ཁྲི་རལ་པ་ཅན།
གླེང་བརྗོད་ཀྱི་གཞི་རྩ།
དེང་སང་ཡོངས་གྲགས་འཛམ་གླིང་གང་སར་དར་ཁྱབ་གང་འཚམས་ཡོད་པ་བོད་སྨན་གསོ་རིག་གི་གཞུང་ལུགས་ནི། གཙོ་ཆེར་རྒྱ་གར་ནག་གཉིས་ཀྱི་ནང་རྟེན་གཞི་བཙུགས་ཏེ་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་ཡོད་ཅིང་། རྒྱ་ནག་ནང་དུ་ནི་བོད་སྨན་འདི་ཚན་རིག་གི་སྡེ་ཚན་ལ་ངོས་འཛིན་གྱིས་རིག་གསར་སྐབས་སུའང་མཐའ་གཅིག་ཏུ་གཏོར་བཤིག་ཐེབས་མྱོང་མེད་པས། རིམ་པས་བོད་མི་སྨན་པ་སྤྱི་སེམས་ཅན་ཚོས་བདག་གཅེས་འབད་བརྩོན་ལ་བརྟེན། རྒྱ་ནག་གཞུང་འབྲེལ་གྱིས་བོད་ནང་རྫོང་རིམ་པ་ཕལ་ཆེར་ནང་བོད་སྨན་ཁང་དང་སྨན་རྩིས་ཁང་བཙུགས་ཡོད་པ་མ་ཟད། བོད་ཀྱི་གསོ་རིག་མཁས་པ་མཁན་ཆེན་ཁྲོ་རུ་ཚེ་རྣམ་དང་མཛོད་དགེ་བསྟན་ཁོ་སོགས་ལ་རྒྱལ་ཁབ་རིམ་པའི་གསོ་རིག་སློབ་དཔོན་གྱི་ངོས་འཛིན་མཚན་སྙན་ཐོབ་མཁན་མང་པོ་བྱུང་ཡོད་པ་དང་འབྲེལ། རྒྱ་ནག་ནང་ཡོངས་གྲགས་སུ་བོད་ཀྱི་གསོ་རིག་ལ་བོད་སྨན་ཞེས་འབོད་བཞིན་པ་དང་ཁྱབ་རྒྱའང་ཧ་ཅང་ཆེན་པོ་རེད།
དེ་མཚུངས་བཙན་བྱོལ་བོད་མིའི་ལྟེ་བ་རྒྱ་གར་ནི་རང་དབང་དང་མང་གཙོ་ཚད་འཛིན་འཕེར་ངེས་ཡོད་པ་མ་ཟད། སྤྱིར་བཏང་རིག་གཞུང་གང་ཡིན་དར་ཁྱབ་ཆེན་པོ་ཡོད་པ་དང་། རིག་གཞུང་གང་ལའང་དམ་དྲག་མེད་པར་གུ་ཡངས་ཀྱི་ལྟ་སྟངས་འཛིན་ཐུབ་པའི་རྒྱལ་ཁབ་དམིགས་བསལ་ཅན་ཅིག་ཡིན་པ་དང་ལྷན། བོད་མི་བཙན་བྱོལ་བ་ཚོས་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབས་རྒྱུན་འཛིན་ཐད་རྒྱ་གར་ལས་བཀའ་དྲིན་ཅན་རྒྱལ་ཁབ་སུའང་བྱུང་མྱོང་མེད་པ་ལྟར། བོད་མི་རྣམས་བཙན་བྱོལ་དུ་སླེབས་ནས་བཟུང་ཁྲིམས་ཐོག་ངོས་འཛིན་བྱུང་མིན་ལ་ལྟོས་མེད་ཀྱིས་བོད་གཞུང་སྨན་རྩིས་ཁང་བཙུགས་ཏེ། བོད་སྨན་གསོ་རིག་གིས་འཛམ་གླིང་ཤར་ནུབ་ཀྱི་མི་གང་མང་ལ་ཕན་ཁྱད་འདོན་ཐུབ་ཡོད་པ་མ་ཟད། ཤར་ནུབ་ཀྱི་མི་རིགས་མང་པོའང་བོད་སྨན་སློབ་ཁྲིད་ཀྱིས་སོ་སོའི་ཡུལ་ཁག་ནང་དར་སྤེལ་ཡག་པོ་ཐུབ་པར་བརྟེན། ད་ཆ་རྒྱལ་སྤྱིའི་སྟེང་བོད་སྨན་ལ་ངོས་འཛིན་གང་འཚམ་མཐོན་པོར་ཐོབ་ཡོད་ཅིང་། དགོས་སུ་བོད་ཀྱི་རིག་གཞུང་གི་ཁྱབ་ཁོངས་སོག་པོ་ཕྱི་ནང་དང་ཨུ་རུ་སུ་མངའ་ཁོངས་སུ་གནས་པ་ཁལ་མིག་དང་ཐོ་ཝ། བྷོ་རེ་ཐུ། ས་བྷེ་རི་ཡ་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་རྒྱལ་ཕྲན་ཁག་བཅས་སུ་སོ་སོའི་སྲོལ་རྒྱུན་ཤེས་རིག་ཅིག་ཏུ་ཡོངས་གྲགས་ངོས་འཛིན་གནང་བཞིན་པ་རེད།
དེ་ལྟ་བུའི་ནད་སྣ་ཚོགས་བཅོས་ཐབས་ཀྱི་རིག་གཞུང་དེ་ད་ཆ་བོད་མིའི་རིག་གཞུང་ཡིན་མིན་སྟེང་རྩོད་པ་ཡོང་གི་ཡོད་པ་རེད། ཚང་མས་མཁྱེན་ཆུབ་ལྟར་དེང་སང་གི་འཛམ་གླིང་འདིར་དཔལ་འབྱོར་གྱི་ཁེ་ཕན་ཡོད་པ་ཅིག་ཡིན་ཕྱིན། ཚོང་གི་ཁེ་གཞན་ལ་མི་ཤོར་བ་དང་རང་ལ་ཐོབ་ཆེད་ཁྲིམས་ཐོག་གི་ངོས་འཛིན་གལ་གནད་ཆེ་ཤོས་སུ་གྱུར་ཡོད་ཅིང་། ཁྲིམས་ཐོག་ངོས་འཛིན་མེད་ན་རྒྱུ་མཚན་ཇི་ཙམ་ཡོད་པ་དང་དྲང་བདེན་ཇི་ཙམ་ཡོད་ཀྱང་ཕན་ཐོགས་མེད་པ་རེད།
དེ་བས་རྒྱ་གར་ནང་དུའང་ཕ་མེས་ནས་བཟུང་བོད་སྨན་བེད་སྤྱོད་གཏོང་མཁན་ཧི་མ་ལ་ཡའི་མི་རིགས་མང་པོ་ཅིག་གིས་མཉམ་རུབ་བྱས་ཏེ། བར་ལམ་ནས་རྒྱ་གར་ནང་བོད་སྨན་ལ་ཁྲིམས་ཐོག་ངོས་འཛིན་ཡོང་བར་འབད་བརྩོན་བསྟེན་སྐབས། འབྲེལ་ཡོད་བོད་གཞུང་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ནས་གསུངས་ན། རྒྱ་གར་སྨན་གྱི་ཚན་རིག་པ་ཚོས་ལོ་མང་རིང་ཞིབ་འཇུག་ཚད་འཛིན་བྱེད་ས་བོད་གཞུང་སྨན་རྩིས་ཁང་ཡིན་ཞིང་། རྒྱ་གར་གཞུང་གིས་ལོ་མང་གི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་བརྒྱུད། ཉེ་བའི་ལོ་ཤས་ནང་རྒྱ་གར་ཁྲིམས་ཐོག་ཏུ་གསོ་བ་རིག་པ་ཟེར་བ་ངོས་འཛིན་ཁྲིམས་སུ་བཅོས་ཐུབ་ཡོད། འོན་ཀྱང་། ཁྲིམས་སུ་གཏན་འབེབས་སྐབས་གསོ་བ་རིག་པ་ནི་༼རྒྱ་གར་གྱི་གནའ་བོའི་སྨན་གཞུང་ཅིག་༽ཡིན་ཞེས་འཁོད་ཡོད་པར་གྲགས།
གནད་དོན་དེ་ལ་བོད་མིའི་ནང་ངོས་འཛིན་དང་ལྟ་སྟངས་མི་འདྲ་བ་སྣ་ཚོགས་ཡོང་གི་ཡོད་པ་རེད། དཔེར་ན། སྨན་རྩིས་ཁང་གི་འགན་འཛིན་སྔ་མ་སྨན་པ་རྟ་མགྲིན་སོགས་ཀྱིས་“གསོ་རིག་ཅེས་རྒྱ་གར་ཁྲིམས་སྟེང་ངོས་འཛིན་བཅོས་ཐུབ་པ་ནི། ཡར་རྒྱས་ཀྱི་གོམ་པ་ཅིག་སྤོས་པ་དང་དེས་བོད་སྨན་འཛིན་སྐྱོང་གོང་སྤེལ་ཐད་ཕན་ཁྱད་འདོན་ཐུབ་པ་”མཛད་སྒོའི་སར་གསུང་སོང་ལ། དེ་ལའང་རྒྱུ་མཚན་ཆེན་པོ་ཡོད་པ་རེད། ཁྲིམས་ཐོག་ངོས་འཛིན་ཡོད་དབང་གིས་སྨན་རྩིས་ཡན་ལག་གང་སར་འཛུགས་རྒྱུ་དང་སྨན་ཚོང་བསྒྱུར། ནད་ལ་བརྟག་པ་དང་རྟེན་གཞི་འཛུགས་པ་གང་ལའང་དཀའ་ངལ་ཕལ་ཆེར་མི་འཕྲད་པར་ཕན་པ་ཡོད་པ་མ་ཟད། ཕྱི་རྒྱལ་ཁག་ནང་བོད་སྨན་ངོས་འཛིན་ཡོང་བར་ཡང་ཕན་ཁྱད་ངེས་པར་དུ་ཡོང་གི་རེད།
ཡིན་ནའང་། འགན་འཛིན་གསར་པ་ཚེ་རིང་བཀྲ་ཤིས་སོགས་ཀྱིས་རྒྱ་གར་གཞུང་གིས་གསོ་རིག་བསྐྱར་གསོ་གནང་བར་སྒོར་མོ་འབོར་ཆེན་ཅིག་གནང་བཞིན་པ། ཧི་མ་ལ་ཡའི་མི་རིགས་ཚོ་མ་གཏོགས་ང་ཚོར་སྐར་གང་གི་རོགས་རམ་ཐོབ་ཁག་པོ་རེད་ལ་ཐོབ་དགོས་དོན་ཀྱང་མེད། གསོ་རིག་འགན་འཛིན་ལྷན་ཚོགས་གལ་ཆེན་ཅིག་གཞུང་འབྲེལ་བཙུགས་ཡོད་པའི་ནང་དུའང་བོད་མི་གཅིག་ཀྱང་མེད་པར་ཧི་མ་ལ་ཡ་དང་རྒྱ་གར་མི་སྣ་ཁོ་ན་བཅུག་ཡོད་པ་ནི་འགྲིག་པ་རེད་མོད། ང་ཚོ་བོད་མི་རྣམས་གོང་གསལ་ཁྲིམས་ཀྱི་ངོས་འཛིན་ནང་འགྲོ་འདོད་མེད་ཅེས་གསུངས་སོང་། དེའི་རྒྱུ་མཚན་ནི་“ཧི་མ་ལ་ཡའི་གསོ་རིག་དེ་རྒྱ་གར་གྱི་གནའ་བོའི་སྨན་གཞུང་ཅིག་ཡིན་པ་འཁོད་དེ། བོད་ཟེར་བའི་ཚིག་ཟུར་ཙམ་ཡང་མེད་རྐྱེན་རིམ་པར་ང་ཚོ་ཁོང་རྣམ་པའི་བཀོད་ཇུས་འོག་ཁྲིམས་ཐོག་ནས་འགྲོ་དགོས་ཀྱི་ཉེན་ཡོད་པ་མ་ཟད། བོད་སྨན་དེ་རྒྱལ་ཁབ་གཞན་ཅིག་གི་སྨན་ལ་ཁྲིམས་ཐོག་ཏུ་ངོས་འཛིན་བྱས་པར་ངོས་ལེན་བྱས་བཞག་ན། རང་གི་རིག་གཞུང་བཙོང་པ་ལྟ་བུ་ཡིན་པས་མ་འོངས་པར་གཞིས་ལུས་བོད་མིར་གདོང་སྟོན་ཕོད་ས་མ་རེད་”ཅེས་གསུངས་སོང་།
