསར་འགྱུར་དང་དྲི་བ་དྲིས་ལན་བྱེད་ཀིན་འདུག ངས་རྒྱུ་དུ་དེར་ཉན་གྱི་ཡོད། ཕལ་ཆེ་བ་གོ་བ་འདྲ་ཟིག་འདུག་མོད། ཡང་དོན་འདི་འདྲ་ཞིག་བཤད་སོང་ཟེར་རྒྱུ་ཞིག་མི་རྙེད་པ་འདྲ་འདྲ། གང་ལྟར་སྐད་ཁུངས་སྨྲ་བའི་རིགས་འདེད་བྱེད་སྐབས་བོད་སྐད་འདི་ལ་Tibet Burma ཞེས་བོད་ནས་འབར་མའི་བོད་སྐད་(ཧ་ཅང་འདྲ་བོ་འདུག་)བཤད་མཁན་གྱི་བར་དུ་གོ་ཡི་ཡོད་པ་འདྲ་འདུག ཤར་འབར་མ་ནས་ནུབ་ཨབ་རྒན་(Afghan )བར་གྱི་ནུབ་དཀྱིལ་བར་དུ་བོད་འབར་སྐད་འདིས་ཁྱབ་ཡོད་དམ་སྙམ། གང་ལྟར་སྤོབས་པ་དང་ཟླ་གཞོན་གཉིས་ཀར་བཀའ་དྲིན་ཆེ་ཟེར་གི་ཡོད།
དགེ་ཆོས་ཀྱིས་གཏམ་རྒྱུད་གསེར་ཐང་དུ་བོད་སྐད་དང་འབར་མའི་སྐད་གཉིས་གཤིབ་བསྡུར་གནང་སྟེ་མེ་དང་ཆུ་འོ་མ་སོགས་ཐ་སྙད་གཅིག་གྱུར་སྐོར་ཞིག་བྲིས་ཡོད་པ་དྲན་སོང་ངམ།
གཅིག་གཉིས་གསུམ་སོགས་ཨང་གྲངས་ཀྱང་དྲན་གིན་འདུག
ད་དུང་མཉེས་ཤངས་ཀྱི་སྐད་ཆད་མི་འདུག་གམ། ང་ཆུང་དུས་སྐད་འདི་ཆུ་རྒྱུགས་རྒྱུགས་ཤེས་བགྱིད་ཡོད། གཞན་ཡང་། སྟོད་སྐད། མངའ་རིས་ཁུ། ཟེར་བ་ཙམ་གྱིས་མོ་ཆོག་སྙམ། སྟོད་མངའ་རིས་ནང་གསེས་སྐད་ལུགས་མི་འདྲ་བ་འགའ་ཤས་ཡོད་དགོས་པ་རེད། དཔེར་ན། སྐྱིད་རོང་གི་ཡུལ་སྐད་སོ་སོར་ཡོད་རེད་སྙམ། ད་དུང་དཔྱད་པར་འཚལ། བོད་སྐད་དར་འགྱུར་ཅིག །
སྙེ་ཤང་གི་གྲངས་ཀ་གྲངས་སྟངས་ནི། གཅིག་ལ་ཧྲི། གཉིས། སེང་། ཕི་ལི། ལྔ་། དྲུག གཉྰི། བརྒྱེད། དགུ ཙུ། ཙུག་ཧྲི། ཞེས་གྲངས་འདྲེན་བྱས།
སྟོད་སྐད་ལ་ནང་གསེས་བ་དབྱེ་འབྱེད་རྒྱུ་ཡོད་པ་ནང་བཞིན་ཁམས་སྐད་ལ་ཡང་ཧ་ཅང་མང་།
ལུང་ཁུག་རེ་ལ་སྐད་སྣ་རེ་ཡོད་ཚད་དབྱེ་བ་འབྱེད་རྒྱུ་ཁག་པོ་རེད།
འབྲུག་ཤར་ཕྱོགས་ཀྱི་གྲངས་བགྲང་སྟངས། ཐུར། ཉིག་ཚིང་། སམ། ཨོ་བརྗེད་ཚོར་འདུག
སྤི་ཏིའི་སྐད་ནི། ཧི་མ་ཅལ་མངའ་སྡེའི་ཁོངས་ལ་སྤི་ཏི་ཙམ་ལས། ལ་ཧུལ་ཏེ་གར་ཞྭ་ནང་ལ་མེད་པ་ཙམ་མ་ཟད་སོགས་སྒྲའི་ནང་ལ་བསྡུས་ཡུལ་ལུང་གཞན་གང་ཡང་མེད། གར་ཞྭའི་སྐནི། ལ་ཧུལ་ལམ་ལྷ་ཡུལ་གར་ཞྭ་སྟོད་སྨད་ཙམ་ནས་སི་སྤི་ཏིའི་ཤེས་མཁན་མེད་པ་ནི། ངས་ས་གནས་དེར་ལོ་མི་ལོ་ཧྲིལ་པོ་གསུམ་རིང་བོད་དགེ་ལས་འཁུར་བྱས་ནས་བསྡད་མྱོང་།
ཡང་། ཤར་པའི་རིགས་ནང་ལ། མུ་ཁུམ་དང་རྟ་མང་སོགས་སྐད་ལུགས་ཧ་ཅང་རྒྱང་ཐག་རིང་བའི་གཅིག་སྐད་གཅིག་གིས་མི་གོ་བ་ཡང་ཡོད་པས་ཟུར་སྟོན་དགོས་ངེས་འདུག འོན་ཀྱང་དེ་དག་ཐམས་ཅད་བོད་སྐད་ཐོག་ཁ་འདོན་བྱས་པ་དང་། ཡུལ་སྐད་རྣམས་ཀྱི་ནང་ལ་ཐུ་མའི་སུམ་རྟགས་གང་མཐུན་མཐུན་དང་གང་ཇེ་ཉེར་ཡོད་པ་ཚོ་ལ་གཞོན་སྐྱེས་ཚོས་སློབ་གཉེར་དང་ཉམས་ཞིབ་བྱེད་ཐུབ་ན་དགེ་མཚན་ཆེ་བར་མཐོང་།
བལ་པོའི་ནུབ་ཕྱོགས་ནས་རྩིས་ན། ཝ་ལུང་། ཤར་པ། ཡོལ་མོ། སྙེ་ཤང། ནུབ་རི། དོལ་པོ། མུ་ཁུམ་སོགས་བོད་སྐད་ལ་སྤྱོད་མོད། ཕན་ཚུན་གོ་བརྡ་འཕྲོད་རྒྱུ་དཀའ་ཙམ་ཡིན།
ཨོ་མེ་ཏོག་དཀར་པོ་ལགས་ལ་བལ་ཡུལ་མི་རིགས་མང་པོ་ཞིག་ཆ་རྒྱུས་ཡོད་བཟོ་འདུག
ཁྱེད་བལ་ཡུལ་གྱི་ནུབ་ཕྱོགས་དང་བྱང་ཕྱོགས་སོགས་སུ་ཕེབས་མྱོང་ངམ།
བྱུང་ན་དོལ་པོ་དང་མུ་ཁུམ་ལས་སོགས་ཀྱི་ཆོས་དང་རིག་གཞུང་ལས་སོགས་ཅུང་ཞིག་གསུང་རོགས།
གོང་དུ་གློ་བོ་ཆད་འདུག་ག
ལ་སྟོད་ལགས། དགོངས་དག མི་རིགས་དེ་དག་གི་ངོ་ཤེས་གྲོགས་པོ་མང་ཙམ་ཡོད་མོད་དངོས་སུ་འགྲོ་མ་མྱོང་ལགས། དེ་དག་ལས་སོ་སོའི་ལུང་པའི་སྐོར་ཏོག་ཙམ་གོ་མྱོང་མོད། ཁ་བརྡར་བྲིས་རིན་ཡོད་པ་ཞིག་མེད་ལགས།
མེ་ཏོག་ལགས་ཐུགས་རྗེ་ཆེ།
ང་ལ་དོལ་པོའི་གྲོགས་པོ་བཟང་པོ་ཞིག་ཡོད།
ཁོང་གི་ངག་ལམ་ནས་དོལ་པོའི་སྐོར་ལ་རྒྱུས་མངའ་ཆེ་ཙམ་ཅིག་ཡོད།
དོལ་པོ་ནི་བལ་ཡུལ་གྱི་ནུབ་བྱང་ཕྱོགས་ཀྱི་བལ་བོད་ཀྱི་ས་མཚམས་སུ་གནས་ཤིང་དོལ་པོའི་རྫོང་ཞེས་འབོད་ཀྱང་ད་ཆ་བལ་པོས་ཌོལ་པོ་རྫོང་ཞེས་འབོད་ཀྱི་འདུག
དེ་ལ་མངའ་སྡེའི་ས་ཆའི་རྒྱ་ཁྱོན་ཆེ་བར་ཡོད་ཀྱང་མི་འབོར་ཅུང་ཉུང་ཉུང་རེད།
དེ་ཡང་མངའ་སྡེ་དེ་ལ་དོལ་པོ་སྨད་མ་སྟོད་མ་ཞེས་གཉིས་སུ་ཕྱེས་ཡོད།
དོལ་པོ་སྟོད་ལ་འགྲོ་རྒྱུར་ཕྱི་མིར་དེ་ཙམ་སྒོ་མོ་ཕྱེས་མེད།འོན་ཀྱང་ད་ལྟ་ཕྱི་རྒྱལ་བ་ཚོར་ལྟ་སྐོར་གྱི་ཉིན་གླ་ཉིན་རེར་ཨ་སྐོར་བདུན་ཅུ་རེ་བླངས་ཏེ་གཏོང་གི་ཡོད་འདུག
འོན་ཀྱང་དངུལ་དེ་དག་ས་གནས་ཀྱི་མི་དམངས་ལ་ཕན་ཐོགས་གང་ཡང་མེད།
དོལ་པོ་སྟོད་མའི་མི་རིགས་ཚོའི་ཆོས་དང་རིག་གཞུང་མི་རིགས་ལུགས་སྲོལ་ཆ་ལུགས་ནི་བོད་སྟོད་མངའ་རིས་ལ་སྟོད་པ་དང་གཅིག་པ་རེད།