གང་ལྟར་གནད་དེའི་སྟེང་ནས་བོད་སྨན་བོད་མིའི་ཡིན་མིན་དང་འབྱུང་འགྱུར་བོད་མི་ལ་དབང་མིན་ཐད་ཀྱང་ཐེ་ཚོམ་ཅིག་སླེབས་ཡོད་པ་དང་། རང་རེ་བོད་མི་ཁག་ཅིག་ནས་ཀྱང་བོད་ཀྱི་རིག་གཞུང་སྤྱི་དང་ལྷག་པར་ནང་ཆོས་ལ་རིགས་འགྲེ་བྱས་ཏེ་བོད་སྨན་ནི་ཕྱི་ཡོང་གི་རིག་པ་ཅིག་ལ་ངོས་འཛིན་པ་མི་ཉུང་བ་ཡོད་པས། རང་གིས་དངོས་ཡོད་གནས་ཚུལ་འཚོལ་ཆེད་བོད་ཀྱི་མཁས་པ་རྒན་པོ་ཚོས་བོད་སྨན་སྐོར་ལ་བྲིས་པའི་གསུང་རྣམས་བཀླགས་ཏེ། བརྙེད་དོན་གྱི་ངག་བགྲོས་སྙིང་བསྡུས་ཤིག་བྲི་བར་སྤྲོ་བ་བྱུང་།
གསོ་རིག་གི་བྱུང་འཕེལ་སྤྱིར་བསྟན་པ།
ངའོ་སྙམ་པའི་བློ་དང་བདེ་སྡུག་གི་མྱོང་བ་ལྷན་སྐྱེས་སུ་ཡོད་པའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན་ཕྱིན། ཇི་ཙམ་གྱིས་ལུས་སེམས་བདེ་ཐང་བྱུང་ན་ངོམས་པ་དང་ཚིམ་པ་མེད་པར་ལོངས་སུ་སྤྱོད་འདོད་པ་དང་། ལུས་སེམས་སྡུག་བསྔལ་བ་ན་དེ་སེལ་འདོད་ཀྱི་བློ་བཅོས་མིན་དུ་སྐྱེ་བ་ནི་སེམས་ཅན་ཀུན་ལ་ལྷན་སྐྱེས་སུ་མངའ་བའི་ཆོས་ཉིད་ཡིན་ས་རེད། འོན་ཀྱང་། སེམས་ཅན་རིགས་གཞན་དང་མི་འདྲ་བར་མི་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི། མི་ལ་འགྲན་ཟླ་བྲལ་བའི་རྣམ་དཔྱོད་བློ་གྲོས་དང་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱེད་ཐུབ་པའི་སྐད་ཆ། ཉམས་མྱོང་ཡོད་ཚད་ཕྱོགས་བསྡོམས་བྱས་ཏེ་ཡིག་ཐོག་འཁོད་པའི་ཤེས་རིག་བཅས་ཡོད་པ་དང་བསྟུན། དཀའ་སྡུག་གང་ལ་འཕྲད་ན་བློ་གྲོས་ཀྱིས་ཐབས་བཙལ་ཏེ་གདོང་ལེན་བྱེད་པ་སོགས་ལ་བརྟེན།
འཛམ་གླིང་འདིར་མིའི་སྤྱི་ཚོགས་བྱུང་ཙམ་ཉིད་ནས་ལུས་སེམས་ན་ཚས་སྡུག་བསྔལ་གྱིས་མནར་བར།སེམས་རྣམ་རྟོག་གི་ནད་རིགས་དྲག་བསྐྱེད་ཡོང་བར་ལྷ་ཀླུ་གཉན་གསུམ་ལ་གསོལ་མཆོད་ཀྱིས་གྲོགས་འཕྲིན་ལས་བཅོལ་བ་དང་། མི་ཕྱུགས་ལ་གནོད་འཚེ་མཁན་འདྲེ་གདོན་གནོན་ཞིང་ཕུད་པ་སོགས་ཀྱང་གནའ་མི་ཚོས་གདོད་མའི་ཆོས་དང་འབྲེལ་བའི་སེམས་ནད་རིགས་བཅོས་ཐབས་ཤིག་ཡིན་ཞིང་།
ལུས་ཀྱི་འབྱུང་བ་འཁྲུག་པའི་ནད་སྣ་ཚོགས་དང་མཚོན་སོགས་ཀྱིས་རྨས་ཕོག་པ། དུག་གི་རིགས་ཕོག་པ་དང་གནམ་གཤིས་ཀྱི་འགྱུར་འགྲོས་ལྟ་བུས་ནད་བྱུང་བ་བཅས། ལུས་ཀྱི་འབྱུང་ཁམས་མི་བདེ་བ་ཀུན་སེལ་ཐབས་སུ་སྔ་མོ་ནས་མིའི་སྤྱི་ཚོགས་ལ་སྨན་བཅོས་ཐབས་ལམ་འདྲ་མིན་བྱུང་མྱོང་ཡོད་རུང་། འཛམ་གླིང་ས་ཕྱོགས་སོ་སོར་གནམ་གཤིས་ཀྱི་དྲོད་གྲང་དང་རྩྭི་ཤིང་ནགས་ཚལ་གྱི་རིགས། གངས་རི་བྲག་རོང་དང་བྱེ་ཐང་སྤང་ལྗོངས། རྒྱ་མཚོའི་གླིང་ཕྲན་བཅས་ས་ཁམས་ཀྱི་གནས་ཚུལ་དང་དེ་ལ་རྒྱུ་བའི་སེམས་ཅན་གྱི་རིགས། རྩྭི་ཏོག་ཟས་རིགས་དང་མིའི་སྤྱོད་ལམ་སོགས་ཅུང་མི་འདྲ་བའི་ཁྱད་པར་འཐོན་ཡོད་པས། དེ་འབྲེལ་གྱི་མིའི་སེམས་ཁམས་དང་རིག་གཞུང་གོམས་གཤིས་ཀྱང་མི་འདྲ་བར་ཁྱད་པར་ཡོད་པ་དང་ལྷན། ན་ཚའི་རིགས་བྱེ་བྲག་པ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡང་བྱུང་ཡོད་དུས་ཙ་ན། གཞི་རྩའི་ཆ་ནས་ལུས་སེམས་ཀྱི་སྡུག་བསྔལ་ཀུན་གསོ་ཐུབ་མིན་ལ་མ་ལྟོས་པར། འཛམ་གླིང་འདིར་གང་དུ་མིའི་སྤྱི་ཚོགས་འཚོ་གནས་ཡོད་ས་དེར་གསོ་རིག་གི་རྒྱུད་པ་མི་འདྲ་བ་རེ་བྱུང་སྟེ། གང་ཐུབ་ཇི་ཐུབ་ཀྱིས་མིའི་ལུས་སེམས་ཀྱི་ན་ཚ་བཅོས་ཐབས་ཡར་རྒྱས་སུ་བཏང་ཡོད་པ་འདས་པའི་ལོ་རྒྱུས་ཁག་ལས་རྟོགས་ཐུབ་ཅིང་།
གང་ལྟར་རྒྱུད་པ་དེ་ཚོ་ལས་གྲགས་ཆེ་གྲས་ནི་ནུབ་ཕྱོགས་ཀྱི་ཨ་ལོ་པ་ཏི་དང་ཧོ་མལ་པ་ཏི། ཨ་རབ་དང་ཏ་སིག་ཡུལ་ཁག་གི་སྲོལ་རྒྱུན་སྨན་གཞུང་རྣམས་དང་། རྒྱ་གར་གྱི་རྣལ་འབྱོར་པ་དང་དྲང་སྲོང་ཚོས་དབེན་པའི་རི་ཟོམ་དུ་སྒོམ་སྒྲུབ་ཀྱིས་རྣམ་དཔྱོད་ནུས་པ་མཐའ་མེད་པའི་ཡར་རྒྱས་སུ་བཏང་སྟེ། བརྟད་དཔྱད་ཞིབ་འཇུག་མང་པོས་གཏན་འབེབས་ཀྱི་སྨན་གཞུང་ཚེ་ཡི་རིག་བྱེད་དང་ཡོ་གའི་རྣལ་འབྱོར་སྣ་ཚོགས། སྒོམ་ཉམས་ལེན་བཅས་མང་པོ་བྱུང་ཡོད་ལ། ཤར་ཕྱོགས་རྒྱ་ནག་ཏུའང་མིའི་ནང་འབྱུང་བའི་གནས་ལུགས་དང་ནུས་པ་ངོས་འཛིན་བྱས་ཏེ། རྩ་རླུང་གི་རྩལ་སྦྱོང་བ་དང་སྔོ་སྨན་དང་སྲོག་ཆགས་ཀྱི་ཤ་རུས། ས་རྡོ་ལྕགས་རིགས་ཚུན་གྱིས་ནད་བཅོས་པའི་ཐབས་ཚུལ་གཏན་འབེབས་རྒྱུན་འཛིན་བྱུང་བ་ཡོད་པ་ནི་གསོ་རིག་གི་བྱུང་བ་སྤྱི་ཙམ་བརྗོད་པའོ།།
བྱེ་བྲག་བོད་སྨན་གྱི་བྱུང་འཕེལ་དང་ངོས་འཛིན།།
བྱེ་བྲག་བོད་སྨན་གསོ་རིག་ནི་བློན་པོ་བཀའ་ཐང་དུ་སྤྱི་ལོ་སྔོན་གྱི་དུས་རབས་ཁ་ཤས་ནས་བཟུང་། བོད་མི་ཚོས་དུག་དང་ན་ཚ་ཡོད་ན་སྨན་ཡོད་པར་ཤེས་ཏེ་མར་གྱིས་ཁྲག་གཅོད་པ་དང་། ཁྱི་ཚིལ་གྱིས་རྨ་བཅོས་པ་སོགས་རྟོགས་ལུགས་འཁོད་ཡོད་པ་མ་ཟད། སྤྱི་ལོ་སྔོན་གྱི་ལོ་དྲུག་བརྒྱ་ཡས་མས་སུ་བྱོན་པ་བོན་སྟོན་གཤེན་རབ་མི་བོ་ཆེའི་གསུང་ལྷ་བོན་སྒོ་བཞིའི་ནང་དུའང་སྨན་དཔྱད་ཀྱི་སྐོར་འདུས་ཡོད་ཅིང་།
སྟོན་པ་གཤེན་རབ་དགུང་ལོ་ཉེར་དྲུག་སྟེང་ཁོང་གི་བུ་དཔྱད་བུ་ཁྲི་ཤེས་ཟེར་བ་སྐུ་འཁྲུངས་བར། སྟོན་པ་གཤེན་རབ་ཀྱིས་བུ་ལ་གསོ་ཐབས་དང་གསོ་བྱེད། གསོ་བྱ་རྣམ་པ་གསུམ་གྱི་སྨན་གཞུང་གསུངས་པ་འབུམ་དཀར་ནག་ཁྲ་གསུམ་དུ་བཞུགས་ཤིང་། སྨན་པ་དཔྱད་བུ་ཁྲི་ཤེས་ནི་བོད་ཀྱི་གསོ་རིག་གི་ཕ་མེས་ལྟ་བུར་གྱུར་ཡོད་པས། བོད་སྨན་གྱི་འགོ་ཁུངས་རྩ་བ་བོན་དང་བོད་རང་ས་ནས་བྱུང་འཕེལ་གྱུར་པ་ཅིག་ཡིན་ལ།
བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་བོད་ཀྱི་སྨན་པ་དུང་གི་ཐོར་ཅོག་ཅན་གྱིས་རང་གི་ཡབ་རྒྱ་གར་སྨན་པ་བི་བྱ་དགའ་བྱེད་ལས། སྤྱི་ལོའི་དུས་རབས་གསུམ་པ་ཙམ་ནས་རེག་པ་རྩའི་མདོ་དང་འཚོ་བ་ཟས་ཀྱི་མདོ། སྦྱོར་བ་སྨན་གྱི་མདོ། གཏར་བསྲེག་དཔྱད་ཀྱི་མདོ། རྨ་ཆས་བཟོ་ཡི་མདོ་བཅས་དང་། དེ་དག་གི་འགྲེལ་བཤད་ཁོག་འབུབ། ས་བཅད་ལག་ལེན་དང་བཅས་ཉན་ཏེ་མཁས་པར་གྱུར་སྟབས།བོད་རྒྱལ་ཐོ་རི་གཉན་བཙན་དང་ཁྲི་གཉན་གཟུངས་བཙན་གྱི་བླ་སྨན་མཛད་དེ་བོད་ཀྱི་སྨན་པའི་ཕྱི་མོར་གྱུར་ལ། དེའི་སྲས་བློ་གྲོས་ཆེན་པོ། དེའི་སྲས་བློ་གྲོས་མཚུངས་མེད། དེའི་སྲས་བློ་གྲོས་རབ་གསལ། དེའི་སྲས་བློ་གྲོས་རྒྱལ་མཛོད། དེའི་སྲས་བློ་གྲོས་བཤེས་གཉེན་བཅས་ནས་རིམ་བཞིན་དུ་བོད་རྒྱལ་འབྲོང་གཉན་ལྡེའུ་དང་སྟག་རི་གཉན་གཟིགས། གནམ་རི་སྲོང་བཙན།སྲོང་བཙན་སྒམ་པོ་རྣམས་ཀྱི་བླ་སྨན་པ་མཛད་ཅིང་། བོད་ཀྱི་སྨན་པའི་རྒྱལ་པོ་གཡུ་ཐོག་གསར་རྙིང་གི་གདུང་རུས་ཀྱང་སྨན་པ་དུང་གི་ཐོར་ཅོག་ལས་བྱུང་བར་གྲགས།
(༡)“སྤྱི་ལོའི་དུས་རབས་བདུན་པའི་ནང་བོད་རྒྱལ་གྲགས་ཅན་སྲོང་བཙན་སྒམ་པོས་རྒྱ་ནག་ཐང་རྒྱལ་ཁབ་ཀྱི་ཀོང་ཇོ་ཁབ་ཏུ་བཞེས་སྐབས། ཀོང་ཇོས་རྒྱ་ནག་ནས་སྨན་དཔྱད་མང་པོ་བོད་དུ་དྲངས་པ། ཧྭ་ཤང་མ་ཧཱ་དེ་བ་དང་ངྷརྨཱ་ཀོཥ་གཉིས་ཀྱིས་བོད་སྐད་དུ་བསྒྱུར། དེ་ཙམ་མ་ཟད་རྒྱ་གར་ནས་བཛྲ་བྷཱཛ་དང་རྒྱ་ནག་ནས་ཧེན་ཝང་ཧང་། སྟག་གཟིག་ཁྲོམ་ནས་ག་ལེ་ནོས་བཅས་སྨན་པ་གསུམ་གདན་དྲངས་ཏེ་སོ་སོའི་ལུགས་དུ་མ་བསྒྱུར་བའི་མདོ་འདུས། མི་འཇིགས་པའི་མཚོན་ཆ་ཞེས་བྱ་བ་བམ་པོ་བདུན་པ་བརྩམས།
བོད་རྒྱལ་མེས་ཨག་ཚོམ་གྱིས་རྒྱ་བཟའ་གྱིམ་ཤང་ཀོང་ཇོ་ཁབ་ཏུ་བཞེས་ཏེ་རྒྱའི་སྨན་དཔྱད་མང་པོ་བོད་དུ་དྲངས། ཧྭ་ཤང་མ་ཧཱ་ཐི་ཐ་དང་རྒྱ་ཕྲུག་གར་མཁན་སོགས་ཀྱིས་སོ་མ་ར་ཙ་ལེའུ་བརྒྱ་དང་བཅོ་ལྔ་པ་བསྒྱུར། དེ་སྐབས་ཁྲོམ་ནས་བི་ཙི་ཙ་ན་བ་ཤི་ལ་ཧ་སྤྱན་དྲངས་ཤིང་། རྒྱལ་པོའི་རྗེ་ཡིན་ཞེས་བཀུར་བས་ལྷ་རྗེར་གྲགས་ཚུལ་”སོགས་ཀྱིས་སྐབས་དེ་ཤེད་ནས་བོད་ས་རང་ནས་གསར་བྱུང་གི་སྨན་གཞུང་སྟེང་དུ། རྒྱ་ནག་དང་རྒྱ་གར། སྟག་གཟིག་བཅས་ཀྱི་སྨན་གཞུང་གི་ལེགས་ཆ་བསྡུ་ལེན་དང་། སྨན་གཞུང་གལ་ཆེན་རྣམས་བོད་བསྒྱུར་ཕྱོགས་བསྡུས་གནང་གི་ཡོད་ཅིང་།
སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ཧྭ་ཤང་མ་ཧཱ་ཀྱིན་དཱ་དང་བོད་ཀྱི་ལོ་ཙཱ་བ་གྲགས་ཅན་བེེ་རོ་ཙ་ན་གཉིས་ཀྱིས་སྨན་དཔྱད་ཟླ་བའི་རྒྱལ་བོ་ཟེར་བ་རྒྱ་ནག་སྐད་ནས་བོད་ཡིག་ནང་བསྒྱུར་བསྒྲིགས་བྱས་ཐུབ་ཡོད་པ་མ་ཟད།(༢)“བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་ནས་ཤཱནྟི་གརྦྷ་དང་ཁ་ཆེ་ནས་གུ་ཧྱ་བཛྲ། རྒྱ་ནག་ནས་སྟོང་གསུམ་གང་བ།ཧྭ་ཤང་བ་ལ་ཤི་བ་ཏ། སྟག་གཟིག་ནས་ཧ་ལ་ཤཱ་ཏི། གུ་གེ་ནས་སེང་མདོ་འོད་ཆེན།དོལ་པོ་ནས་ཁྱོལ་མ་རུ་ཙི། བལ་ཡུལ་ནས་ངྷརྨ་ཤྲཱིལ་རྣམས་སྤྱན་དྲངས་ནས་ཚེའི་རིག་བྱེད་ཨཱཡུར་བེདཱ་སྤེལ་བ་དེ་ཚོ་ལ་བླ་སྨན་དགུ་ཞེས་གྲགས་པ་དང་། སྟོང་གསུམ་གང་བ་བོད་དུ་བཞུགས་ཏེ་གཡོར་སྟོད་གནང་ནས་མཐའ་བཞིར་གྲགས་ཤིང་བླ་སྨན་གྱི་གཙོ་བོར་གྱུར”།
དེ་ལྟར་བོད་དབུས་བསམ་ཡས་སུ་ཨ་རབ་དང་ཕིར་ཞི་ཡ། རྒྱ་ནག་དང་རྒྱ་གར། བོད་དང་བལ་བོ། ཞང་ཞུང་དང་བཅས་པའི་རྒྱལ་ཁག་གི་སྨན་པ་རྣམས་ལྷན་འཛོམས་གནང་སྟེ། ཟླ་བ་མང་པོའི་རིང་ཕན་ཚུན་བསམ་ཚུལ་བརྗེ་རེས་བགྲོ་གླེང་དང་རྒྱལ་ཁབ་སོ་སོའི་སྨན་གཞུང་ནས་ལེགས་ཆ་བསྡུ་བསྒྲིགས་བྱས་ཐུབ་པ་ནི། རྒྱལ་སྤྱིའི་སྟེང་སྨན་གྱི་སྲོལ་རྒྱུན་མི་འདྲ་བ་མང་པོ་ཅིག་ལྷན་འཛོམས་ཀྱི་གྲས་སྔ་ཤོས་ཤིག་ཡིན་པར་གོར་མ་ཆག་ཅིང་། དེས་བོད་སྨན་གྱི་གཞུང་ལུགས་ཡར་རྒྱས་འཐུས་ཚང་དང་རྒྱལ་ཁབ་མང་པོའི་སྲོལ་རྒྱུན་སྨན་གཞུང་གི་ལེགས་ཆས་ཕྱུག་པར་གྱུར་ཡོད་པ་རེད།
ལྷག་པར་སྤྱི་ལོ་༧༠༨ ལོར་བོད་ཀྱི་སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོ་སྐུ་འཁྲུངས་ཏེ་དགུང་ལོ་གསུམ་ཙམ་ནས་བཟུང་། རང་གི་ཡབ་ལས་ཡི་གེ་འབྲི་ཀློག་དང་སྨན་དཔྱད་སློབ་སྦྱོང་གིས་ནད་པ་བསྐྱངས། བོད་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་པ་དང་རྒྱ་གར་དུ་སྔ་ཕྱིར་ལན་གསུམ་ཕེབས་ཏེ་པཎ་ཆེན་ཙནྡྲ་དེ་ཝ་སོགས་སློབ་དཔོན་དུ་མ་བསྟེན་ནས་གདམས་ངག་མང་པོ་གསན། རྒྱ་ནག་དང་སིངྒ་ལ། བལ་བོ་བཅས་སུའང་སྨན་པ་མཁས་པ་མང་པོའི་ཞབས་ལ་གཏུགས་བཞིན། སྔར་ཡོད་བོད་ཀྱི་གསོ་རིག་རྨང་གཞིའི་སྟེང་རྒྱ་གར་ནག་དང་ཕྱོགས་གཞན་གྱི་གསོ་རིག་གཞུང་མི་འདྲ་བ་རྣམས་ཀྱི་དགོངས་བཅུད་ཕྱོགས་བསྡུས་ཀྱིས། བོད་ཀྱི་གསོ་རིག་གཞུང་ལུགས་གྲགས་ཅན་རྒྱུད་བཞི་བརྩམས་ཏེ་སློབ་མ་ཆིག་སྟོང་སུམ་བརྒྱ་ཙམ་གསོ་སྐྱོང་བྱས་པས། དུས་ད་ལྟ་བར་བོད་ཀྱི་གསོ་རིག་དར་ཁྱབ་རྒྱུན་འཛིན་ཐུབ་པར་ཕན་རླབས་ཆེན་པོ་བྱུང་ཡོད་པར་བརྟེན།
དེ་ལ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་(༣)“དེ་ནི་ཁོང་གིས་རྒྱ་ཁྱབ་ངང་བོད་མི་དམངས་ཀྱིས་ནད་རིགས་དང་འཐབ་རྩོད་བྱས་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་རྣམས་ཕྱོགས་བསྡོམས་གནང་བའི་རྨང་གཞིའི་སྟེང་། དེ་སྔོན་ཏཱ་སིག་དང་ཞང་ཞུང་། རྒྱ་གར། བལ་ཡུལ། རྒྱ་ནག་ནང་ཁུལ་བཅས་ནས་བོད་ཡིག་ཐོག་བསྒྱུར་བའི་སྨན་གཞུང་དང་། རང་ཉིད་ཀྱིས་ལོ་མང་རིང་རྒྱ་གར་དང་བལ་ཡུལ། སིངྒ་ལ། རྒྱ་ནག་བཅས་སུ་སྨན་བཅོས་སློབ་སྦྱོང་བྱས་པའི་ཉམས་མྱོང་གཅིག་བསྡུས་ཀྱིས་བརྩམས་པ་ཞིག་ཡིན་སྐོར། བོད་ཀྱི་ལོ་རྒྱུས་མཁས་པ་བཅུ་ལྷག་གིས་གཅིག་གྱུར་ཁས་ལེན་བྱས་པ་ནི་རྒྱུ་མཚན་ལྡན་པ་ཅིག་ཡིན། རྒྱུད་བཞིའི་ནང་རྒྱ་ནག་ལུགས་ཀྱི་སྨན་གཞུང་གི་བཤད་ཚུལ་ཕུད། བོད་རང་གི་དམིགས་བསལ་ཐོན་རྫས་ཡིན་པ་སྨན་རིགས་ཉིས་བརྒྱ་མ་ཟིན་ཙམ་འཁོད་པ་དེའི་སྟེང་ནས། རྒྱུད་བཞི་ནི་གཡུ་ཐོག་ཡོན་ཏན་མགོན་པོ་སྐུ་ངོ་མས་མཛད་པ་ཞིག་ཡིན་པར་ར་སྤྲོད་བྱེད་ཐུབ”ཅེས་བསྡོམས་བསྐྱོན་གནང་མཛད་ཡོད་ཅིང་།
(༤)“བོད་སྨན་གྱི་བརྟག་དཔྱད་བྱེད་ཐབས་ཆ་ནས་རེག་པ་རྩ་དང་མཐོང་བ་ཆུ་ལ་བརྟག་ཐབས་སོགས་ཡོད་ལ། དེའང་རྩ་ལ་བརྟག་སྐབས་འཕར་རྩ་དང་སྡོད་རྩ། ཚ་བའི་རྩ་དང་གྲང་བའི་རྩ། རྩ་སྣེ་མི་འདྲ་བ་མང་པོ་དབྱེ་བ་ཕྱེ་ཐབས་དང་། འཕར་རྩ་དང་སྡོད་རྩ་རྣམས་དོན་ལྔ་སྣོད་དྲུག་དང་འབྲེལ་ནས་ལུས་པོ་ཡོངས་ལ་ཁྱབ་ཚུལ་བཤད་ཡོད་པ་དང་། ཀླད་པ་ཆགས་ཚུལ་སྐོར་ལ། ཀླད་པ་ཆེ་ཆུང་དང་གཟུགས་དབྱིབས་མི་འདྲ་བའི་ཀླད་པ་ཕན་ཚུན་ལྟེབས་བརྩེགས་བརྒྱབས་ནས་གནས་པའི་རྣམ་པ་བཤད་པ་བཅས་ཚན་རིག་གི་ཆུ་ཚད་མཐོ་ཙམ་ཡོད་པ་”དུང་དཀར་རིན་པོ་ཆེས་གསུངས་འདུག་ལ།