སྐད་ཡིག་ཀྱང་བོད་སྐད་རང་ལས་ཐ་དད་པ་མེད།
ད་ལྟ་མི་འགའ་ཞིག་གིས་བཤད་ན་བོད་དུ་རྒྱ་ནག་གིས་ཤུགས་རྐྱེན་གྱིས་བོད་སྐད་ཡིག་ལུགས་སྲོལ་ཆ་ལུགས་ཐམས་ཅད་ཉམས་བཞིན་པའི་སྐབས་དོལ་པོར་བོད་ཀྱི་རིག་གཞུང་མ་ཉམས་པར་གནས་མུས་སུ་ཡོད་འདུག་ཟེར།
དོལ་པོར་བོད་རིགས་མི་འབོར་འབུམ་ལྔ་ཙམ་ཡོད་རབས་བཤད།
ཁོང་་ཚོར་ད་ལྟ་དབྱར་རྩ་དགུན་འབུ་ཡིས་ཚོང་ལས་ཀྱི་དཔལ་འབྱོར་ཀྱང་ཡར་རྒྱས་སུ་འགྲོ་མུས་རེད་འདུག
དོལ་པོ་སྨད་མ་རྣམས་ཀྱི་སྐད་ལ་ཀལ་སྐད་ཅེས་འབོད་ཀལ་སྐད་ཅེས་པ་ནི་ཀ་ལ་པིང་ཀ་ལྷ་ཡི་སྐད་དེ་ཞང་ཞུང་གི་སྐད་ཀྱི་ཡ་གྱལ་ཅིག་རེད།ཁོང་ཚོའི་སྐད་དང་ཆ་ལུགས་སྲོལ་རྒྱུན་གྱི་ཁྲོད་ནས་ཞང་ཞུང་གི་སྐད་དང་ལུགས་སྲོལ་མང་པོ་ཞིག་ཞིབ་འཇུག་པ་ཚོས་རྙེད་བཞིན་་འདུག།
དོལ་པོ་སྟོད་ལ་སྡོང་པོ་སོགས་གང་ཡང་མེད་ཅིང་ས་ཆ་ཧ་སྐམ་ཤས་ཆེ་བ་ཞིག་རེད།
མི་ཚོའི་འཚོ་བ་ནི་ཞིང་འབྲོག་བསྲེས་མ་ཞིག་རེད།
རྟ་དང་གཡག་ར་དང་ལུག་འབྲི་དང་བ་མོ་སོགས་ཡོད་འདུག
ཨོ་ད་མང་དྲགས་སོང།
ཡག་པོ་འདུག དོལ་པོའི་ལོ་རྒྱུས་ཀྱི་དེབ་ཆུང་ཞིག་ཟླ་གཅིག་གོང་དུ་ལག་ཏུ་ཐེབ་སོང་མོད། ད་ལྟ་གར་ཡོད་མིན་འདུག
ད་དུང་ཧི་མ་ལ་ཡ་ཡིན་ཞིིག་ཟེར་བའི་དོལ་པོའི་གློག་བརྙན་ཞིག་ཀྱང་བལྟས་མྱོང་།
སྤོབས་པ་མཐའ་ཡས་ཀྱིས་བཀོད་པའི་འབྲུག་པའི་ཁ་སྐད་ཀྱི་མིང་ལ་ནོར་བཅོས་དང་ལྷན་ཁ་སྐོང་ཞིག་རྒྱག་འདོད་བྱུང་།
རྫོང་ཁ་ནི་ཁྱེད་ཀྱིས་གསུངས་པ་ལྟར་རང་རེད། འོན་ཀྱང་ཉིད་ཀྱིས་འདྲེན་པའི་རྫོང་ཁག་དེ་དག་སོ་སོར་རྫོང་ཁའི་བརྗོད་སྒྲ་དང་མིང་ཚིག་རྣམས་ཀྱང་སོ་སོ་ཡོད། དེ་བཞིན་དེ་དག་ལ་བྱེ་བྲག་གི་མིང་ཡང་སོ་སོ་ཡོད། དེ་ཡང་
ཐིམ་ཕུ་བའི་ཁ་སྐད་ལ་-ཝང་ཁ།
དབང་འདུས་ཕོ་བྲང་པའི་ཁ་སྐད་ལ་-ཤར་ཁ།
ཧ་པའི་ཁ་སྐད་ལ་-ཧ་པའི་ཁ།
སྤ་གྲོ་པའི་ཁ་སྐད་ལ་-སྤ་རོ་པའི་ཁ།
མགར་ས་པའི་ཁ་སྐད་དང་ཆུ་ཁ་པའི་ཁ་སྐད་སྐོར་རྒྱུས་མེད། གོང་གི་ཁ་སྐད་དེ་དག་གི་ཁྱད་པར་ཡང་གཙོ་ཆེ་བ་ཝང་ཁ་ནང་དུ་མས་མས་ཞེས་པ་མང་དུ་བརྗོད་ལ། ཤར་ཁའི་ནང་དུ་ཙོ་ཙོ་ཞེས་པ་མང་དུ་བརྗོད། དེ་ནས་ཧ་པ་སྤ་རོ་པའི་ཁ་སྐད་ལ་གཉའ་ཞེས་པ་མང་དུ་བརྗོད། དེ་བཞིན་ཉེ་འདུའི་མིང་སོགས་ལ་ཡང་ཁྱད་པར་ཡོད། གང་ལྟར་གོང་གི་རྫོང་ཁག་དེ་རྣམས་སུ་སྡོད་པའི་མི་རྣམས་ལ་སྔ་ལོང་ཞེས་བརྗོད་ཀྱིན་ཡོད་པས་དེ་དག་གི་ཁ་སྐད་ལ་ཡང་སྔར་རྫོང་ཁ་ཞེས་པའི་མིང་མ་འདོགས་གོང་དུ་སྔ་ལོང་ཁ་ཞེས་བརྗོད། ཡང་དུས་རབས་༡༧ པའི་ནང་དུ་བྲིས་པའི་ལྷོ་པའི་ཁ་ལབ་བློ་གསལ་སྒོ་འབྱེད་ཅེས་པར་བཀོད་པ་ལྟར་ན་རྫོང་ཁ་དེའི་མིང་ལ་ལྷོ་པའི་ཁ་ཞེས་ཀྱང་བརྗོད་པ་འདྲ།
༼ཁྱོད་ཅག་ང་ཁ་༽མིན་པར་ཁྱོད་ཅག་ང་ཅག་ཡིན། དེ་ནི་ངའི་ཕ་སྐད་ཡིན། ཁ་སྐད་དེ་མོང་སྒར། ལྷུན་རྩེ། བཀྲ་ཤིས་ཡང་རྩེ་རྫོང་ཁག་གསུམ་དུ་ཡོད། མོང་སྒར་ལ་ཁ་སྐད་དེ་རྒྱག་མཁན་གཙོ་བོ་ཙཀྐླིང་པ་དང་གཏོར་མ་གཞོང་ཞེས་གཉིས་ཡོད་པས་དེ་གཉིས་ཀྱི་བར་ལ་ཡང་ཁྱད་པར་ཡོད། བཀྲ་ཤིས་ཡང་རྩེ་ལ་སྟོང་ཞང་དང་གངས་ཁ་གཉིས་ཡོད་པས་དེ་གཉིས་ཀྱི་བར་དུ་ཡང་ཁྱད་པར་ཡོད། དེ་བཞིན་ལྷུན་རྩེ་ལ་ཡང་ཀུར་སྟོད་དང་ཀུར་སྨད་བར་ལ་ཁྱད་པར་ཆེན་པོ་ཡོད། ཁྱད་པར་ཡང་གཙོ་ཆེར་དངོས་པོ་དང་ཉེ་འདུའི་མིང་ལ་བྱུང་གི་ཡོད། བརྗོད་སྒྲ་དང་སྒྲ་གདངས་ཀྱི་ཁྱད་པར་ནི་སྨོས་མི་དགོས།
དབང་འདུས་ཕོ་བྲང་གི་སྡེ་ཚོ་ཁག་ཅིག་གིས་རྒྱག་པའི་ཁ་སྐད་དེའི་མིང་ནི་ལ་ཁ་མིན་པར་ལ་འོག་པའི་ཁ་མིན་ནམ་སྙམ། ལ་འོག་པའི་ཁ་ལ་ཡང་གཉིས་ཡོད། དེ་ཡང་གང་དུ་འགྲོ་ཞེས་པར་གཅིག་གིས་ཨུ་ཏ་ཨི་ཟི་ཞེས་བརྗོད་ཅིང་། གཅིག་གིས་གར་འགྲོ་ནི་ཞེས་བརྗོད། ཕྱི་མ་དེ་ལ་ཁ་ཅིག་གིས་ཀློང་སྟོད་པའི་ཁ་ཞེས་ཀྱང་ཟེར།
མེ་རག་སག་སྟེང་པའི་འབྲོག་པའི་ཁ་དེ་ལ་ཁ་ཅིག་གིས་འབྲོག་པའི་ཁ་ཞེས་བརྗོད་ཀྱི་ཡོད་ཀྱང་མིང་ངོ་མ་ནི་ཛ་ལ་ཁ་ཞེས་འབོད། ཛ་ལ་ཁ་དེ་མེ་རག་སག་སྟེང་ཁོ་ན་མིན་པར་ལྷུན་རྩེ་ཕྱོགས་ལ་ཡང་ཡོད། བུམ་ཐང་པའི་འབྲོག་པ་རྣམས་ཀྱིས་རྒྱག་མཁན་དེ་ལ་དུར་པའི་ཁ་ཞེས་བརྗོད་ཀྱི་ཡོད་པར་སེམས།
དེ་ནས་མེ་དཀར་གྱིས་བརྗོད་པའི་ཤར་ཕྱོགས་པའི་ཁ་སྐད་ཅེས་པ་དེའི་མིང་ངོ་མ་ནི་ཚངས་ལ་ཁ་ཡིན། ཚངས་ལ་ཁ་དེ་ནི་ཤར་ཕྱོགས་ཀྱི་རྫོང་ཁག་ལ་ཁྱབ་ཆེ་ཤོས་ཤིག་ཡིན། ཁ་སྐད་དེ་རྒྱ་གར་པདྨ་བཀོད་ལ་ཡང་ཡོད། དེ་བཞིན་མོན་རྟ་དབང་ཕྱོགས་ལ་ཡང་འདུག