བོད་སྨན་གྱི་གཞུང་དུ་དུས་རབས་བརྒྱད་པ་ཙམ་ནས་མིའི་ལུས་ཀྱི་རྩ་ཐིག་སྐོར་ཞིབ་ཕྲ་འཁོད་པ་དང་། སྨན་སྣའི་རིགས་ངོ་སྤྲོད་ཀྱི་སྨན་ཐང་ཧ་ཅང་མང་པོ་ཡོད་པ་མ་ཟད། རྩ་བའི་བོད་སྨན་ནི་རིན་པོ་ཆེའི་རིགས་དང་རྡོའི་རིགས། ས་དང་ཤིང་སྣ། རྩྭ་སྨན་དང་ཐང་སྨན། སྔོ་སྨན། སྲོག་ཆགས་ཀྱི་སྨན་སོགས་ཀྱིས་གྲུབ་ཡོད་ཅིང་། མེ་བཙའ་དང་གཏར་ཁ་སོགས་ལག་ཐབས་རིགས་ཀྱང་མང་པོ་ཡོད་པས།
མདོ་དོན་ཧྲིལ་གྱིས་བསྒྲིལ་ན། མཁས་དབང་ཁྲོ་རུ་ཚེ་རྣམ་གྱིས་(༥)“གངས་ཅན་གསོ་བ་རིག་པ་ནི་བོད་མི་རིགས་རང་ཉིད་ཀྱིས་སྲོལ་རྒྱུན་དར་སྤེལ་མཛད་ཅིང་། འགྲོ་བ་མིའི་རིགས་ལ་ཕན་པ་འབའ་ཞིག་སྒྲུབ་པའི་རིག་པ་ཞིག་ཡིན་སྟབས། རིས་སུ་མ་ཆད་པའི་འགྲོ་བ་མིའི་རིགས་ལ་ཕན་པའི་ལས་དོན་ཁོ་ན་སྒྲུབ་པའི་རིག་པ་ཞིག་ཏུ་འཁུམས་ཤིང་། སྤྱི་ཚོགས་དང་དུས་རབས་ཇི་འདྲ་ཞིག་གི་ནང་དུའང་མཁོ་གལ་དང་ཕན་ཐོགས་ཆེ་བ་ཞིག་ཡིན་པ་ནི། དོན་དངོས་ཀྱི་སྟེང་ནས་གྲུབ་པའི་གནས་ལུགས་ཤིག་ཡིན་པས། མི་སུ་དང་གང་གིས་ཀྱང་བསྙོན་འདིང་བ་དང་འཁྱོག་བཤད་བྱ་བར་མི་ནུས་སོ་”ཞེས་གསུངས་ཡོད་པ་ལྟར།
བོད་སྨན་གསོ་རིག་ནི་བོད་རང་ས་ནས་དྲང་སྲོང་ལྷ་རྗེ་ཚོས་ན་ཚ་འདྲ་མིན་ལ་འཐབ་རྩོད་ཉམས་མྱོང་བརྒྱུད། གསར་གཏོད་རྒྱུད་འཛིན་མི་ལོ་སྟོང་ཕྲག་མང་པོར་བྱས་པའི་གཞུང་ལུགས་དེར། རྒྱལ་ཁབ་གཞན་མང་པོའི་སྨན་གཞུང་གི་ལེགས་ཆས་ཟུར་བརྒྱན་ནས་གྲུབ་པ་ཞིག་ཡིན་པ་མ་གཏོགས། རྒྱལ་ཁབ་གཞན་ཅིག་གི་སྨན་གཞུང་ཁོ་ན་ལ་དཔེ་ཞུས་ཏེ་བོད་ཡིག་ཏུ་ཕབ་པ་ཙམ་མིན་པ། བོད་ཀྱི་ལོ་རྒྱུས་ཆོས་འབྱུང་དང་སྨན་གཞུང་ཁག་ལ་ཞིབ་འཇུག་བྱས་ན་ཁུངས་ལུང་རྒྱུ་མཚན་ར་སྤྲོད་གསལ་བོར་ཡོད་པ་དང་། བོད་སྨན་འདིས་དེང་སང་དུས་རབས་ཉེར་གཅིག་པའི་ནང་དུའང་མི་མང་པོར་ཕན་ཐོགས་བྱུང་སྟེ། འཛམ་གླིང་ཡུལ་གྲུ་གང་སར་དར་ཁྱབ་ཆེན་པོར་འགྲོ་བཞིན་པའོ།།
ལུང་ཁུངས།
(༡)བོད་སྨན་སྟབས་བདེ་ལག་ལེན་བྱེད་ཚུལ། ནམ་མཁའི་ནོར་བུས་བྲིས། བོད་ཀྱི་དཔེ་མཛོད་དཔར་མ། ཤོག་ངོས་༡༡ པར་གསལ།
(༢)གོང་གསལ་དེབ་དེའི་ཤོག་ངོས་༡༢ པར་གསལ།
(༣)དུང་དཀར་ཚིག་མཛོད། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་༡༤༢༧ པར་གསལ།
(༤)དུང་དཀར་ཚིག་མཛོད་ཤོག་ངོས་༡༤༢༧ པར་གསལ།
(༥)མན་ངག་རིན་ཆེན་གསེར་སྒྲོམ། ཀརྨ་ཚུལ་ཁྲིམས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༡ པོར་གླེང་བརྗོད་ནང་གསལ།
ཟམ་གདོང་བླ་མ་གཙོས་པའི་ཕྱི་ནང་གཉིས་ཀ་སེར་རུལ་ཕོག་པ་མང་པོ་ཞིག་གིས་བོད་ཀྱི་གསོ་བ་རིག་པའི་མ་ཕྱི་ལྟ་བུར་གྱུར་པ་སྨན་གཞུང་འབུམ་བཞི་དེ་བོད་སྨན་གྱི་གཞུང་ཡིན་པར་ངོས་འཛིན་བྱེད་རྒྱུར་བཀག་འགོག་བྱེད་མྱོང་བ་དང་། རྒྱུད་བཞིའི་ཕུགས་རྒྱ་གར་ལ་གཏུགས་གང་ཐུབ་བྱས་པའི་གནས་ཚུལ་ལོ་བདུན་བརྒྱད་སྔོན་ནས་བྱུང་མྱོང་ཡོད། བོད་ཀྱི་གསོ་རིག་ཅེས་དེབ་སྐྱེལ་མ་ཐུབ་པའི་རྒྱུ་མཚན་གཅིག་ནི་སྐབས་དེ་དུས་ཀྱི་སྐུ་ངོ་དང་སྨན་པ་ཁ་ཤས་ཀྱིས་བོད་ཀྱི་གསོ་རིག་གི་ཁུངས་བོན་ལ་ཐུག་པ་གསུང་མ་འདོད་དེ། ཁུངས་གསལ་པོ་མེད་པའི་(ཧི་མ་ལ་ཡའི་གསོ་རིག་)ཅེས་པ་ལྟ་བུ་གཉིས་འགོ་མ་ཞིག་མིང་བཏགས་ནས་དེབ་སྐྱེལ་བྱས་པའི་མཇུག་འབྲས་འདི་འདྲ་བྱུང་བ་རེད།
བོད་སྨན་བོད་ཀྱི་ཡིན་མིན་སྟེང་དྲ་འབུ་ཚོས་གླེང་མོལ་རེ་བྱས་ན་དོན་ཆེ་བསམ
ནམ་རྒྱུན་མདུང་ཁ་ནང་ལ་བསྐོར་ཏེ་འུར་རྒྱག་པ་དག་གིས་ད་ཐེངས་སྙུག་ཁ་ཕྱི་ལ་བསྐོར་ཏེ་བདེན་ཁ་རང་ལ་ཨེ་འབབ་དཔྱོད་དང་ཁྲི་རལ་བ་ཅན་གྱིས་བོད་མི་ས་ཡ་དྲུག་གི་ལྟོ་ཕོར་ཆེན་པོ་ཞིག་གཞན་གྱིས་འཁྱེར་ལ་ཉེ་ཚུལ་གསུང་གི་འདུག
འཚོ་བྱེད་ཚེ་ཡི་རིག་པའི་ཁུངས་ནས་མར་མཆེད་ཡོང་བ་ཡིན་ལུགས་ཁྲིམས་ཐོག་ནས་གཏན་ཁེལ་ཚར་བ་རེད། ད་གང་ལྟར་ཁྲིམས་ཐོག་ནས་རྒྱ་གར་རིག་གཞུང་ཞིག་གི་ཆ་ཤས་ཡིན་པ་བོད་གཞུང་སྨན་རྩིས་ཁང་དང་སྨན་པའི་ལྷན་ཚོགས་ནས་རེ་སྐུལ་དང་བཅས་རྒྱ་གར་གཞུང་གིས་ངོས་བཞེས་གནང་ཚར་བ་རེད།
བོད་སྨན་གཅིག་པུས་ག་ལ་ཚད་ནང་ཆོས་ཀྱང་རྒྱ་གར་གྱི་ཆོས་རིག་ཅིག་ཡིན་པར་ངོས་འཛིན་བྱེད་མུས་རེད། དེ་རྒྱ་གར་གྱི་ཧམ་པས་བྱས་པ་མིན་པར་བོད་མི་རང་ཉིད་ཀྱིས་བཤད་པ་རེད། གོང་ས་མཆོག་གིས་བོད་མི་རྣམས་ནི་རྒྱ་དཀར་གྱི་དགེ་ཕྲུག་ཡིན་པར་ངོས་འཛིན་དང། དེ་བཞིན་ཐ་ན་བོད་མིས་རྟེན་འབྲེལ་ལེགས་ཉེས་གང་ལའང་བེད་སྤྱོད་པའི་ཁ་བཏགས་ཀྱང་རྒྱ་གར་ནས་བྱུང་བ་ནི། རྒྱ་གར་གྱི་བུད་མེད་རྣམས་ལྷ་ཁང་ལ་འགྲོ་དུས་མགོ་ལ་རས་ཀྱིས་གཡོགས་པ་སོགས་ལས་བྱུང་བ་ཡིན་ཚུལ་སྔོན་མ་mexico City རུ་བཀའ་ཆོས་གནང་སར་གསུངས་སོང། དེ་བཞིན་བོད་ཀྱི་རིག་གཞུང་ཀུན་གྱི་གཞི་མར་གྱུར་པ་བོད་ཡིག་ཀྱང་རྒྱ་གར་ལས་བྱུང་བར་ངོས་འཛིན་བྱེད་པ་སོགས་མདོ་དོན་རང་མགོར་རང་གིས་ཆུ་བླུགས་པར་ད་ནི་འགྱོད་ཀྱང་ཕྱིས་དྲགས་པ་རེད། ད་ནི་བོད་མིས་ཆོས་རིག་རྣམས་ནི་རྒྱ་གར་ལ་རྩིས་སྤྲོད་ཟིན་པ་དང་ཆབ་སྲིད་ནི་རྒྱ་ནག་ལ་རྩིས་སྤྲོད་ཟིན་པས་ཁ་སྟོང་ལག་སྟོང་དུ་ལུས་པར་ངོས་འཛིན་རང་གིས་བྱས་པས་རྩོད་གཞི་མེད་པར་རྩོད་པ་བྱས་ན་ཕན་ཐོགས་གང་ཡོང།
ལ་དྭགས་སུ་བོད་སྨན་སྔོན་དར་ཁྱབ་ཆེ། གྲོང་ཡུལ་རེ་རེ་ན་ལྷ་རྗེ་པ་ཞེས་པ་གྲོང་པ་རེ་ཡོད། མང་ཆེ་བ་ཁྲལ་འཁྱོལ་ཙམ་དང་། ཁ་ཤས་ཀྱིས་ལེགས་པར་སྦྱང་ཡོད། དེ་དག་ལ་རྒྱལ་པོའི་དཔྱ་ཁྲལ་མེད། དིང་སང་རྒྱ་གར་གཞུང་གིས་གྲོགས་རམས་བྱེད། འོན་ཀྱང་དིང་སང་རྒྱ་གར་སྤྱིའི་ལུགས་ཀྱི་སྨན་པ་དང་། སྨན་ཁང་སོགས་མཐུན་རྐྱེན་ཆེ་བས་ནད་པ་ཕལ་ཆེ་བ་དེར་འགྲོ། བོད་དབུས་སུ་ལྕགས་སྤུ་རི་སོགས་སྨན་རྩིས་ཁང་ཡོད་བཞིན་དུ། བོད་མིང་ཚིག་མེད་པར་སོང་སྟེ། ལྷ་རྗེ་ལ་ཨམ་ཇི་ཞེས་སོག་སྐད་བཀོལ་དགོས་པའི་རྒྱུ་མཚན་ཅི་ཡིན་མ་ཤེས། ང་དབུས་གཙང་དུ་ཡོད་དུས་ལ་དྭགས་ཨམ་ཇི་ཞེས་ལྷ་རྗེ་གཉིས་ཡོད་པ་མཐོང་ཐོས་བྱུང་། སྔོན་དབུས་གཙང་དུ་སྨན་པ་ལ་ལྷ་རྗེ་ཟེར་བས། རྗེ་སྒམ་པོ་པས་ཀྱང་། ཐར་རྒྱན་མཛད་བྱང་ན། ལྷ་རྗེ་བསོད་ནམས་རིན་ཆེན་གྱིས་བཀོད་པ། ཞེས་བྲིས་སོ།
ངོ་ཚ་དགོས་པ་བྱུང་། ཁྲི་རལ་བས་དཔྱད་རྩོམ་ཡག་པོ་སྤེལ་འདུག ངས་ནི་ཏང་གི་བསྟོད་པ་ཅིག་བྲིས་ཡོད་ཤག་བྱས་པ་ཡིན་མོད། ཧ་ལས་པའི་ཡག་པོ་བྲིས་འདུག བཙན་བྱོལ་དུ་རང་མ་ཡོང་བ་ཡིན་ན་ང་ལ་ཞུ་ཡ་མེད། བཙན་བྱོལ་དུ་བསྡད་བྱས་རྒྱ་བསྟོད་རྒྱ་རྩོམ་འདྲ་མོ་རྐྱང་སྤེལ་ནས་འདུག་པ་ལས་རང་མེད་ན་དགའ་བ།
ཁྲི་རལ་བ་ཅན་ལགས་ཀྱིས་གླེང་མོལ་ཡག་པོ་གནང་འདུག ཁྱེད་རང་གིས་གསར་འགོད་ཀྱི་ལས་ཀའི་ཞར་ལ། དཔྱད་གླེང་འདི་འདྲ་སྤེལ་བ་ལ་དགའ་བསུ་ཡོད།
ཁྲི་རལ་པ་ཅན་མཆོག་གིས་བོད་ཀྱི་གསོ་བ་རིག་པ་ཇི་ལྟར་བྱུང་བའི་སྐོར་ལེགས་པར་བྲིས་པ་་ད་ལྟར་ཕལ་ཆེར་ཀློག་ཐུབ་་པར་ལོང་བྱུང་། ལྷག་པར་དུ་བོད་ཀྱི་སྨན་པ་ཡོངས་གྲགས་གཡུ་ཐོབ་ཡོན་ཏན་མགོན་པོ་ནམ་བྱུང་དང་། མཛད་པ་ཀུན་སྤྱོད་ཇི་ལྟར་ཡིན་པ་ལ་གོ་རྟོགས་བྱུང་བས། ཁྲི་རལ་པ་ཅན་མཆོག་གིས་ཞིབ་འཇུག་མཛད་པར་བཀའ་དྲིན་ཆེ།
སླར་སྨན་པ་ལ་བོད་མིང་མེད་པར་སོང་ཏེ། ཨེམ་་ཆི་ཞེས་སོག་མིང་བྱུང་བའི་རྒྱུ་མཚན་དང་། དིང་་སང་བོད་ཀྱི་སྨན་པ་དག་ལ་མིག་ལོང་བའི་མིག་འབྱེད་པའི་ཉམས་ལེན་ཡོད་དམ་མེད། གང་ལ་ཞེ་ན། ངས་ལ་དྭགས་སུ་མིག་འབྱེད་པའི་ལྷ་རྗེ་མེད་པར་མ་ཟད། དབུས་གཙང་དུ་དེ་ལྟར་མིག་འབྱེད་མཁན་ཞིག་ཡོད་པར་མཐོང་ཐོས་མེད།
ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་ལྷ་སའི་སྲང་ལམ་ན། ལོང་བ་མང་པོ་གཟིགས་ཏེ། སྐྱིད་གྲོང་ནས་ལྷ་རྗེ་སྦྱིན་པའི་མིང་ཅན་ལྷ་ས་རུ་བོས་པར་མཛད་དེ། མིག་ལོང་བ་དག་གི་མིག་འབྱེད་དུ་འཇུག་པ་དང་། མིག་ཕྱེ་བ་ཀུན་ཐོག་མར་ཇོ་བོ་ཤཱ་ཀྱ་མུ་ནིའི་ཞལ་མཇལ་བར་གཏོང་བར་མཛད་པ་སོགས་གང་གི་རྣམ་ཐར་༧རྒྱལ་བ་འཇམ་དཔལ་རྒྱ་མཚོ་(༡༧༥༨་ནས་༡༨༠༤)ཞབས་ཀྱིས་སྦྱར་བའི་སྤར་མ་ཤོག་གྲངས་༡༥༢་ན་གསལ།
་་་་་་་་་་བོད་ཀྱི་གསོ་རིག་གི་ཕ་མེས་ལྟ་བུར་གྱུར་ཡོད་པས། བོད་སྨན་གྱི་འགོ་ཁུངས་རྩ་བ་བོན་དང་བོད་རང་ས་ནས་བྱུང་འཕེལ་གྱུར་པ་ཅིག་ཡིན་ལ། ་་་་་་་་་་་་
་་་་་་་་་ བོད་རང་གི་དམིགས་བསལ་ཐོན་རྫས་ཡིན་པ་སྨན་རིགས་ཉིས་བརྒྱ་མ་ཟིན་ཙམ་འཁོད་པ་་་་་་་་་་་་་་་
གང་ལྟར་དྲ་ངོས་སུ་བསམ་ཚུལ་འདི་འདྲ་སྤེལ་དོན་ནི།རང་རེ་བོད་མི་ཚོས་མི་རེ་ངོ་རེས་འགན་ཁུར་ཏེ།བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཙམ་མིན་པར།བོད་ཀྱི་རིག་གཞུང་རྣམས་འཛམ་གླིང་གི་ཁྲོམ་རའི་ནང་སླེབས་སྐབས་ཀྱང་སོ་སོ་བོད་མི་ལ་དབང་བ་དང་ཁྲིམས་ཐོག་ནས་བོད་མིས་བེད་སྤྱོད་ཐུབ་པ་ཅིག་བྱེད་རྒྱུ་གལ་ཆེན་རེད་མ་གཏོགས།དངུལ་གྱི་ཁེ་ཕན་ཙམ་མིན་པར་ཁྲིམས་ཐོག་ནས་འཛིན་སྐྱོང་གི་ལས་ཀ་ཚང་མ་གཞན་འོག་ཏུ་ཤོར་ན།དོན་གྱི་བདག་པོ་དབང་མེད་དུ་གཞན་གྱི་བཀོད་བྱུས་འོག་འགྲོ་དགོས་པར་གྱུར་ཚེ།དཀའ་ངལ་ཙམ་མིན་པར་རིམ་པས་རིག་གཞུང་དེ་རྩ་མེད་འགྲོ་ཉེན་ཏན་ཏན་ཡོད་རེད་སྙམ།
གོང་དུ་འཁོད་པ་བཞིན།ནང་ཆོས་དང་བོད་སྨན་གཉིས་རིགས་འགྲེ་རྩ་ནས་གཏོང་མི་རུང་།ནང་ཆོས་ནི་རྒྱ་གར་འཕགས་ཡུལ་ལ་ཁོངས་བཅོལ་དགོས་པ་དང་རྒྱ་གར་འཕགས་ཡུལ་གྱི་རིག་གཞུང་ཅིག་ཡིན་པར་བསྙོན་དུ་མེད་པ་རེད།དངོས་ཡོད་གནས་ཚུལ་རེད།འོན་ཀྱང་།བོད་སྨན་ནི་གཙོ་ཆེ་ཤོས་བོད་རང་ས་ནས་བྱུང་བ་ཅིག་དང་དེ་སྟེང་བལ་བོ་དང་ཨ་རབ།པར་ཞི་ཡ།རྒྱ་གར་དང་རྒྱ་ནག་སོགས་ཀྱི་སྨན་གཞུང་གིས་ཟུར་བརྒྱན་པ་ཅིག་ཡིན་པའང་དངོས་ཡོད་གནས་ཚུལ་ཡིན་པས།དངོས་ཡོད་གནས་ཚུལ་དེ་དངོས་ཡོད་རང་བྱས་ན་ཡག་པོ་ཡོད་རེད།
བོད་མི་ཚོ་མཐོ་རྒྱལ་པོ་དང་དམའ་དམངས་ཡན་ཚང་མས་བོད་ཀྱི་མི་ཡི་འབྱུང་ཁུང་ནས་རིགས་གཞུང་ཡོད་དོ་ཅོག་རྒྱ་གར་ལ་ཁུང་བཏུག་ཡོད་རེད། སྔོན་བོད་ཡུལ་ཀླ་ལོའི་ཡུལ་གྱི་ཡང་མི་ཤེས་མཁན་དུད་འགྲོ་ནང་བཞིན་ཡིས་སྒྲུབ་གང་ཐུབ་བྱས་ཡོད། ད་རྒྱ་གར་གྱི་ངོས་ལེན་བྱས་ན་འདྲིག་འདུག་ཡ་གཏམ་བཟང་རེད། བོད་ཀྱི་བླ་ཆེན་དེ་ཚོའི་འདོད་ཐོག་ལ་རྟ་རྒྱུག་འདུག་བ། སྡུག་བསྔལ་བྱེད་ཡ་གང་ཡོད། རྒྱར་གྱི་དེ་འདྲ་བྱེད་གཏང་ལ་ལྟས་ན་ཆབ་སྲིད་ཀྱི་དམིག་ཡུལ་ཆེ་པོ་ཞིག་བཟུང་ཡོད་ཀྱི་རེད། ད་སྐབ་རྒྱ་དཀར་ནག་གཉིས་བོད་ཀྱི་ས་ཆ་མང་པོ་ཡིག་ལ་ངའི་ཡིན་ཁོས་ཡིན་ཟེར་ནས་ཕར་འཇུ་ཚུལ་འཐེན་བྱེད་བཞིན་པ་རེད། ད་བོད་འདི་རྒྱ་ནག་ཁ་ནས་ཐར་ན་རྒྱ་གར་ཁ་ནས་ཐར་ས་མ་རེད་་་ཧ་ཧོ་། ད་འགྱོད་པ་བྱས་ན་གང་ཕེན་རང་གི་ལས་བྱས་རང་ལ་སྨིན་ཟེར།
གོང་དུ་སྟོན་པ་གཤེན་རབ་འཁྲུང་ལོ་སྐོར་བཤད་དེ་ཅུང་ཐུང་སོང་བའི་བཟོ་འདྲ་འདུག། སྤྱི་ལོའི་སྔོན་གྱི་ལོ་༦༠༠་ཡས་མས་ལབ་འདུག། བོན་གཞུང་ལ་དེ་འདྲ་ལབ་མི་འདུག་སྟོན་པ་འཁྲུང་ནས་ལོ་༡༨༢༠རེད་འདུག་ད་བར། ཁོང་འཁྲུངཡུལ་རྟག་གཟིགས་འོལ་མོ་ལུངས་རིང་དུ། རི་བོ་གངས་རྒྱལ་ཏི་སེའི་དྲུང། མཚོ་ནི་མ་སྤང་གཡུ་མཚོའི་འགྲམ། སྤོས་རི་ངེད་ལྡན་ཉེ་བའི་སར། རྒྱལ་མཁར་བར་པོ་སོ་བརྒྱད་དུ་སྐུ་འཁྲུང་ནས། ཕྱོགས་བཞི་རུ་ཆུ་བོ་ཆེ་པོ་བཞི་འབབ་པ། གཅིག་ནི་རྐྱང་ཤེས་རྟ་ཡི་ཁ་ནས་ནས་འབབ། གཅིག་ནི་སྟོབ་ལྡན་གླང་ཆེན་ཁ་ནས་འབབ། གཅིག་ནི་འདབ་ཆག་རྨ་བྱའི་ཁ་ནས་འབབ། གཅིག་ནི་རྩལ་ཆེན་སེང་གེའི་ཁ་ནས་འབབ། དེ་ཡི་ཕར་རུལ་ན་རི་ནག་དགུ་འདུས་དང་གངས་རིའི་ར་བས་བསྐོར་བ་སོགས་བཤད་ཡོད། སྣོན་པ་གཤེན་རབ་ཀྱི་དུས་མཉམ་ནི་ཀོང་རྗེ་དཀར་པོ་ཡིན་ལ་ཁོང་གི་བུ་མོ་གཤེན་རབ་ལ་ཕུལ་ནས་སྲས་ཀོང་ཚ་དབང་ལྡན་འཁྲུང་ཡོད། དེའི་རྒྱུད་པ་མ་ཉམས་པར་ད་ལྟ་གཙང་དར་ལྡིང་ལ་བཞུགས་ཡོད། ཀོང་རྗེ་དཀར་པའི་ལོ་རྒྱུས་དང་དུས་ཚོད་མཁྱེན་འདོད་ཡོད་ན་ཏུན་ཧོང་ཡིག་རྙིང་དུ་གཟིགས་རོགས།