དེ་ནས་ཧན་སྐད་ཟེར་བ་ཞིག་ཡོད། ཧན་སྐད་དང་ལ་འོག་པའི་ཁ་སྐད་གཉིས་ཕལ་ཆེར་འདྲ། སྐད་དེ་ཀྲོང་གསར་རྫོང་ཁག་ཏུ་ཡོད། དེ་ནས་ཆ་ལི་པའི་ཁ་ཞེས་པ་ཞིག་ཡོད། ཁ་སྐད་དེ་མོང་སྒར་རྫོང་ཁག་ནང་གི་སྡེ་ཚོ་གཅིག་གི་ཁ་སྐད་ཡིན། དེང་སང་ཁ་སྐད་དེ་ལ་ཁྱོད་ཅག་ང་ཅག་གི་ཁ་སྐད་ཀྱིས་བཙན་གནོན་བྱེད་ཀྱི་ཡོད་པ་འདྲ།
ཡང་འབྲུག་གི་ཁ་སྐད་ཁྱབ་ཆེ་ཤོས་ཤིག་ཁེངས་ཁ་དེ་རེད། ཁེངས་ཁ་ནི་བུམ་ཐང་། ཀྲོང་གསར། གཞལ་སྒང་རྫོང་ཁག་རྣམས་སུ་ཡོད། ལྷུན་རྩེ་ཕྱོགས་ལ་ཡང་ཁེངས་ཁ་དང་འདྲ་བ་ཞིག་ཡོད་ཀྱང་དེ་ལ་ཁེངས་ཁ་ཞེས་མི་བརྗོད་པར་ཞ་སྐད་ཅེས་འབོད། ཡང་མོང་སྒར་ཕྱོགས་སུ་དགོངས་དུ་པའི་ཁ་ཞེས་པ་ཞིག་ཡོད། དགོངས་དུ་པའི་ཁ་སྐད་དང་ཆ་གླིང་པའི་ཁ་སྐད་གཉིས་འབྲུག་པའི་ཁ་སྐད་གང་དང་ཡང་མི་འདྲ། ཁ་སྐད་གཞན་རྣམས་ཡོངས་སུ་རྫོགས་པ་གོ་བ་ལོན་མ་ཐུབ་ཀྱང་ཅུང་ཟད་རེ་གོ་བ་ལོན་ཐུབ། དགོངས་དུ་པའི་ཁ་སྐད་དང་ཆ་གླིང་པའི་ཁ་སྐད་དེ་མི་རིགས་གཞན་སུ་ཞིག་གིས་ཀྱང་གོ་བ་ལོན་ཐུབ་ཀྱི་མེད། ཀྲོང་གསར་ཕྱོགས་སུ་མོན་སྐད་ཟེར་བ་ཞིག་ཡོད། ལྷོ་མཚམས་ཕྱོགས་སུ་དོ་ཡ་པའི་སྐད་ཅེས་པ་ཞིག་ཡོད། དོ་ཡ་པའི་སྐད་ནི་བལ་པོའི་སྐད་དང་འདྲ་བར་སེམས། ལྷོ་མཚམས་པའི་ཁ་སྐད་ནི་བལ་པོའི་སྐད་རང་རེད།
དེ་ཙམ་གྱིས་འབྲུག་གི་ཁ་སྐད་ཀྱི་ངོ་སྤྲོད་ཞུས་ཟིན། དེ་དག་གི་གྲལ་ནས་ཁ་ཅིག་བོད་སྐད་ཀྱི་ཕ་མ་དང་། ཁ་ཅིག་བུ་ཚ། ཁ་ཅིག་སྤུན་ཆ་དང་ཁ་ཅིག་ཚ་རྒྱུད་ཡིན་སྲིད། དེ་ལྟར་རིགས་གཅིག་པ་ཡིན་མིན་སྐོར་དཔྱད་པ་གཏོང་དགོས་ན་ཇི་ལྟར་གཏོང་དགོས། ཁྱེད་དྲ་གྲོགས་རྣམ་པས་ང་ལ་ལམ་སྟོན་ཞིག་གནང་དང་། ང་དེ་འདྲའི་དཔྱད་པ་གཏོང་རྒྱུར་དགའ་པོ་ཡོད།
ཨ་མདོ་ཅོ་ནེ་ཡི་སྐད་དེ་ནི་ལྷ་སའི་སྐད་དང་ཉེས་པ་ལས་ཁམས་སྐད་དང་མི་ཉེ་བ་ཡིན། ཅོ་ནེ་ནི་བཙན་པོ་སྲོང་བཙན་གྱི་གདུང་རྒྱུད་འཁྲུལ་མེད་དུ་བརྩི་བ་ཡིན། དེང་དུས་ཅོ་ནེ་དཔོན་པོ་ཟེར་ནས་ཡོད་པ་དེ་ནི་སྲོང་བཙན་གྱི་རྒྱུད་པ་ཡིན་པར་ཅོ་ནེ་མང་ཤོས་ཀྱི་ཁས་ལེན་བྱེད་ཀྱི་ཡོད་པ་རེད་ལགས། སྤོབས་པ་མཐའ་ཡས་ལགས།
རྨང་གཞིའི་བརྡ་དང་ཐ་སྙད་ཀྱི་དག་ཆའི་གྲུབ་ལུགས་གཅིག་གྱུར་ཡིན་པ་མང་བའི་ཆ་ནས་གོང་གི་ཡུལ་ལུང་དེ་དག་གི་སྐད་བརྡ་རྩ་བ་གཅིག་ལས་གྱེས་པ་མཚོན་ཞིང་།
དག་ཆའི་གྲུབ་ལུགས་གཅིག་གྱུར་ཡིན་གིན་ཡིན་གིན་སྒྲ་གདངས་ལ་གནམ་སའི་ཁྱད་གྱུར་ཏེ་གཅིག་གིས་བཤད་པ་གཅིག་གིས་མི་གོ་བའི་ངང་ཚུལ་དུ་གནས་པ་མང་བ་འདིས་སྐད་བརྡ་དེ་ཚོ་སྤྱོད་མཁན་གྱི་ཡུལ་ལུང་དག་གཅིག་གིས་གཅིག་ལ་འབྲེལ་འདྲིས་དང་རྒྱུ་འགྲུལ་གྱི་བྱ་བ་མེད་སོང་བ་མཚོན་གྱིན་ཡོད།
དེང་དུས་ཀྱི་བཤད་སྟངས་ནང་བཞིན་བྱས་ན་ལུང་པ་འདི་ཚོར་ཡར་རྒྱས་ཟེར་བའི་འགྱུར་ལྡོག་འདི་ཧ་ཅང་ཧ་ཅང་གི་དལ་ལྷོད་ཡིན་པ་མཚོན་པ་རེད།
ང་ཚོའི་ལུང་པར་སྐར་མ་ལྔ་དང་བཅུའི་བར་ཐག་ལས་འགྲོ་མི་དགོས་སའི་གྲོང་གསེབ་དག་གི་སྐད་ལ་ཡང་མི་འདྲ་བ་མི་འདྲ་བ་ཡོད། ཡིན་ནའི་དེང་སྤྱི་ཚོགས་ཀྱི་འབྲེལ་ལམ་སྔར་ལས་གོང་མཐོར་ཕྱིན་པ་ཡིན་ཙང་ལོ་ངོ་བཅུའི་སྔོན་གྱི་གྲོང་གསེབ་མི་འདྲ་བ་དེ་ཚོའི་སྐད་ཀྱི་ང་རོ་མི་འདྲ་བའི་རྣམ་པ་དག་སོ་སོ་ནས་རིམ་གྱིས་ཡལ་ཏེ། དེང་སང་ནི་ཆུ་དང་འོ་མ་འདྲེས་པའི་ངང་ཚུལ་དུ་སོང་ཟིན་འདུག
རྩོམ་ཡིག་འདི་ངོ་མ་དཔྱད་གཞིར་འོས་པའི་རྩོམ་ཡིག་ཡག་པོ་ཞིག་ཏུ་མཐོང་སོང་། དེང་སྐབས་བོད་ཀྱི་སྐད་ཡིག་ཉམས་རྒུད་དུ་འགྲོ་བའི་སྐབས་འདིར། བོད་ཀྱི་སྐད་སྐད་ཡིག་འདི་ཉིད་གྱེས་གཞི་གཙོ་བོ་བྱས་པའི་སྐད་ཡིག་འདི་དག་གི་ཁྱབ་ཁོངས་ལ་ཉམས་ཞིབ་བྱེད་རྒྱུ་དང་། ཉམས་ཞིབ་དེ་དག་བརྒྱུད་བོད་ཀྱི་སྐད་ཡིག་གི་ཁྲོམ་ར་ཆེ་རུ་གཏོང་རྒྱུ་དེ་གལ་ཆེ་བའི་ལས་དོན་གཟི་བརྗིད་ལྡན་པ་ཞིག་རེད་སྙམ།
ཅོ་ནེ་སྐད་འདིའི་ཐད་ང་ལའང་བསམ་ཚུལ་ཞིག་ཡོད། ཅོ་ནེ་སྐད་དེ་དབུས་རྒྱུད་ཀྱི་སྐོན་པའི་ཁ་སྐད་མང་པོ་འདྲེས་ཡོད་ཚུལ་ས་དེའི་མིང་མང་གི་བཤད་རྒྱུན་ཐོས་མྱོང་། དེ་མིན་ད་དུང་ཐེ་བོ་དང་འབྲུག་ཆུ་སོགས་ཀན་ལྷོའི་ས་ཁུལ་གྱི་རྫོང་ཁག་ཁ་ཤས་ཤིག་གི་ཡུལ་སྐད་དེ་དབུས་སྐད་དང་ཉེ་བོ་ཡོད་པ་རྗེ་དམུ་དགེ་བསམ་གཏན་ཚང་གིས་མཛད་པའི་བོད་ཀྱི་ལོ་རྒྱུས་ཁྲོད་གསལ་བོ་གསུངས་ཡོད་པ་ཡིན། དེ་ལ་དཔྱད་གཞི་ཡོད་པ་འདྲ།
ལ་སྟོད་བུ་ལགས་ཐུགས་རྗེ་ཆེ།
ང་རང་དོལ་པོ་ནས་ཡིན་ཡང་ཆུང་དུས་ནས་དོལ་ལྗོངས་དང་བྲལ་ཞིང་ད་བར་རང་ཡུལ་དང་རང་ཁྱིམ་དུ་ལོག་ཐུབ་མ་སོང་། དེ་རིང་འདི་ནས་ཁྱོད་ཀྱིས་ཆུང་དུས་ཀྱི་གནས་ཚུལ་མང་པོ་ཞིག་དྲན་དུ་བཅུག་སོང་།
ང་རང་ལོ་ངོ་བཅུ་གཅིག་བར་རང་ཡུལ་དུ་འཚོ་བ་བསྐྱལ་ཞིང་དེ་བར་ཞིང་འབྲོག་གི་ལས་ཀ་སྣ་ཚོགས་ཤིག་བྱས་པ་ཡིན། ལས་ཀ་དེ་དག་གི་ཁྲོད་ནས་ཆེས་དགའ་ཤོས་ནི་འབྲི་གཡག་དང་ལྷན་དུ་ཕྱུགས་རྫི་ལ་འགྲོ་རྒྱུ་དེ་ཡིན།
ད་དུང་ང་དང་འདྲིས་ཆེ་བའི་གྲོགས་པོ་འདང་ཅན་ཞིག་ཡོད་པ་ནི་ངེད་ཚང་གི་གཡག་་་་གྲོ་ལུ་་་ཞེས་པ་དེ་ཡིན།
ཕྱིས་སུ་ང་ཕ་མ་དང་ཕ་ཡུལ་བྲལ་ནས་མི་ཡུལ་དུ་སླེབས་སྐབས། ངས་ཕ་མ་ལས་ང་ཡི་གྲོགས་པོ་་་་གྲོ་ལུ་་མང་དུ་དྲན་བྱུང་། ད་ལྟ་་་གྲོ་ལུ་་་འཆི་གསོན་མི་ཤེས་ལ་འཇིག་རྟེན་གྱི་ཁམས་ན་ཡོད་མེད་ཀྱང་མི་ཤེས། དེ་ནི་མི་འགྱང་བར་ང་ཡི་ཕ་མས་ཁང་ཁྱིམ་ཕ་གཞིས་དང་བཅས་པ་བློས་བཏང་ནས་ཡུལ་གྲུ་གཞན་ཞིག་ལ་གནས་སྤོས་པས་རེད།
གང་ལྟར་འདུ་འཛི་དང་ཡོ་ལང་རྒྱས་པའི་མི་ཡུལ་གྱི་གྲུ་ཁ་འདི་ནས། ངས་རྟག་ཏུ་དྲན་པ་ནི་རང་ཡུལ་གྱི་ཡུལ་ལྗོངས་ཡིན་ལ་ངས་རྟག་ཏུ་དྲན་པ་ནི་ང་ཡི་གྲོགས་པོ་་་གྲོ་ལུ་་ཡིན།
མི་འགྱང་བར་རང་ཡུལ་ལ་ཚར་གཅིག་འགྲོ་རྒྱུའི་འདུན་པ་སེམས་གཏིང་ནས་ཡོད་ལ། དུང་ཞེན་ཟབ་པའི་གྲོགས་པོ་་་ གྲོ་ལུ་་་ཡང་ལན་གཅིག་ཐུག་པའི་རེ་བ་ཡོད།
དོལ་སྨྱོན་ལགས་ཐུགས་རྗེ་ཆེ།
ངོ་མ་དགའ་བོ་བྱུང་ངེད་ཅག་ཀུན་ལ་སྟོད་པ་རེད་འདུག
ཁྱེད་ལ་ཐུགས་ཁོམས་འདྲ་ཡོད་ན་དོལ་པོའི་ཡུལ་ལྗོངས་དང་མི་རིགས་ཆ་ལུགས་སྲོལ་རྒྱུན་ལས་སོགས་ཀྱི་སྐོར་ལ་མགུར་མ་ཞིག་འབྲི་ཐུབ་པ་འདུག་གམ།
ཁྱེད་ཀྱིས་བྲིས་པ་དེ་ཚོར་ངོས་ནས་ལེགས་པོར་བྱེད་དེ་བལྟ་བཞིན་ཡོད།
དོལ་པོ་ནི་ལོ་རྒྱུས་ཧ་ཅང་གི་རིང་ཞིང་ཆོས་རིགས་ཕུན་སུམ་ཚོགས་པའི་ཡུལ་ལུང་ཞིག་ཡིན་པ་དང་སྔར་དེ་དག་ཐམས་ཅད་ཞང་ཞུང་གི་སྡེ་རིས་ཡིན་ཞིང་ཕྱིས་སུ་བོད་ཀྱིས་མངའ་འོག་ཏུ་བསྡུས་ཚུལ་དེབ་ཐེར་འགའ་རེར་བཤད་འདུག་མོད་དེ་ཙམ་གྱིས་གསལ་ཁ་མ་བྱུང།
འོན་ཀྱང་སྔར་སྲོང་བཙན་སྒམ་པོའི་སྐབས་སུའང་དོལ་པོའི་ཡུལ་དེ་ནི་ཡོད་པ་ལོ་རྒྱུས་སོགས་ནས་གསལ་ཡོད་ཅིང་མ་ཟད་དེ་སྐབས་བཙན་པོས་དོལ་པོ་ནས་སྨན་པ་མཁས་པ་ཞིག་གདན་འདྲེན་ཞུས་ཚུལ་ཀྱང་ཡོད་འདུག་པར་ལྟས་ན་བོད་ལས་ཀྱང་ལོ་རྒྱུས་རིང་བ་ཞིག་མེད་དམ་སྙམས།
དཔྱད་གཞི་རྒྱུ་ཆ་གལ་ཆེན་ཞིག་བསྟན་འདུག་ན། ཡི་རངས་ཞུའོ།།
ལྟོད་བུ་ལགས།
ཁོ་བོ་སྐྱེ་ས་དང་མི་རིགས་དོལ་པོ་ཡིན་ཡང་། འདི་ལྟར་ཡུལ་དུས་ཀྱི་རྐྱེན་པས་རང་ཡུལ་གྱི་ཡུལ་ལུགས་གོམ་གཤིས་དང་གནའ་དེང་གི་གནས་ཚུལ་སོགས་ལ་དེ་ཙམ་རྒྱུས་མངའ་མེད་ལགས།
ཡིན་ནའང་དུས་ཚིགས་ཀྱི་ཀྱོམ་མཚམས་འདི་ཚོར་ངས་རང་གི་ཕ་ཡུལ་ལ་བཅངས་པའི་དུང་སེམས་ཆེ་རུ་འགྲོ་བཞིན་འདུག་ལ། རྒྱབ་ལྗོངས་ཀྱི་ལོ་རྒྱུས་དང་ཡུལ་ལུགས་གོམ་གཤིས་སོགས་ལའང་དོ་གནང་ཟབ་ཏུ་གྲོ་བཞིན་འདུག
གང་ལྟར་གནས་སྐབས་རིང་ཡུལ་དུས་བྱ་བཞག་གི་རྐྱེན་པས་སྐུ་ཉིད་ཀྱི་འདོད་པ་སྐོང་ཐུབ་མིན་ཆ་མ་འཚལ་མོད་བློ་སྐྱེད་དང་བག་ཆབས་ཅུང་ཟད་རེ་རག་སོང་ན་འབད་པ་བྱེད་ངེས་ཡིན།
རྩོམ་ཡིག་འདི་ནི་མགོ་བོ་ཡར་བཀྱག་ཏེ་བལྟས་ན་ལེ་དབར་མང་པོའི་ཕ་རོལ་ན་རྩེ་་གསུམ་མངོན་པར་མཐོ་བའི་ཇོ་མོ་གླང་དང་མི་ཉག་གངས་དཀར། གངས་དཀར་ཕྱོགས་རྣམ་རྒྱལ་སོགས་མིག་ལམ་དུ་འཆར་རྒྱུ་ཡོད་པའི་བརྙན་འཕྲིན་ཟློས་གར་ཞིག་དང་འདྲ་བར། ལག་གཡས་འགྲམ་པར་བཞག་ཏེ་མ་འོང་བའི་གངས་རིའི་ལྗོངས་གི་ཕ་སྐད་ལ་བསམ་ན་བོད་སྐད་ཀྱི་ཚེ་སྲོག་ཡུན་དུ་སྲིང་བའི་གསོས་སྨན་རིན་ཆེན་གྲངས་སྦྱོར་ཆེན་མོའི་སྔོ་རྫས་ཤིག་དང་ཡང་འདྲ་བོ་རེད་ཟེར་ན་འདོད་གི
ཟླ་མེད་གི་སྐད་ཆ་དེ་ཡང་དཀྱེལ་ཡངས་པའི་བསམ་བློའི་དྲི་ཞིམ་ཁ་བ་ཞིག་འདུག དགོད་རྒྱུ་ཡོང་ནས་སྲན་མི་ཐུབ་ཞིག་ལ་་་གཅན་བཟོད་རྒྱམ་གིས་འབར་མའི་གསར་འགྱུར་ནས་འབར་སྐད་ཧ་གོ་སོང་བ་དེ་རེད། མ་གཞི་ནས་བཟོད་རྒྱམ་འདི་བ་མི་གཞུང་དྲང་ཤིག་དང་ཁ་རི་ཁ་ཐུག་ཤིག་ཡིན་པ་ངས་ཧ་གོ་ཡོད།
ད་དུ་བོད་གི་ཁྱབ་ཁུངས་འཚོལ་དགོས་ན་ལྷོ་ཨ་མའི་རི་ཀའི་ཡུལ་ལུང་ཞིག་ནའང་བོད་སྐད་དང་ཡུལ་སྐད་སྦྲགས་མ་ཤོད་པའི་མི་རིགས་ཚོ་ཁག་ཅིག་ཡོད་པ་གོ་ཐོས་བྱུང་། དེ་ལ་ཡང་་་་་་་་