བོད་ཀྱི་རིག་གཞུང་ཡོད་ན་མེད་ན་དེ་ནང་ཆོས་ཡིན་ཞེས་བོད་ཀྱི་ཆོས་སྲིད་བདག་པོ་ཚོས་བཤད་ནས་བོད་ལ་ནང་ཆོས་་སྦྱོང་བའི་གོ་སྐབས་རང་དབང་བྱུང་ན་ཆབ་སྲིད་རང་དབང་སོགས་དགོས་པ་མེད་ཟེར་གྱི་འདུག་ག་་་་་ད་བོད་ཀྱི་ནང་ཆོས་ཟེར་ན་འདྲ་བོད་ཀྱི་རིག་གཞུང་ཡོད་ན་མེད་ན་འཛམ་གླིང་ལ་ངོམ་རིན་ཆོག་པ་དེ་རྒྱ་གར་གྱི་རིག་གཞུང་དུ་ངོས་འཛིན་བྱས། དེ་ནས་ཆབ་སྲིད་ཀྱི་གནས་བབ་དེ་ཚོ་ཕར་རྒྱ་ནག་ལ་ཕུལ་་ད་གང་ལྷག་འདུག་གམ སྨན་དེ་ཚོ་ནི་བོད་ཀྱི་ཡོད་ན་མེད་ན་དེ་མ་ཡིན་ཞེས། འཇམ་དབྱངས་་བཞད་པས། སྒྲ་སྙན་སྨན་རྩིས་སོགས་ལ་མགོར་འཁོར་ནས། ཞེས་བཤད་འདུག་ག
བོད་ཀྱི་ཡོད་ཚད་ནས་ཡོད་ཚད་རྒྱ་གར་ལ་ཕུག་གཏུག་ནས་ཡོད་ད་འདོད་ཐོག་ལ་རྟ་རྒྱུག་པ་རེད། བོད་ཀྱི་བླ་རྒན་དེ་ཚོའི་བོད་མི་རང་ཉིད་ཀྱི་རྒྱལ་པོ་དང་མི་རིགས་རིག་གཞུང་ཐམས་ཅད་རྒྱ་གར་ནས་ཡིན་ལབ་ཡོད། བོད་འདི་ཀླ་ཀློ་དང་མཐའ་འཁོབ་ཞིག་ལ་རྒྱུར་གང་ཐུབ་བྱས་ཡོད། ད་ཡིན་ན་རྒྱར་གྱི་ཆབ་སྲིད་དགོས་དབང་དང་བཏུན་ནས་དེ་འདྲ་ལབ་ཀྱི་ཡོད་བཟོ་རེད། ད་སྐབ་རྒྱ་དཀར་ནག་གཉིས་བོད་ཀྱི་ས་ཁོང་ལ་ཕར་འཐེན་ཚུལ་འཐེན་བྱེད་ནས་ཟ་ལ་རྔམ་ཡོད། ད་རྒྱ་ནག་འོག་ནས་ཐར་ཡང་རྒྱ་དཀར་འོག་ནས་ཐར་ཡ་ཁག་པོ་ཡོང་ས་རེད་ཧཧཧཧ། རང་གི་བཙོས་པའི་ཆང་དེ་ཞིམ་པོ་མེད་ཡང་འཐུང་རྒྱུ་རེད། ༄། གོང་དེར་སྟོན་པ་གཤེན་རབ་ལོ་ཚིག་ཞིག་བཤད་འདུག། དེ་བོན་གཞུང་ལ་ཅུང་མཐུན་མི་འདུག། བོན་ལུགས་ལྟར་ན་གཤེན་རབ་འཁྲུང་ནས་ད་བར་ལོ་་༡༨༠༢༠ ཙམ་བཤད་ཀྱི་ཡོད་། ཁོང་འཁྲུངས་ཡུལ་ནི་རི་བོ་གངས་རྒྱལ་ཏི་སེའི་དྲུང། མཚོ་ནི་མ་ཕམ་གཡུ་མཚོའི་འགྲམ། སྤོས་རི་ངེད་ལྡན་ཉེ་བའི་སར། རྒྱལ་མཁར་བར་པོ་སོ་བརྒྱད་དུ་སྐུ་འཁྲུངསནས་མ་ཕམ་མཚོ་ལ་སྐུ་ཁྲུས་གསོལ། ཕྱོགས་བཞི་ཆུ་བོ་ཆེ་པོ་བཞི་རུ་འབབ་ཞིང། གཅིག་ནི་རྐྱང་ཤིས་རྟ་ཡི་ཁ་ནས་འབབ། གཅིག་ནི་འདབ་ཆག་བྱ་ཡི་ཁ་ནས་འབབ། གཅིག་ནི་སྟོབ་ལྡན་གླང་ཆེན་ཁ་ནས་འབབ། གཅིག་ནི་རྩལ་ཅན་སེང་གེའི་ཁ་ནས་འབབ། ཕྱི་རིམ་དུ་རི་ནག་པོ་དགུ་འདུས་དང་དབལ་སོ་གང་གི་ར་བས་བསྐོར་ཞེས་གསལ་ཡོད། རྟག་གཟིགས་འོལ་མོ་ལུང་རིང་དུ་སྐུ་འཁྲུངས་འདུག། ཁོང་གི་དུས་མཉམ་ནི་ཀོང་རྗེ་དཀར་པོ་ཟེར་ནས་ཀོང་པའི་རྗེ་བོ་དེ་རེད་འདུག། ཀོང་རྗེ་དཀར་པོའི་བུ་མོ་གཤེན་རབ་ལ་ཆུང་མ་ཕུལ་སྲས་ཀོང་ཚ་དབང་ལྡན་འཁྲུངས་འདུག། དེའི་རྒྱུད་པ་ཟམ་མ་ཆད་པར་ད་ལྟ་གཙང་ཕྱོགས་གཤེན་དར་ལྡིང་ཟེར་ས་དེར་བཞུགས་ཡོད། ཀོང་རྗེ་དཀར་པོ་དུས་རིམ་མཁྱེན་འདོད་ཡོད་ན་ཏུན་ཧུང་ཡིག་རྙིང་ལ་གཟིགས་པར་ཞུ།
བོད་ཀྱི་གནས་སྟངས་ཀྱིས་རྒྱ་གར་གི་ཆོས་ལ་བརྟེན་དགོས་བྱུང་། ལ་དྭགས་ཡུལ་ཆུང་ཞིག་ལ་སྔོན་དུས་སུ་བོད་ནས་འོངས་པའམ་དེ་དག་གིས་བརྒྱུད་པས། དགེ་བ་དང་མི་དགེ་བ་སྣ་ཚོགས་བྱས་འདུག་པ་བླ་མ་སྟག་ཚང་རས་པའི་རྣམ་ཐར་ཀློག་ན་ཤེས་ཐུབ།
ངས་གོང་དུ་ཤེས་འདོད་ཀྱིས་དྲི་བ་གཉིས་བཀོད་ཀྱང་། ལན་མེད་པས། རང་གིས་དཔྱད་ན། དུས་སྐབས་ཤིག་ཏུ་བོད་དབུས་གཙང་དུ་སོག་པོ་མང་པོས་བོད་ཀྱི་སྨན་པ་དགོས་མཁོ་ཆེ་བས། ཨམ་ཆི། ཨམ་ཆི། ཨམ་ཆི་ཞེས་བརྩད་གཅོད་མང་བས་ལྷ་རྗེ་ཞེས་པ་མེད་པར་སོང་བ་སྙམ།
སྐྱིད་གྲོང་གི་སྨན་པ་དེས་ནུབ་ཕྱོགས་པའི་མིག་འབྱེད་པའི་རིག་པ་ལ་བརྟེན་ནས་དེ་ལྟར་བྱེད་ཐུབ་པའམ་། ཡང་ན་རང་གི་ཕུལ་འབྱུང་གི་རྣམ་དཔྱོད་ཀྱིས་དེ་ལྟར་མི་མངས་ལ་ཕན་པའི་བྱ་བ་བྱེད་ཐུབ་པ་དེ། བོད་ལ་དར་ཁྱབ་མ་ཐུབ་པ་དེ་ཕངས། ང་གཙང་དུ་སྡོད་དུས་སྤྱི་ཁང་གཅིག་པ་ན་ཡོད་པའི་གྲྭ་པ་གཞོན་པ་ཞིག་གི་མིག་ཐང་ཐང་མེད། དེ་འདྲ་ལ་མིག་འབྱེད་པའི་རིག་པས་ཕན་འདོགས་ཐུབ། ལ་དྭགས་ལ་ནུབ་ཕྱོགས་མ་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་ཞིག་གིས་ལས་སླ་བས་མིག་འབྱེད་པ་ཐོས།
དིང་སང་ནུབ་ཕྱོགས་པའི་སྨན་པ་རྣམས་ལྟར་རང་རང་གི་འཚོ་བ་གཙོ་ཆེར་བྱེད་མཁན་ས་གནས་གང་དུ་ཡང་འབྱུང་། དེ་འདྲ་ལ་དགོངས་ནས། སྒྲ་སྙན་སྨན་རྩིས་སོགས་ལ་མགོ་འཁོར་ནས། ཞེས་གསུངས་པར་མངོན་ནོ།
ང་ཚོའི་ལུང་པར་ད་ལྟ་ལྷ་རྗེའམ་སྨན་པ་ཟེར་ནས་འབོད་ཀྱི་ཡོད་རེད། ཨེམ་ཆི་ཟེར་མཁན་ནི་ལྷ་ས་ལ་ཡར་སོང་ན་ཨེམ་ཆི་ལགས་ཟེར་ཀྱི་འདུག།
ང་ཚོའི་ལུང་པར་ལྷ་རྗེའམ་སྨན་ཞེས་འབོད་པ་ལས་ཨེམ་ཆི་མི་ཟེར། ལྷ་ས་ལ་ཡར་སོང་ན་ཨེམ་ཆི་ལགས་ཟེར་གྱི་འདུག།
དེ་ནི་སོག་སྐད་ཡིན་བཟོ་འདུག་བསམ།
བོད་སྨན་ཟེར་ན་འདྲ། གཞི་རྩ་ནས་རྒྱ་གར་གྱི་ཚེ་ཡི་རིག་པ་ཟེར་བ་དེ་ལས་བྱུང་བ་ཞིག་རེད། བསྟན་འགྱུར་ནང་དུ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་སོགས་ཡོད་ཡོད་པ་དེ་རེད། དེའི་སྟེང་ལ་རྒྱ་ནག་ལས་བྱུང་བ་དང་། བོད་རང་གི་ངག་རྒྱུན་ལག་རྒྱུན་ལ་ཡོད་པ་དེ་རིགས་ཀྱི་ཁ་སྣོན་ཡང་བྱས་ཡོད་པ་འདྲ། ཡིན་ན་ཡང་། གཡུ་ཐོག་གསར་རྙིང་གཉིས་ཀྱི་གོང་དུ་བོད་མིས་བརྩམས་པའི་སྨན་གཞུང་ཞིག་ཡོད་པའི་ཁུངས་སྐྱེལ་མི་འདུག གལ་སྲིད་ཡོད་ལུགས་ཀྱི་ཡིག་རྙིང་སོགས་ཁུངས་སྐྱེལ་ཡོད་ན་སྐོམ་པས་ཆུ་འདོད་བཞོད་ཐོས་འདོད་ཡོད།
བོད་སྨན་འདིའི་སྨན་རྫས་རྒྱུ་མང་པོ་ཞིག་དེང་དུས་དུ་བསྡུ་བསྒྲུབ་མི་ཆོག་ཅིང་གལ་སྲིད་བྱས་ན་ཁྲིམས་འགལ་ཡིན་པ་རེད། དཔེར་ན། སྲོག་ཆགས་སྡེ་ཚན་གྱི་ནང་གི་འབྲོང་གི་སྙིང་ཁྲག་དང་། ར་རྒོད་ཀྱི་སྙིངས་སོགས་མདོར་ན་རྔོན་མི་ཆོག་པའི་སྲོག་ཆགས་མང་པོའི་ཤ་ཁྲག་རུས་གསུམ་དེ་བོད་སྨན་གྱི་རྒྱུ་ཆ་ཡོད་ན་མེད་ན་ཤ་སྟག་རེད། དེའི་ཕྱིར་ན་བོད་སྨན་མཚན་ཉིད་ཚང་བ་ཞིག་བཟོདགོས་ན་ཚེ་སྲོག་ཐོག་གི་ཉེས་ཆད་དམ་ཚེ་བཙོན་གྱི་ཉེས་ཆད་གང་རུང་ངེས་པར་དུ་འབབ་ངེས་རེད།
དེ་བཞན་དུ་གཏེར་རྫས་སྡེ་ཚན་གྱི་ནང་ནས་དངུལ་ཆུ་སོགས་མིའི་ལུས་ཁམས་ལ་ཧ་ཅང་གནོད་པའི་རྫས་མང་བས་སྔོན་མ་སི་ཝི་སི་སོགས་སུ་ཁྲིམས་ཐོག་ནས་ཉེས་ཆད་ཕོག་མྱོང་ལྟ་བུ་རེད།
ལག་ལེན་གཞན་གྱི་ཕྱོགས་ནས་ཀྱང་མིའི་ལུས་ཁམས་ལ་གནོད་འཚེ་མ་གཏོགས་ཕན་པ་མེད་པ་ཚུགས་འཇོག་པ། མེ་བཙས་བསྲེགས་པ། ཁྲག་གཏར་བ་སོགས་དེང་དང་སྦས་སྐུང་གསང་གསུམ་གྱི་ཅི་ནུས་བྱེད་བཞན་ཡོད་པ་ལྟ་བུ་རེད།
བོད་སྨན་ནི་རྨོངས་དད་ཆོས་ལུགས་ཀྱི་ཆ་ཤས་ཙམ་ལས་གང་ཡང་མ་རེད། བོད་སྨན་གྱི་ནང་དུ་ལྟས་བརྟག་པ། རྨི་ལམ་བརྟག་པ། དབང་ལུང་ཞུ་བ། ལྷ་སྲུང་ལ་ཕྲིན་ལས་བཅོལ་བ་སོགས་དད་མོས་ཁོ་ན་གཞིར་བཞག་དགོས་པ་ཧ་ཅང་མང་སྟབས་འདི་ལ་ཚན་རིག་དང་མཐུན་པའི་རིན་ཐང་ཆེར་མ་མཐོང་།
དེའི་ཕྱིར་ན་བོད་ཀྱི་རིག་གནས་ཤིག་གི་ནང་ནས་ང་ཆེས་མི་མོས་ས་དེ་ནི་བོད་སྨན་འདི་ཡིན།
བོད་སྨན་ལ་རྒྱུ་ལྷག་ཅིག་གཤག་བཅོས་ནུས་པའི་ལག་རྩལ་མེད། བོད་སྨན་ལ་ཆམ་པ་ཞིག་དྲག་པའི་སྨན་རྫས་མེད། བོད་སྨན་ལ་མཛུབ་མོའི་རྨ་ཞིག་དྲག་པའི་ཐབས་ཤེས་མེད།
ངས་ཏུན་ཧོང་གཏེར་ཡིག་གཅིག་ལ་མཇལ་བཞིན་ཡོད། མེ་བཙའི་བཅོས་ཐབས་ཀྱི་གཞུང་ཞིག་རེད། གསང་མིག་ལྔ་གཅིག་དང་མེ་བཙའི་ཕྲ་སྦོམ་ཞིབ་དཔྱད་འདུག་ཅེས་གོ་ཤུལ་གྲགས་པ་འབྱུང་གནས་ལགས་ཀྱིས་མཚམས་སྦྱོར་བྱས་འདུག གཞུང་རང་གི་མཇུག་བྱང་དུའང་དཔྱད་ཡིག་འདྀ་ནི་ཕྱག་སྦལ་ན་ཡང་མྱེད་དེ། དཔྱད་ཡིག་ཐམས་ཅད་འདུས་པའྀ་སྟེང་ཞང་ཞུང་གྱྀ་དཔྱད་ཕུགས་པ་དང་། སྦྱར་ཏེ་བགྱྀས་པ་ལགས་སོ། ཅེས་བཀོད་འདུག ད་དུང་གཞན་ཞིག་ཀྱང་འདུག་པ་གོ་ཤུལ་བས་ནད་རིགས་ཉེར་དགུའི་བཅོས་ཐབས་དང་། ནད་ཀྱི་རྒྱུ། ནད་རྟགས། ཟས་སྤྱོད། སྨན་གྱི་རྒྱུ་ཆ་སྣ་ཚོགས་བཅས་གསལ་བར་ལག་ལེན་མྱོང་གྲུབ་ཅེས་མིང་བཏག་ནས་མཚམས་སྦྱོར་བྱས་ཤིང་། གཞུང་རང་གི་མཇུག་བྱང་དུ་སྨན་གྱི་དཔྱད་དང་ཐབས། ཆི་བགྱི་འོ་འཚལ་འདྀ། ལ་འབྱུང་བ་བཞིན་དུ་བགྱིས་ན་སྨན་རབོ། ཡི་གེ་བ་ནྀ་ཞུས་སྟེ་མ་ནོངསོ། ཞེས་བཀོད་པ་ཧ་ཅང་གི་རྩ་ཚེན་གཉིས་ལ་བལྟ་བཞིན་ཡོད།
རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་བྱ་དགོས་ཀྱི་ཁོ་རང་མི་འདུག་ག དཔེ་ཆ་ལྟོས།
ཡང་སྤོབས་པས་སྦོབ་ཤོབ་བཤད་ཀ ང་ཚོ་ཕྱི་རྒྱལ་ལ་མ་སླེབས་པའི་སྔོན་ལ་ན་ཚ་གང་བྱུང་ལ་བོད་སྨན་བསྟེན་ནས་དྲག་བསྐྱེད་བྱུང་བསྡད་པ་རེད་ཀོ ང་ལ་མཚོན་ན་ཆུང་ཆུང་སྐབས་རྐང་བ་ན་རྒྱུ་ཞིག་ཡོད། རྒྱ་སྨན་མང་པོ་བསྟེན་མྱོང་། དེ་ཡང་ཟི་ལིང་ལ་མཚོན་ན་སྨན་ཁང་ཆེན་པོ་དེ་འདྲ་ལ་བསྟེན་མྱོང་། རྒྱ་སྨན་མང་པོ་འཐུང་ཡང་མྱོང་། དྲག་བསྐྱེད་མ་བྱུང་བར་བོད་པའི་བླ་རྒན་ཞིག་གིས་བོད་སྨན་ཐུན་བདུན་བྱིན་པ་འཐུང་ནས་རྦད་དེ་སངས་དྲག་བྱུང་མྱོང་། སྨན་དེའི་མིང་ལ་སླེ་བྲེ་གསུམ་ཐང་ཟེར། སྨན་དེ་སྡེབ་སྐབས་སྨན་གཞུང་རང་ན་སྨན་སྣ་བཅུ་གསུམ་གྱིས་སྡེབ་སྦྱོར་བྱེད་དགོས་པ་འདྲ། འོན་ཀྱང་ང་ལ་སྨན་སྤྲོད་མཁན་དེའི་ཙན་ཏན་དམར་བོའི་ཁ་ཚར་རྒྱག་གི་ཡོད་འདུག དེ་ཡང་ཁོང་གི་དགེ་རྒན་དེས་བོད་སྨན་མང་བོ་ཞིག་ལ་ཁ་ཚར་རྒྱག་པའི་ལག་ལེན་ཞིག་འདུག་པ་དེའི་ལག་རྒྱུན་ནས་ཡོང་བ་ཞིག་རེད། འདི་འདྲའི་རིགས་མང་ནི་རེད་ཀོ ཕྱི་རྒྱལ་ལ་སླེབས་པ་ནང་ནང་ཁུལ་ལ་སྐྱོན་བརྗོད་བྱེད་པ། རྒྱ་མི་སླེབས་པ་དང་བོད་ལ་འཐབ་རྩོད་བྱེད་པ། འདི་དག་ནི་ཅབ་ཆུང་ཟེར་བ་ངོ་མ་དེ་ཡིན་པ་རེད་ཀོ
སྤྱིར་བཏང་སྨན་ཟེར་བ་དེར་ཡིད་བརྟོན་ཆེར་མེད་པ་འདྲ།ན་ནིང་ལུས་སེམས་སྲོག་གི་འཚོགས་འདུའི་སྟེང་ནུབ་ཕྱོགས་ཨ་མི་རི་ཀའི་སྨན་པ་སྐད་གྲགས་ཆེ་ཤོས་གཉིས་གསུངས་ན།དེང་རབས་ཚན་རིག་གི་སྨན་དེ་ཚོའང་ནུས་པ་བརྒྱ་ཆ་༥༠ནད་པའི་རྣམ་རྟོག་གིས་འདོན་དགོས་པ་རེད་མ་གཏོགས།སྨན་ཁོ་རང་ལ་ན་ཚ་དེ་དྲག་བསྐྱེད་ཀྱི་ནུས་པ་བརྒྱ་༥༠ཙམ་ཡོད་མཁན་ཡང་ཉུང་ཉུང་རེད་ཅེས་བཤད་སོང་།
བོད་སྨན་ལ་དེང་རབས་ཀྱི་སྨན་པས་ཁྱོན་ནས་གླག་མི་ཁེལ་བའི་ན་ཚ་ཁག་ཅིག་ལ་བོད་སྨན་གྱིས་ཕན་པ་དངོས་སུ་མཐོང་སོང་།དཔེར་ན།རྩ་དཀར་ན་ཚ་དང་རླུང་ནད།གཟའ་ནད།ཁྲག་ནད་སོགས་ལ་བོད་སྨན་ཧ་ཅང་ཕན་པོ་ཡོད་པ་མ་ཟད།ནུབ་ཕྱོགས་པ་རང་གི་ངོ་ཤེས་མང་པོ་ཅིག་གིས་དེང་རབས་ཀྱི་སྨན་ལ་ཡིད་ཆད་ནས་བོད་སྨན་ལ་རེ་བཅོལ་གྱིས་དྲག་བསྐྱེད་ཡོང་བའང་མཐོང་སོང་།
བོད་སྨན་ནང་སྲོག་ཆགས་ཀྱི་སྨན་སྣ་མང་པོ་དགོས་མཁོ་ཡོད་པའང་བདེན་པ་རེད་དེ།དེ་ནི་སྨན་གྱི་ཆ་ཤས་གཅིག་རེད།ཆ་ཤས་གཅིག་གི་ཉེས་པ་བགྲངས་ཏེ་བོད་སྨན་ནག་པོ་བཟོས་པ་ནི།མི་གཅིག་གི་ནག་ཉེས་ཀྱིས་མི་ཚང་མ་གསོད་དགོས་ཟེར་བ་དང་གཅིག་པ་རེད།དེ་ནི་ཁུངས་ལུང་མེད་པའི་བྱབ་ཆུང་གི་སྐད་ཆ་རེད།བོད་སྨན་ལ་སྔོ་སྣ་ཚོགས་དང་རྩི་ཤིང་།རྡོ་དང་ལྕགས་ཚུན་ཧ་ལམ་དངོས་པོ་མཐོང་ཚད་སྨན་དུ་བསྡེབས་ཐུབ་བཞིན་ཡོད།
གཏར་བསྲེགས་སོགས་དེང་རབས་སྨན་ནང་གིའང་ལག་ཐབས་ཡོད་ན་མེད་ན་ཅིག་རེད།དཔེར་ན།དེང་སང་གཉན་ཁ་རིགས་ལ་ལམ་སེང་གཤགས་བཅོས་ཆུང་ཆུང་རེ་བྱེད་ཀི་ཡོད་ལ།འབྲུམ་གྱི་རིགས་གློག་བེད་སྤྱོད་ཀྱིས་བསྲེགས་འཇོག་གི་རེད།དེ་ཚོ་དངོས་ཡོད་མཐོང་ཆོས་རེད།
རྨི་ལྟས་འཕྲིན་བཅོལ་རིགས་ཅན་པོ་ཧ་ཅང་བདེ་མོ་ཡོད་རེད།དེང་སང་མི་མང་ཆེ་ཤོས་ཤིག་ལ་ན་ཚ་སྡུག་ཤོས་ལུས་ནད་མིན་པར་སེམས་རྣམ་རྟོག་གི་ན་ཚ་ཡིན་པ་རེད།དེང་སང་གི་གསོ་རིག་སེམས་ཁམས་རིག་པ་ནུབ་ཕྱོགས་སུ་དར་སྲོལ་ཧ་ཅང་ཆེ་བའང་རྒྱུ་མཚན་དེ་འདྲར་བརྟེན་ཡོད་པས།ན་ཚ་དེ་རིགས་ལ་གོང་གི་དེ་ཚོ་ཕན་པ་ཆེན་པོ་ཡོད་རེད།
ད་དུང་བོད་སྨན་ནང་གདོན་དང་གྲིབ་སོགས་ང་ཚོ་མིས་དངོས་སུ་མཐོང་མི་ཐུབ་པའི་སེམས་ཅན་དང་སྲོག་ཆགས་རིགས་དང་།རང་བྱུང་གི་ནུས་པ་སོགས་ཀྱིས་གནོད་འཚེ་འགོག་ཐབས་ཀྱང་མང་པོ་གསུང་ཡོད་པ་རེད།
ང་རང་ངོ་ཤེས་པ་ཨ་ནེ་ཅིག་ཡོད།མཆིན་པ་ན་ཚའི་དབང་གིས་ཉམ་ཐག་པར་གྱུར་འདུག།ཅན་དེ་སྒར་གྱི་སྨན་ཁང་ཡག་ཤོས་ཤིག་ནས་ད་ཁྱེད་རང་ལ་ཟླ་བ་ཁ་ཤས་ཀྱི་ཚེ་མ་གཏོགས་མི་འདུག་པས།འཆི་བར་གྲ་སྒྲིག་དགོས་པ་ལབ་འདུག།ཕྱིར་འཁོར་ཏེ་ཨམ་ཆི་ཡེ་ཤེས་དོན་ལྡན་རྩ་ནས་གཡུ་རྙིང་རྐྱང་འཐུང་སྟེ་ད་ཆ་ཧ་ལམ་སངས་དྲག་སོང་ཡོད་པ་མ་ཟད།ཕྱི་ནས་བལྟས་ཙམ་གྱིས་ན་ཚ་ཡོད་མཁན་འདྲ་བོ་ཁོ་རང་མེད་པ་རེད།སྔོན་མའི་སྨན་ཁང་ནས་བསྐྱར་དུ་བརྟག་དཔྱད་སྐབས།ཨ་ནེ་ཧ་ལམ་སངས་དྲག་སོང་བར་རྒྱ་གར་སྨན་པ་དེ་ཚོ་ཧ་ལས་ཡ་མཚན་ཆེན་པོ་གནང་གི་འདུག།དེ་དངོས་ཡོད་མཐོང་ཆོས་སུ་ཡོད་པ་དེ་རེད།དེ་འདྲ་ཡོད་བཞིན་ཁས་ལེན་མེད་མདོག་མདོག་ནི་ཆགས་སྡང་ཁོ་ན་རེད།དེ་ཚོ་ལ་ཐབས་ཤེས་མེད་རེད།ཁོ་རང་ཚོ་སྨྱོན་པ་ལ་བརྩིས་ཏེ་ཟུར་དུ་བཞག་ན་ཡག་ཤོས་རེད།ཧཧ