ངས་ཁྱོད་ཚོར་རྫུན་གཏན་ནས་ཤོད་ཀྱིན་མེད། ཉེ་སྔོན་འདིར་འབར་མའི་བུད་མེད་ཅིག་དང་འཕྲད་བྱུང་། མོ་རང་གིས་ཀྱང་འབར་མ་ནི་བོད་ལས་ཆད་ཚུལ་ཁས་ལེན་པ་མ་ཟད་ཆད་སྟངས་ཀྱི་གཏམ་རྒྱུད་ཅིག་ཀྱང་བཤད་རྒྱུ་འདུག དེ་ནས་ངས་མིང་ཚིག་མང་པོ་ཞིག་མོ་ལ་དྲིས་སྐབས་བོད་ཀྱི་མིང་ཚིག་དང་སྒྲ་ཉེ་བ་ཧ་ཅང་མང་པོ་ཞིག་སྐབས་དེ་ཐོག་དེ་རང་ལ་རྙེད་བྱུང་། ཞིབ་ཏུ་བརྟག་དཔྱད་འདྲ་བྱ་རྒྱུ་བྱུང་ན་དེ་ལས་མང་བ་ཞིག་རྙེད་ཁོ་ཐག་རེད། ཁྱེད་ཚོ་དོ་སྣང་བྱེད་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ལྷག་པར་ཡང་གཡུ་འབྲུག་དཀར་པོས་འབྲུག་གི་ཁ་སྐད་སྐོར་ནོར་བཅོས་ཁ་སྐོང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ལསྟོད་བུ་མཆོག་ནས་དོལ་བོའི་སྐོར་གྱི་སྙིང་གཏམ་གསུངས་པ་དེས་ཀྱང་གོ་རྟོགས་དང་སེམས་འགུལ་ཐེབས་པ་བྱུང་བས་ཐུགས་རྗེ་ཆེ་ཞུ།
སྤོབས་པ་མཐའ་ཡས་ཀྱིས་གོང་དུ་བཀོད་པའི་རྩོམ་ཡིག་དེ་ནི་ཧྥ་རན་སི་ནས་ཡིན་པའི་སྐད་མང་སྨྲ་བའི་མཁས་དབང་ཎི་ཀོ་ལ་མཆོག་དང་བོད་རིགས་གསང་བདག་རྡོ་རྗེ་ཟུང་གིས་བྲིས་པའི་བོད་ཀྱི་སྤྱི་སྐད་སློབ་དེབ་ཅེས་པ་དེ་ལས་བཏུས་བསྒྱུར་བྱས་པའི་ལེའུ་ཚན་ཞིག་རེད།
དབྱིན་ཡིག་ནས་བོད་བསྒྱུར་བྱེད་སྐབས་བོད་མིང་དངོས་ལ་མ་འདྲིས་པས་སྨོན་ཐང་ལ་སྨིན་ཐང་དང་། ཁྱོད་ཅག་ང་ཅག་ཁ་ལ་ཁྱོད་ཅ་ང་ཁ་སོགས་ལྟ་བུ་མང་ཙམ་འདུག ད་དུང་ཡོལ་མོ་དང་ནུབ་རི་ཟེར་བ་ཚང་མ་གོང་གི་རྩོམ་ཡིག་ཏུ་བལ་མིང་འཁོད་འདུག་ཀྱང་ཚུར་བསྒྱུར་དུས་བོད་མིང་དངོས་མ་སྤྱོད་པས་ལྷག་ལུས་ཀྱི་རྣམ་པར་གྱུར་འདུག འདི་ཡི་སྐོར་ལ་གོང་དུ་དྲ་གྲོགས་རྣམས་ཀྱིས་དགོངས་འཆར་ཕན་རླབས་ཅན་མང་ཙམ་གསུངས་པ་ཕན་པ་ཆེ།
སྐད་ཡིག་ཞིབ་འཇུག་གི་ཐོག་ནས་དེང་སང་སྐད་རིགས་འདི་དག་ལ་དབྱེ་སྟངས་གསར་པ་ཞིག་སླེབས་ཡོད་ཅིང་། དེའི་ནང་དུ་ཞང་ཞུང་ཡང་ཚུད་འདུག་པས་མ་ཚད། དེ་ལ་ཡན་ལག་མང་ཙམ་དབྱེས་པའི་ནང་ཁུ་ནུའི་སྐད་སོགས་བཀོད་འདུག དེ་ནི་ཚན་རིག་པའི་ཞིབ་འཇུག་གི་ཐོག་ནས་གཏན་ལ་ཕབ་པ་ཡིན་ཞིང་། ལས་འགུལ་དེ་ཤུགས་ཆེར་ཉི་ཧོང་དང་ཡུ་རོབ་ནས་དར་འདུག
ཡིན་ན་ཡང་། བསམ་གཞིགས་བྱ་དགོས་པ་ཞིག་ནི། ཞིབ་འཇུག་པ་འདི་ཚོས་བོད་ཀྱི་ཆོས་ཁོངས་རྒྱ་གར་དང་། མི་ཁོངས་སོག་པོ། སྐད་ཁོངས་བྷར་མ་སོགས་སུ་བྱས་ཡོད་པ་དེ་ནི་ཕལ་ཆེར་བོད་ཅེས་པ་ལ་སྣང་ཆུང་བྱས་པ་ལྟ་བུར་སྣང་བས་ཅིས་ཀྱང་བསམ་དགོས་པར་འདུག་གོ། །
ཆོས་ཁོངས་མི་ཁོངས་སྐད་ཁོངས་གསུམ། །
ཆོས་ཁུངས་མི་ཁུངས་སྐད་ཁུངས་སྙམ། །
ཁྱེད་རྣམ་པས་བགྲོ་གླེང་མུ་མཐུད་མཛོད། ད་དུད་གཡུ་འབྲུག་དཀར་པོས་བསྐུལ་མ་ཞིག་བྱས་འདུག་པར་དེ་ལན་ཞིག་ཀྱང་ཞུའོ།།
སྐབས་འདིར་མི་ཁོངས་དང་ཆོས་ཁོངས་སྐད་ཁོངས་རང་ལས་ཁུངས་ཅེས་པར་མི་བཅོས་པར་ཞུ། གང་ཡིན་ཟེར་ན་ཁྱིམ་གཞིས་གཅིག་ཏུ་བྱས་པ་ལས། སྐད་དང་མི་རིགས་གཉིས་ཀྱི་ཁུངས་སུ་བྱས་མི་འདུག་པས་སོ། ། དབྱིན་སྐད་དུ་familyཞེས་བྲིས་ཡོད་པས་ཡིན།
ལགས་སོ། །དེ་བཞིན་ཞུའོ།།
དོལ་སྨྱོན་ལགས་ཁྱེད་རང་གི་ཕ་ཡུལ་གྱི་སྐོར་ལ་ང་ལའང་ཅུང་རྒྱུས་མངའ་ཆེན་པོ་ཡོད།
དེས་ཁྱེད་ལ་ཕ་ཡུལ་དྲན་པའི་ཚོར་དུང་ལ་ཕན་པའི་རེ་བ་ཡོད།
དོལ་པོ་ཞེས་པའི་ཡུལ་གྲུ་འདི་བཞིན་སྔར་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུའང་ཡོད་པ་ནི་ལོ་རྒྱུས་འགའ་རེ་ལས་གསལ་བ་འདི་ལྟར།
སྡེ་སྲིད་ཀྱིས་བྱས་པའི་་་་དཔལ་ལྡན་གསོ་བ་རིག་པའི་ཁོག་འབུགས་ལེགས་བཤད་བེེཌཱུརྱའི་མེ་ལོང་ལས།
གཞན་ཡང་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་དགོངས་ལ་སྔར་ཡབ་མྱེས་རྣམས་དང་ཕྱིས་བདག་ཉིད་ཀྱིས་ཀྱང་གསོ་བ་རིག་པའི་བཀའ་སྲོལ་ལེགས་པར་བཏོད་པས་དར་རྒྱས་སུ་བྱུང་མོད་ཀྱི།
ད་རང་ཕྱོགསཀྱི་སྨན་པ་མཁས་པ་དུ་མ་བསགས།
སྔོན་ཆད་མ་བསྒྱུར་བའི་རིགས་མཐའ་དག་དར་བར་བྱའོ་དགོངས་ཏེ་གསེར་ལས་སོགས་པའི་བྱ་དགའ་མང་དུ་སྩལ།
ཕོ་ཉ་བ་ཡུལ་སོ་སོར་བཀའ་ཡིས་མངགས་པ་ལས།
འཕགས་ཡུལ་ནས་ཤནྟི་གརྦྷ།་ ཁ་ཆེ་ནས་གུ་ཧྱ་བྲདྷ་ རྒྱ་ནག་ནས་སྟོང་གསུམ་གང་བ་དང་ཧ་ཤང་བ་ལ། ཧང་ཏི་པ་ཏ་གསུམ།
སྟག་གཟིགས་ནས་ཧ་ལ་ཤནྟི། གྲུ་གུ་ནས་སེང་མདོ་འོད་ཆེན།
དོལ་པོ་ནས་ཁྱོལ་མ་རུ་ཙི།བལ་པོ་ནས་དྷརྨ་ཤི་ལ་སྟེ་བཐའ་བཞི་ནས་བྱོན་པའི་རྒྱལ་པོའི་བླ་སྨན་དགུར་གྲགས་པ་གདན་དྲངས།
འདི་ལ་ལྟས་ན་དོལ་པོ་ནི་དེ་དུས་ནས་བོད་ཀྱི་མངའ་འོག་ཏུ་མེད་པར་མ་ཟད་བོད་ཀྱི་མཐའ་བཞིའི་རྒྱལ་ཕྲན་ནམ་ཡུལ་གྲུ་ཞིག་ཏུ་གནས་པར་ངེས།
འོན་ཀྱང་འགའ་ཞིག་གིས་མི་ལོ་བརྒྱ་ཕྲག་ཁ་ཤས་ཤིག་གི་གོང་དུ་དོལ་པོ་ནི་བོད་ཀྱི་མངའ་འོག་གི་ཡུལ་གྲུ་ཞིག་ཡིན་ཅིང་དུས་ཕྱིས་བལ་པོས་དབང་བསྒྱུར་བྱས་རབས་བཤད་པར་མཐོང་ཐོས་སུ་བྱུང།
མ་གཞི་ནས་དོལ་པོའི་ཡུལ་གྲུ་འདི་བཞིན་རི་མཐོ་ས་གཙང་དང་མི་རིགས་གཤིས་བཟང་ལ་གཞེས་དང་བྲོ་གར་སོགས་ལ་དགའ་བ་ཞིག་དང།