སྤོབས་པ་མཐའ་ཡས་ཀྱིས་རྒྱ་གར་གྱི་ཚེ་ཡི་རིག་བྱེད་ཀློག་ཙམ་ཡང་བྱས་མྱོང་མེད་པ་ཐག་གིས་ཆོད།བོད་སྨན་དང་དེ་གཉིས་ཁྱོན་ནས་འདྲ་བོ་མི་འདུག།མི་བདེན་ན་ལྟོས་དང་།
སྤོབས་མཐའ་འདི་སྔོན་མ་ནས་བོད་སྨན་ལ་མེད་རབས་རྐྱང་བཤད་སོང་ཁག་མེད་དེང་སང་ཁོ་བསྡོད་སར་མེད་ཅིང་ཕྱི་ལུགས་སྨན་ཁོ་ནར་བསྟེན་ཏེ་གཡོགས་རྒྱུགས་ཞིག་ལ་མཚོན་ན་དེ་འདྲ་བསམ་སྲིད། དྷ་རམ་ས་ལའི་བོད་སྨན་ཁང་དང་སྐུ་ཡི་བླ་སྨན་རྩར་ཉིན་ལྟར་ཕྱི་ནང་མི་རིགས་མང་པོས་བང་བསྒྲིགས་ཏེ་སྨན་གཏུག་བྱེད་མཁན་ཐམས་ཅད་རྨོངས་དད་པ་ཡིན་གྱི་རེད། དེའི་ནང་དུ་རྒྱ་གར་དང་ཕྱི་རྒྱལ་གྱི་ཚན་རིག་པ་དང་ལྷ་རྗེ་ཚོངས་དཔོན་རྩེད་རིགས་མཁས་པ་སོགས་མང་དག་འདུག དྷ་རམ་ས་ལའི་ཚོགས་སྡེ་ཁག་ནས་རྒྱུ་ཕྱུག་ཤོས་དངུལ་མང་ཤོས་དེ་སའམན་རྩིས་ཁང་མ་རེད་དམ། སྲིད་སྐྱོང་བློ་སེང་གིས་ཚོགས་སྡེ་ཁག་ནས་རང་ཁ་རང་གསོ་བྱེད་མཁན་དེ་སྨན་རྩིས་ཁང་རེད་ཟེར་བ་གོ་མ་མྱོང་ངམ། ཚོང་གཅིག་བརྒྱབ་ནའང་ཚོང་རྫས་དེ་རྫུས་མ་དང་ཕན་ཐོགས་མེད་པ་ཞིག་ཡིན་ན་ཚོང་ཁང་དང་ཚོང་རྫས་དེར་སླར་ཡང་ཚ་འགག་བརྒྱབ་སྲིད་དམ། ད་དུང་བོད་སྨན་དེ་རྒྱ་གར་གྱི་ཚེ་ཡི་རིག་བྱེད་ཀྱི་སྡེ་ཚན་ཡིན་ན་ཅིག་ཟེར་ཁ་བྱེད། བློ་མིག་རྒྱ་ཁབ་ལས་ཀྱང་དོག་པ་ལོ་རྒྱུས་ཀྱི་རྒྱུས་མངའ་སྤུ་རྩེ་ལས་ཀྱང་ཕྲ་བ་སྙིང་རྗེའི་ཡུལ་རང་རེད།
བོད་སྨན་ངོ་མ་ཞིག་དེང་སང་བཟོ་དཀའ་མོ་རེད། བོད་སྨན་གྱི་རྒྱུ་ཆ་མང་ཆེ་བ་ནི་ཁྲིམས་འགལ་གྱི་ཐོན་རྫས་ཡིན་པ་དང་། མང་པོ་ཞིག་ནི་ལུས་ཕུང་ལ་གནོད་པས་ཁྲིམས་ཐོག་ནས་ཀྱང་དགག་བྱ་ཡོད་པ་ཤ་སྟག་རེད། དེ་བཞིན་ལག་ལེན་གྱི་སྟེང་ནས་མེ་བཙའ་འཇོག་པ། ཚུགས་འཇོག་པ། ཁྲག་གཏར་བ་སོགས་གདོད་མའི་ཀླ་ཀློའི་ཆོ་ག་མང་པོ་ཞག་ཡོད་པ་དེ་ཚོ་དེང་སང་སྦས་སྐུང་མ་བྱས་ན་ལམ་མི་རག་པ་གསལ་པོ་རེད། དེང་སང་བོད་སྨན་རྫུན་མའི་ཐོན་སྐྱེད་འདི་བོད་ཀྱི་ཆབ་སྲིད་གནས་སྟངས་དང་། ནང་ཆོས་ཀྱི་མཚན་སྙན་ལ་བརྟེན་ནས་ཚོང་འགྲེམ་གྱིས་མི་ཐེབས་ཆག་ཁ་ཤས་ཤིག་གི་ལྟོ་གོས་འཁྱོལ་གི་ཡོད་པ་བདེན། དེ་ནི་གནས་སྟངས་ཡག་པོ་ཞིག་ཅང་མ་རེད། རྗེ་མི་ལའི་མགུར་དུ། ཆོས་མཁས་པ་མི་བྲིན་ཟོག་པོ་བྲིན། ཞེས་པ་དང་མཚུངས།
ང་རང་ལ་མཚོན་ན། བོད་ནི་གནའ་བསྐལ་བ་ནས་གསོ་རིག་འཕེལ་རྒྱས་བྱུང་ཡོད་པའི་ལུང་བ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དཔེར་ན། ནད་པའི་ཐོག་མ་ཤེད་ལས་སྐྱེ། ནད་ཀྱི་ཐོག་མ་མ་ཞི་བ། སྨན་གྱི་ཐོག་མ་ཆུ་འཁོལ་ཡིན་ནི་བོད་ཀྱིས་མེས་པོ་ཚོས་གསོ་དཔྱད་ལག་ལེན་ནང་བཏབ་པའི་དཔེར་མཚོན་རེད། དེ་མིན་གཞན་ལབ་མ་དགོས་པར་བོད་རྒྱལ་སྟག་རི་གཉན་གཟིགས་ཀྱི་སྤྱན་ལ་གཤག་བཅོས་བཏང་ནས་ལེགས་འགྲུབ་བྱུང་བ་ནི་ཧ་ལམ་འཛམ་གླིང་གི་ཐོག་མའམ་སྔ་ཤོས་ཡིན་སྲིད། སྐབས་དེར་བོད་ཀྱི་རྒྱལ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་སྐྱོང་བའི་དུས་ཡིན་པ་ཞོར་འཕྲོས་ཙམ་ཡིན།
གདོད་མའི་མིའི་ནུ་མས་བྱིས་པ་གསོ་སྐྱོང་གནང་གིན་ཡོད། ལམ་སྲོལ་རྙིང་པ་འདི་ད་ལྟ་འང་འགྲོ་བཞིན་པ་ཡིན། ངས་ཁུངས་སྣེ་བཙལ་ནས་གཞུང་གཉིས་བཀོད་ཡོད་ལ། རང་གིས་འཐུང་འདོད་ཆུ་བཅུས་ནས་བླུགས་ཡོད།
རང་གི་གཅེས་པའི་མི་ཞིག་བོད་སྨན་གྱིས་སྲུང་སྐྱོབས་མ་ནུས་པར་ཤི་བ་ཡིན་ན། དེ་ནས་བཟུང་བོད་སྨན་ལ་དགྲ་ཁ་གཏད་དུ་ལངས་བགྱི་མེད། ཕྱི་ལུགས་སྨན་ལ་གནས་སྟངས་འདི་འདྲ་ཡོད། མིའི་མཁལ་མས་མི་སྲུང་སྐྱོབས་བྱ་གིན་ཡོད། ལྟོས་འཇག་གིས་ཁྲིམས་མཐུན་དང་ཁྲིམས་འགལ་དུ་འགྱུར་གྱིན་ཡོད། དེང་སྐབས་ཆབ་སྲིད་ཀྱི་དཀའ་ངལ་ལས་བོད་དོན་ཡང་འགའ་ཤས་ཁྲིམས་འགལ་དུ་གྱུར་འགྲོ་གིན་ཡོད། སྨན་རྫས་ལ་ཡང་དེ་ལྟར་དུ་སོམས་ཤིག འོག་གི་ཟླ་མེད་ཀྱི་ཚིག་དུམ་འདི་ལ་བལྟ་རོགས།
ཕྱི་རྒྱལ་ལ་སླེབས་པ་ནང་ནང་ཁུལ་ལ་སྐྱོན་བརྗོད་བྱེད་པ། རྒྱ་མི་སླེབས་པ་དང་བོད་ལ་འཐབ་རྩོད་བྱེད་པ། འདི་དག་ནི་བྱབ་ཆུང་ཟེར་བ་ངོ་མ་དེ་ཡིན་པ་རེད་ཀོ
གཅིན་གྱི་བརྟག་ཐབས་ཉམས་བཞིན་འདུག འདི་ནི་སེམས་སྐྱོ་ནས་བཤད་མ་ཤེས་པ་འདུག རང་གི་སྐྱེས་སྨན་གྱི་སྟུ་ལྡོགས་ནུས་ནའང་ནད་པ་ཉམ་ཐག་གཞན་གྱི་གཅིན་ལྕེས་མྱོང་ཐུབ་ཀྱིན་མེད་པ་རེད། དེང་གི་ཀླ་ཀློ་ཚོས་སྟུ་ཁུ་ལ་དབྱེ་འབྱེད་གནང་གིན་འདུག གནའ་རབས་ཀྱི་མིས་སྟུ་ཁུར་དབྱེ་འབྱེད་དེ་ཙམ་གནང་གི་མེད།
ཨོ་ཡ།ད་གང་ལྟར་ཀྱང་བོད་སྨན་གྱིས་ནད་མང་པོར་ཕན་བཞྀན་པ་ནི་དངོས་གནས་རེད།འོན་ཀྱང་།མ་འདང་ས་དང་ཡར་རྒྱས་སུ་གཏོང་དགོས་པ་ནི་ཏན་ཏན་ཡོད་རྒྱུ་རེད།ཡར་རྒྱས་སུ་མུ་མཐུད་གཏོང་དགོས་ངེས་ཤིག་རེད།དེ་ནས་སྤོབས་པ་མཐའ་ཡས་ནས་ད་ག་ཟིག་གསུང་བཞིན་པ་རེད།དེ་ལ་རྣམ་པ་ཚོས་ནན་ཏན་དེ་འདྲ་གང་གནང་དགོས་མེད་རེད།
བོད་སྨན་གྱིས་གཅིན་བརྟག་རྒྱུ་ལས་སོགས་ཉམས་པར་བྱེད་པ་ནི་རང་ཉིད་ལ་ལུང་པ་རང་དབང་དང་ཁྲིམས་ཀྱིས་དབང་བསྒྱུར་བྱེད་སའི་ཁོར་ཡུག་མེད་པའི་རྐྱེན་གྱིས་རེད། རང་ཉིད་ལ་དབང་ཆ་ཡོད་ན་དངུལ་ཆུ་དང་སེམས་ཅན་གྱི་རུས་པ་ལས་སོགས་བརྟག་ཐབས་དང་སྨན་རྫས་དེ་རིགས་ཁྲིམས་འགལ་ཆགས་དགོས་དོན་མེད། སེམས་ཅན་གྱི་ཤ་རུས་པགས་པ་ནང་ཁྲོལ་སོགས་ཀྱི་སྨན་རྫས་དེ་དག་ཀྱང་རི་དྭགས་དངོས་སུ་བསད་ནས་བེད་སྤྱོད་དགོས་པ་མེད་རང་བཞིན་གྱིས་ཤི་བ་དང་སྤྱང་ཀི་ལས་སོགས་ཀྱིས་བསད་པ་དང་ཁ་བརྡིབ་ལས་སོགས་རང་འབྱུང་འབྱུང་བའི་རྐྱེན་གྱིས་ཤི་བ་ལས་ག་ཚོད་མང་མང་བརྙེད་ཐུབ་ཀྱི་རེད། སེམས་ཕྲལ་དགོས་དོན་མེད། འགའ་ཞིག་གིས་བོད་སྨན་གྱིས་ཕན་མི་ཐོགས་རབས་མང་པོ་ཤོད་པ་ནི་བྱབ་ཆུང་རི་བོང་བཅལ་འདྲོག་གི་བསམ་ཚུལ་རང་རེད། འོན་ཀྱང་བོད་མི་རིགས་འདི་ཨང་གསར་ཆེ་དྲགས་ནས་རང་གི་ཡོད་ཚད་གཞན་ལ་གཏུག་རྐྱང་བྱེད་པ་ནི་ཆོས་ལུགས་ཀྱི་ཆགས་སྡང་རང་ཁ་བ་ལས་བྱུང་བའི་རྒྱུ་རྐྱེན་རེད།
བོད་པའི་ཆོས་ཀྱིས་ཛམ་གླིང་གི་མི་མང་པོའི་སེམས་ལ་ཕན་ཐུབ་དང་། བོད་སྨན་གྱིས་ཀྱང་མི་མང་པོའི་ལུས་སེམས་གཉིས་ཀ་ལ་ཕན་ཐུབ་པ་ལ་ཐེ་ཚོམས་བྱེད་མི་དགོས།