དེ་ཡང་སྐྱེམས་པ་ཆང་བས་ངོ་ཆེ་མེད།
མཚོ་རོ་གཡུ་བས་འོད་ཆེ་མེད།
རིན་ཆེན་གསེར་བས་འགོང་ཆེ་མེད།
ཅེས་པ་བོན་གྱི་གཞུང་ནས་གསལ་བ་ལྟར་སྐྱེས་པ་ཕོ་ཡི་རིགས་རྣམས་ཆང་ལ་དགའ་ཞིང་བུད་མེད་མོ་ཡི་རིགས་རྣམས་མཚོ་རོ་གཡུ་དང་བྱུ་རུ་ལ་དགའ་ཞིང་རྒྱན་དུ་འདོགས་སྲོལ་ཡོད།
མི་རིགས་ནི་བོད་རིགས་ཡིན་ཅིང་སྐད་ཡིག་ཀྱང་བོད་ཡིག་དང་བོད་སྐད་ཡིན།
ཆོས་ལུགས་ནི་ཕལ་ཆེ་བ་རྙིང་མ་དང་བོན་པོ་ཡིན་ཅིང་བཀའ་རྒྱུད་ཀྱང་ཉུང་ཤས་ཤིག་ཡོད།
དགེ་ལུགས་ནི་བོད་ལ་དུས་འགྱུར་མ་བྱུང་བའི་གོང་དུ་དར་བར་མེད་ཀྱང་དེ་རྗེས་གདན་ས་ཁག་ནས་གྲྭ་རྒྱུན་བསྡུ་རུབ་བྱེད་མཁན་འབྱོར་བ་ལ་བརྟེན་ནས་ད་ལྟ་གདན་ས་ཁག་ཏུ་དོལ་པོ་ན་གྲྭ་རྒྱུན་མི་ཉུང་བ་ཞིག་ཡོད་འདུག
འོན་ཀྱང་འབྲུག་པ་ལྟར་མ་ཡིན་པར་རང་མོས་ཀྱིས་གང་དུ་འགྲོ་བསམ་ནའང་འགྲོ་ཆོག་པ་ལས་ཆོས་རྒྱུད་གཅིག་དང་གཉིས་རང་ལ་འགྲོ་དགོས་པའི་ངེས་པའང་མེད།ཡུལ་མིས་ཀྱང་དགག་བྱ་མེད།
ལྷག་པར་དུ་བོན་དང་རྙིང་མ་བ་གཉིས་ནི་བུ་སྤུན་ལྟ་བུའི་འཆམ་མཐུན་གྱིས་ལྷ་ཁང་གཅིག་གི་ནང་གཡས་གྲལ་དང་གཡོན་གྲལ་དུ་བྱས་ཏེ་རང་རང་སོ་སོའི་མཆོད་ཤོམ་བསྒྲིགས་ཏེ་འདོན་པ་དུས་གཅིག་ཏུ་འདོན་སྲོལ་ཡོད་འདུག
མི་གཅིག་ཤི་བ་ཡིན་ནའང་བན་བོན་གཉིས་གནས་འདྲེན་གྱི་ཆོ་ག་བྱེད་སྲོལ་ཡོད་འདུག
འོན་ཀྱང་དུས་འགྱུར་གྱི་རྗེས་སུ་གྲྭ་རྒྱུན་མང་པོ་ཞིག་བོད་ཀྱི་གདན་ས་ཁག་ཏུ་ཕྱིན་ནས་ཡར་ལོག་མཚམས་དགོས་པའི་ཡོན་ཏན་མ་ཤེས་པར་མི་དགོས་པའི་ཆོས་ལུགས་ཀྱི་རུ་ཏྲས་རྒྱང་སྟེ་བན་བོན་གཅིག་ཏུ་ཚོགས་པའི་ལྷ་ཁང་ཀྱང་བཤིག་ཤི་གསོན་གྱི་དོན་དུ་དགེ་བསྒྲུབ་བྱེད་པའང་མེད་པར་བཟོས་རབས་འདུག
ད་ལྟ་དོལ་པོར་བོན་པོའི་དགོས་པ་གསུམ་ཅུ་སོ་ལྔ་ཙམ་ཡོད་རབས་བོན་གྱི་དུས་དེབ་ཤིག་ཏུ་མཐོང་བྱུང།
དོལ་པོའི་མི་རིགས་ནི་སྙེ་ཤང་དང་ཡོལ་མོ་ཤར་པ་ལས་སོགས་ལས་ཀྱང་བོད་དང་ཆེས་ཉེ་བར་གནས་ཡོད།
ཁོང་ཚོ་ཚང་མ་ནང་པ་ཡིན།
འོན་ཀྱང་དོལ་པོ་སྨད་ཕྱོགས་སུ་ད་ལྟ་ཧིན་དྷུའི་ཆོས་བྱེད་ཀྱང་མི་ཉུང་བ་ཞིག་ཡོད་འདུག
རྒྱུ་མཚན་འདི་དག་ལ་བརྟེན་ནས་༧གོང་ས་མཆོག་ནས་ཀྱང་ཧི་མ་ལ་ཡའི་མི་རིགས་ཚོའི་གཞོན་སྐྱེས་ཚོར་བོད་ཀྱི་སྐད་ཡིག་སློབ་སའི་སློབ་གྲར་འཇུག་རྒྱུའི་དགོངས་བཞེས་བྱེད་དགོས་ཞེས་བཀའ་སློབ་གནང་བ་རེད།
དེས་ན་ང་ཚོས་འབྲུག་དང་བལ་ཡུལ་ལས་སོགས་ཧི་མི་བ་རྣམས་ལ་སྐབས་རེར་སྐྱོན་བརྗོད་དང་མཐོང་ཆུང་བྱེད་པ་ནི་ཆོས་དང་ཆབ་སྲིད་བཟང་སྤྱོད་གང་གིས་ཆ་ནས་ཀྱང་སྐྱོན་ཆ་ཞིག་ཡོད་པས་དེ་དོན་ཐུགས་འཇགས་འཚལ།
དོལ་པོར་བོན་པོའི་དགོན་པ་ཞེས་བཅོས་རོགས
དྲ་གྲོགས་སྤོབས་པ་ལགས།
ང་ལ་འདིའི་སྐོར་ལ་བསམ་ཚུལ་རེ་ཞུ་རྒྱུ་ཡོད་ཀྱང་དེ་རིང་དུས་ཚོད་ཀྱི་དབང་གིས་ལྷུག་པོར་བྱུང་མ་སོང་། ཨ་མདོའི་སྐད་ཀྱི་ཁོངས་སུ་རྫ་ཆུ་ཁ་བའི་སྐད་ཀྱང་ཡོད། དེ་བཞིན་འབྲུག་ལ་ཚང་ལ་སྟེ་འབྲུག་ཤར་ཕྱོགས་པའི་སྐད་འཁོད་མི་འདུག
སྤོབས་པ་མཐའ་ཡས་ལེགས།
ཁྱེད་ཀྱིས་བོད་སིལ་བུའི་སྐད་ལ་གྲངས་ཀ་རྒྱབ་པ་ལེགས། དྲ་གྲོགས་རྣམས་ནས་ད་དུང་འདི་དང་འདི་ལུས་འདུག་ཅེས་གླེངས་ཀྱང་། བོད་ལུང་སྐད་ལ་མཐའ་མེད་པ་ལྟ་བུ་ཡིན། མར་ཡུལ་པའི་ཁ་རྒྱུན་ལ་འདི་ལྟར།
བླ་མ་རེ་ལ་ཆོས་ལུགས་རེ།
ལུང་པ་རེ་ལ་སྐད་ལུགས་རེ།
ཁྱེད་ཀྱིས་བཀོད་པའི་ལུང་སྐད་དེ་དག་ལ་ཡང་ནང་གསེས་ཀྱིས་ཕྱེ་ན། ད་དུང་མང་དུ་འགྲོ་ངེས། དིང་དུས་འབྲི་བ་པོ་དག་གི་བྲིས་ན། ལུང་པ་གང་གི་མིས་བྲིས་པ་གསལ་བར་མངོན། སྔོན་འབྲི་བ་པོ་དག་གིས་བོད་སྤྱིའི་རིག་གཞུང་སྐད་དེ། ཆོས་སྐད་དུ་བྲིས་པས། ལུང་པ་འདི་ཡི་མིས་བྲིས་འདུག་ཅེས་ངོས་འཛིན་དཀའོ། །ཞེས་བོད་ཀྱི་ལོ་རྒྱུས་སྨྲ་བ་མཁས་དབང་མངའ་རིས་པ་བཀྲ་ཤིས་ཚེ་རིང་ལེགས་ཀྱིས་བཤད་པ་ཁོ་བོས་དངོས་སུ་ཐོས་སོ།།
དོལ་པོར་བོད་རིགས་མི་འབོར་འབུམ་ལྔ་ཙམ་ཡོད་རབས་བཤད།
འདི་བདེན་ན། ལ་དྭགས་ལ་ལས་བོད་རིགས་བཞི་ལྡབ་ཀྱས་མང་ངོ་།
ཆ
བློ་བཟང་འཇམ་དཔལ་ལགས། བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསུངས་པ་བདེན་སྙམ། ༊༾གོང་དུ་ཁྱོད་ཀྱིས་བྲིས་པ་དེས་ཀྱང་འབྲི་བ་པོ་ལ་དྭགས་པ་ཞིག་ཡིན་ར་སྤྲོད་བཞིན་འདུག་ལེགས།
སྤོབས་པ་མཐའ་ཡས་ནི་མཐའ་ཡས། སྐད་རིགས་མཐའ་ཡས་ཤིག་དབུ་འཁྱུད་བྱས་འདུག ད་དུང་ཁམས་ལ་མཚོན་ན། ཁམས་སྟོད་སྐད་དང་། ཁམས་སྨད་ཀྱི་སྐད། རྫོང་ཁག་དྲུག་ཅུ་རེ་བཞི་ལ་སྐད་རིགས་དེ་སྙད་དང་། ད་དུང་ནང་འཁོར་ལུང་བ་རེ་སྐད་སྲོལ་ད་དིབ་རེ་འཕེལ་འགྱུར་འགྲོ་བཞིན་ཡོད་པ་རེད། བདག་གི་ཤེས་ཚོད་ལ་ནང་ཆེན་རྫོང་ཁག་ཉེར་ལྔ་རུ་སྒ་རྫ་འབྲི་ཡི་སྐད་ཅེས་དུ་མ་ཡོད། ནང་ཆེན་སྐད་དེ་སྒ་བས་མི་གོ ནང་ཆེན་རྒྱལ་པོས་གཏམ་བཤད་སྒ་འབྲི་ཁྲ་ཡིས་མ་གོ་ཟེར་བ་ཡང་འདུག ང་བརྒྱད་སྔོན་ལ་སྡེ་དགེ་རྒྱལ་པོ་དང་ནང་ཆེན་རྒྱལ་པོ་གཉིས་བོད་ཡིག་འབྲི་བ་ལས་དང་པོ་ཐུག་དུས་སྐད་ཆ་གོ་བརྡ་མ་འཕྲོད་པ་རེད་ཟེར་སྲོལ་འདུག དེ་ལ་སོགས་པ་མཐའ་ཡས་སོ། །
གར་ཞྭའི་བོད་སྐད་ནང་གི་གྲངས་ཀ་ནི། ཏིག་གི ཉིས་ཀིང་། གསུམ་མི། ཕྰི་ལི། ལྔ་ཡི། དྲུ་རུ་ཡི། ཉི་ཇེ། བརྒྱེད་ཡི། དགུ་ཡི། བཅུ་ཡི་སོགས་འདུག་ལགས། སྙེ་ཤང་གི་གྲངས་ཀ་༡༡བར་ནི། ངའི་མཆན་བུ་༡༡པའི་ནང་ལ་བཀོད་ཟིནད་ཏོ།
ཨ་ཁའི་སྐད་དེ་བོད་སྐད་ནང་ལ་འཇོག་གི་མེད་དམ། སྐད་དེ་ནི་བོད་འབར་སྐད་ཀྱི་ཡན་ལག་ཅིག་ཡིན་པར་བཤད། ཨ་ཁ་ཞེས་པའི་མི་རིགས་དེ། རྒྱ་ནག་གི་ཡུན་ནན་ཁོངས། ལོའོ། ཐེ་ལན་ཊི། འབར་མ་བཅས་རྒྱལ་ཁབ་བཞིའི་ནང་ཁ་གྲམ་ནས་ཡོད་འདུག་ཅིང་མི་གྲངས་ས་ཡ་གཉིས་དང་ཕྱེད་ཀ་ཡོད་པར་བཤད། ཨ་ཁའི་སྐད། གཞས། ཞབས་བྲོ། ལག་ཤེས། ལོ་རྒྱུས་བཅས་ལ་རྒྱུས་ལོན་མང་ཙམ་བྱེད་པར་སྤྲོ་ན Akha ཞེས་པའི་མིང་ཐོག་ནས་ཚོལ།
ཀརྡོ་ལགས།
ཁྱེད་ཀྱིས་གྲངས་ཀ་བཀོད་པ་དེ་དག་ནི་ཞང་ཞུང་གི་བགྲངས་རྩི་སྟངས་ཤིག་རེད།
ད་ལྟ་དོལ་པོ་སྨད་མ་ཏི་ཆུ་རོང་ཞེས་པའི་མི་རྣམས་ཀྱིས་དེ་དང་མཐུན་པར་བརྩི་བཞིན་ཡོད།
དེ་བཞིན་ཁུ་ནུའི་བགྲངས་འདྲེན་དེ་བཞིན་རེད།
གཅིག་ལཏིག་གཉིས་ལ་ནི།གསུམ་ལ་ཧྲུ།བཞི་ལ་བཞི།ལྔ་ལ་བིང་ང་ལས་སོགས་བོན་གྱི་དཔེ་རུ་ཡོད་པ་ལྟར་མཐུན་གྱི་ཡོད།
དེ་བཞིན་ད་ལྟ་བལ་ཡུལ་གྱི་བྱང་ཕྱོགས་རྫོང་གསར་པའི་གཡས་གཡོན་ཐ་ཀ་ལི་ཡི་སྐད་དེ་ཡང་ཞང་ཞུང་གི་སྐད་རེད།
གར་ཞྭའི་སྐད་འདི་ཞང་གཞུང་གི་སྐད་ཡིན་ན། དགའ་བ་ལགས། ང་ཞང་ཞུང་དང་། ལས་འབྲེལ་དམ་ཟབ་ཡོད་པར་མཚོན་འདུག ད་དུང་། ག་ཝར་འགྲོ་གེ ལ། གུ་མ་ཧེལ་ཏེ། ག་རེ་བྱེད་བགྱིད་ཡོད་ལ། ཁ་ལིག་བྱ་ལྟ་བུ་སོགས་ཟེར་བཞིན་འདུག་ལགས།
ཡང་གར་ཞྭ་པས། བཀྲ་བདེ་ལེགས་ཚབ་ལ། ཕྱག་འཚལ། དང་། ཁམས་བཟང་ཞེས་ཟེར།
གར་ཞྭའི་ཡུལ་དུ། རས་འཕགས་ཞེས་པའི་སྤྱན་རས་གཟིགས་རང་བྱོན་གཅིག་ཡོད་པ་ད་ལྟའང་བཞུགས་ཡོད་ལ་དེནི་དགེ་ཆོས་ལགས་གསུངས་པའི་རྡོ་སྐུ་དེ་རང་རེད། ཆོས་བརྒྱུད་གཙོ་བོ་འབྲུག་པ་བཀའ་བརྒྱུད་དང་། རྒྱལ་རྒོད་ཚང་པའི་ཞབས་ཀྱི་པུས་མོ་གཉིས་དང་ལིང་གའི་རྗེས་ཀྱང་མཇལ་རྒྱུ་འདུག
ཁོང་རང་ཚོའི་ཁ་དཔེའི་ནང་ལ།
གར་ཞྭ་མཁའ་འགྲོའི་གླིང་།
ཤི་ན་དམྱལ་བའི་གླིང་།
ཁ་ལ་བྲའུའི་(བག་ལེབ་)གླིང་།
རྐང་པ་རྩྭ་རིའི་(རྩྭ་ལས་བཟོས་པའི་ལྷམ་ཡུ་རིང་གཅིག་གྱོན་)གླིང་།
ཞེས་པའི་ཚིག་འདི་ང་ལ་ཡང་བསླབས་བྱུང་། གར་ཞྭའི་མཁའ་འགྲོ་མ་གཅིག་དང་ཕྲད་པའི་སྨོན་འདུན་དང་བཅས་བྲིས་པའོ། །
འབྲུག་གི་སྐད་ཁ་ཤས་བོད་ཤར་ཕྱོགས་ཁམ་གྱི་ལུང་པ་འགའ་རེའི་སྐད་དང་གཅིག་པ་རེད་འདུག དཔེར་ན་ཁམ་གྱི་ལུང་པ་འགའ་རེར། སང་ཉིན་ཞེས་པ་ལ་ནོ་ཕར་ཞེས་བཤད་སྲོལ་ཡོད་པ་བཞིན། འབྲུག་པ་ཁ་ཤས་ནས་ཀྱང་དེ་བཞིན་བཤད་པ་གོ་མྱོང་། མཁས་དབང་དགེ་ཆོས་ནས་ཀྱང་རྒྱ་གར་ཀུ་ལུའི་ཕྱོགས་ཤིག་ནས་ཕྱུག་རྫི་བྱིས་པ་ཞིག་གིས་བོད་ཤར་ཕྱོགས་ཁམ་བྲག་ཡབ་གི་གླུ་ལྟ་བུ་ཞིག་ལེན་བཞིན་པ་ཐོས་ཚུལ་གསུང་ཡོད་པས་འདི་དག་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་འདྲ།
ལུང་རྟོགས་ལགས། རྒྱ་གར་ཀུ་ལུའི་ཕྱོགས་ཤིག་ནས་ཕྱུག་རྫི་བྱིས་པ་ཞིག་གིས་བོད་ཤར་ཕྱོགས་ཁམ་བྲག་ཡབ་གི་གླུ་ལྟ་བུ་ཞིག་ལེན་བཞིན་པ་མ་ཡིན་པར་ཁམས་བྲག་ཡབ་གི་མི་ཚོས་རྒྱ་གར་ཀུ་ལུའི་ཕྱོགས་གི་གླུ་བླངས་གི་ཡོད་རེད།
མེ་ཏོག་དཀར་པོ་ལགས། ནོར་མེད། ཁྱེད་རང་གིས་དགེ་ཆོས་ཀྱི་གསུང་འབུམ་གཅིག་ཀློག་ན་ཤེས། གླུ་ལེན་མཁན་དེ་རྒྱ་གར་བའི་བྱིས་པ་ཞིག་ཡིན་པར་གསུང་ཡོད།
ལུང་རྟོགས་ལགས། ངས་ཤེས་གི་ཡོད། ཡིན་ནའང་ང་ཚོས་རྟག་པར་འདྲ་ས་ཞིག་ཡོད་ན་བོད་དེ་ཨ་མ་དང་གཞན་པ་དེ་ཕྲུ་གུར་རྩིས་རྐྱང་བྱེད་གིན་འདུག་པར་རྩེད་མོ་རྩེས་པ་ཡིན།
མེ་དཀར་ལགས།
གཞན་རྣམས་བྱིས་པ་བརྩི་རྐྱང་བྱེད་ཟེར་པའི་ཉིད་ཀྱི་སྐད་ཆ་ནི་བདེན་པ་མ་རེད། བོད་ཀྱིས་ནང་ཆོས་ཀྱི་ཕྱོགས་ནས་ཡོད་ཚད་རྒྱ་གར་ལ་ཁུངས་གཏུགས་པ་ཅི་ཡིན་ནམ། གལ་སྲིད་དེ་ལྟར་ཡིན་ན་ཁྱེད་ཀྱི་གོང་དུ་དགག་བཞག་གནང་བའི་རྩ་དོན་རང་བཞིན་གྱིས་ཐོར་ཞིགས་སུ་ཕྱིན་པ་མ་ཡིན་ནམ།
མེ་ཏོག་དཀར་པོ་ལགས། ཁྱེད་རང་རྒྱ་གར་གྱི་མི་སེར་ཞིག་མིན་འགྲོ། ག་དུས་ཡིན་རུང་རྒྱ་གར་གྱི་ཞེན་ཁོག་ཆེན་པོ་བྱེད་མཁན་ཞིག་ཡིན་པ་ངས་ཤེས་ཡོད། ངས་འདྲ་ས་ཞིག་ཡོད་པ་བཤད་པ་ལས། བོད་ཨ་མ་དང་གཞན་བྱིས་པ་ཡིན་རབ་ཟུར་ཙམ་ཡང་བཤད་མེད་ན། ཁྱེད་རང་གི་དོག་པ་དེ་ནི་དོག་པ་མེད་སར་དོག་པ་བསློང་བ་རེད།
བོད་ཁྲི་སྐོར་བཅུ་གསུམ་ཟེར་བ་དབུས་ཁྲི་སྐོར་དྲུག་དང་གཙང་ཁྲི་སྐོར་དྲུག བར་འདུག་པ་ཁྲི་སྐོར་གཅིག་བཅས་ཡིན་པ་ལས་བོད་ཡུལ་ཡོངས་སུ་ཁྱབ་པ་ཞིག་མིན། བོད་ཅེས་པའི་ཐ་སྙད་འདི་གང་ཞིག་ལ་ཁྱབ་དགོས་མིན་བསམ་ཞིབ་བྱེད་དགོས་པ་དང་། བོད་ཡིག་ཟེར་བ་དེང་སང་བོད་ཆོ་ག་གསུམ་ལ་ཁྱབ་པའི་སྐད་ཡིག་ཅིག་དང་དེ་བཞིན་ལྭ་དྭགས་དང་གར་ཞྭ། ཁུ་ནུ། སྤེ་ཏི་སོགས་སུ་བྷོ་ཊི་ཞེས་འབོད་པ་ལས་བོད་ཡིག་ཞེས་རང་སྤྱོད་ཅིག་མ་ཡིན་ཀྱང་དོན་དུ་གཅིག་པ་ཡིན། འབྲུག་པས་ལྷོ་ཡིག་དང་མོན་པས་མོན་ཡིག་ཞེས་འབོད་ན་ཡང་འགལ་བ་མེད།
ལུང་རྟོགས་ལགས། རྒྱ་གར་ལ་ཞེན་གོག་བྱ་དགོས་དོན་ནི་སྐྱེས་ས་དང་འཚར་ས་རྒྱ་གར་ཡིན་པས་སོ། །
མེ་ཏོག་དཀར་པོ་ལགས། ངས་ཀྱང་ཁྱེད་རང་ལ་རྩེད་མོ་ཞིག་རྩེས་པ་ཡིན་པ་ལས། བཙན་བྱོལ་ནང་འཚར་ལོང་བྱུང་བའི་ན་གཞོན་ཚོ། ཕ་ཡུལ་བོད་ལས་སྐྱེ་ས་རྒྱ་གར་ལ་དགའ་ཞེན་ཆེ་བ་ཡོད་པ་ངས་གསལ་པོ་ཤེས་ཡོད། ཧཧཧཧཧཧ
མཁས་དབང་དགེ་ཆོས་ཀྱིས། རོ་ཐང་བརྒལ་ནས་སོང་ན་བོད་ཀྱི་ཡུལ་གཪ་ཞྭ་ལ་བསླེབས་ཅེས་གར་ཞྭ་འདི་བོད་ཀྱི་ཡུལ་ཞིག་ལ་ངོས་འཛིན་མཛད་མོད། ཡུལ་འདིའི་མི་རིགས་མཆེད་ཁུངས་གང་ནས་ཡིན་ལོ་རྒྱུས་སྨྲ་བ་སུས་ཀྱང་གསལ་ཁ་བཏོན་མེད་ཀྱང་གར་ཞྭ་སྟོད་སྨད་བར་གསུམ་གྱི་ཡུལ་སྐད་མི་འདྲ་བ་རེ་ཡོད་པ་ལ་བལྟས་ན་འདིའི་མི་རིགས་རྣམས་ས་ཆ་འདྲ་མིན་ནས་འོངས་པ་རྟོགས་སླ་ཤིང་། སྐད་སོགས་ཀྱི་གདངས་ལ་བརྟགས་ན་བོད་སྐད་ཟུར་ཆག་པ་མང་དུ་སྣང་། དཔེར་ན། སྦྲང་རྩི་ལ་སྦི་རང་རྩི། བྱན་མོ་ལ་བ་ཡན་མོ་སོགས་ལེགས་སྦྱར་གྱི་ཀློག་སྟངས་ལྟར་ར་བཏགས་དང་ཡ་བཏགས་ཕྲལ་ནས་ཀློག་པ་དང་། སྐད་རིགས་ངོ་བོ་མི་འདྲ་བའི་དུད་ཚང་ཁ་ཤས་ཡོད་ཚོད་ལ་ཆེས་ཐོག་མའི་འབྱུང་ཁུངས་ནི་འདིའི་མཐའ་མཚམས་ཀྱི་བོད་མོན་ཕྱུགས་སྐྱོང་འབྲོག་པ་རེ་གཉིས་དུས་དུས་སུ་སྤོ་སྐྱོད་བྱས་ཏེ། མི་མེད་ལུང་སྟོང་འདིར་ཕྱུགས་ཟོག་འཚོ་སྐྱོང་ཆེད་དུ་བསླེབས་པ་དེ་ཚོས་མི་ཚེ་འཕྱིད་ཐབས་སུ་ས་བབས་ཀྱི་གནས་སྟངས་དང་ས་ཆུ་སྙོམས་པོའི་ཆ་རྐྱེན་བཟང་བར་བརྟེན་ནས་ཞིང་ལས་ལའང་འབད་འབུངས་ཀྱིས་ལྗོངས་འདིར་གཏན་སྡོད་འཚོ་གནས་བྱས་པ་ལས་སྤྱི་ཚོགས་ཤིག་ཆགས་པ་གདོན་མི་ཟ། གར་ཞྭ་མཁའ་འགྲོ་གླིང་ཞེས་པ་འབྲི་གུང་འཇིག་རྟེན་མགོན་པོས་མཛད་པའི་གནས་ཡིག་ཏུ་གྲགས་ཤིང་འཁོར་ལོ་སྡོམ་པའི་གནས་ཉེར་བཞིའི་ནང་ཚན་དྲིལ་བུ་རི་དང་རྡོ་རྗེ་ཕག་མོའི་བྷ་ག རྗེ་བཙུན་སྒྲོལ་མའི་ནུ་མ། གར་ཞ་འཕགས་པ་འཇིག་རྟེན་གསུམ་མགོན་གྱི་སྐུ་བརྙན་རང་བྱོན། ཕག་མོའི་སྐུ་བརྙན་རང་བྱོན། རྒྱལ་བ་རྒོད་ཚང་པའི་ཞབས་རྗེས་དང་ལིང་གའི་རྗེས་སོགས་མང་དུ་མཇལ་རྒྱུ་ཡོད། ཞིང་གཤེགས་མཁས་དབང་གར་ཞྭ་དངོས་གྲུབ་ཀྱིས་བརྩམས་པའི་ལྕགས་རི་སྨན་པ་ཚེ་རིང་གི་ལོ་རྒྱུས་ལ་ཐེངས་གཅིག་གཟིགས་དང་ཡུལ་འདིའི་ལོ་རྒྱུས་རོབ་ཙམ་མཁྱེན་ངེས་རེད། ཡུལ་འདིའི་བུ་མོ་རྣམས་ནི་གཤིས་རྒྱུད་འཇམ་ཤིང་གཡོ་སྒྱུ་ཆུང་བ། དུས་བཟང་དགའ་སྟོན་གྱི་ཚེ་མཁའ་འགྲོ་མའི་གར་ལྟ་བུ་རོལ་རྩེད་ལ་ཧ་ཅང་དགའ། ཡུལ་འདིར་བུ་མོ་ནི་བླ་མ་གྲྭ་བ་ལ་དད་པ་ཆེ་བ་དང་སྐྱེས་པ་ཕོ་ལས་ལྡབ་འགྱུར་གྱིས་མང་ལུགས་ལ་བལྟས་ན་མཁའ་འགྲོ་མའི་ལུང་བ་ཞིག་ལོས་ཡིན་བསམ་པ་རང་ཤུགས་ཀྱིས་འཆར་འོང། བོད་ཀྱི་བླ་མ་རྟོགས་ལྡན་འགའ་རེས་ཡུལ་འདིའི་བུ་མོ་ཕྱག་རྒྱ་མ་བསྟེན་ནས་ནམ་མཁར་འཕུར་བའི་གཏམ་རྒྱུད་ཡང་ཡུལ་འདིའི་ཁ་རྒྱུན་འདུག་ན་རྟོགས་ལྡན་པ་རྣམས་ རེམ་ཞིག་ཡ། རེམ་ཞིག
ད་དུང་བལ་ཏའི་སྐད་དེ་ཡང་བོད་སྐད་ཡིན་པས་ཅི་ནས་ཀྱང་ང་ཚོས་དཔྱད་ཞིབ་བྱ་དགོས་འདུག་ཞུ། ཉེ་བའི་ལོ་ཤས་སྔོན་དུ་ཏ་ཇི་སི་ཋན་ནས་ཡིན་པ་ངའི་གྲོགས་པོ་ཧ་སིན་ཨུ་མར་གྱིས་ང་ལ་པར་ཁ་ཤས་བསྟན་སོང་བས་བལ་ཏི་གྲོང་ཚོ་ཞིག་ན་བོད་སྐད་ཀྱིས་བྲིས་པའི་སྒོ་བྱང་དེ་འདྲ་འདུག་ཞུ། དེས་ན་ཁོ་བ་ཚོས་བོད་ཡིག་དང་བོད་སྐད་གཉིས་ཀ་བཀོལ་བཞིན་རེད་ལགས། བོད་སྐད་རྒྱལ་གྱུར་ཅིག