ཁང་སྨིན་གྲོལ་རྒྱ་མཚོ།
གནས་ལུགས་ཀྱི་ངོས་ཟབ་ས་ཞིག་ནས་ང་ཚོས་ཞིབ་འདངས་བྱེད་སྐབས་མི་ཞིག་ལ་མཚོན་ན་ཤེས་ཡོན་ཡོད་མེད་ཇི་ལྟར་ཡང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་ཤེས་མིན་ནི་གཙོ་བོ་རང་གི་ཁེ་ཕན་དང་འབྲེལ་བའི་ཐོབ་ཐང་བརྩད་རྒྱུ་དེ་མ་ཡིན་པར། རང་ཉིད་ལས་གཞན་པའི་མི་བུ་ཚོའི་ཚེ་སྲོག་ལ་མཐོང་ཆེན་དང་བརྩི་བཀུར་བྱེད་རྒྱུ་དེ་རེད། ངས་སྐད་ཆ་དེ་འདྲ་ཞིག་བཤད་དོན་ནི། འཛམ་གླིང་སྤྱི་ཚོགས་ཀྱི་གྲུབ་ཆ་གང་ཞིག་ཡིན་རུང་མི་རྣམས་ཀྱི་ངག་ནས་འགྲོ་བ་མིའི་ཐོབ་ཐང་ཞེས་ཡང་ཡང་གླེང་གི་ཡོད་ནའང་། གནད་དོན་དངོས་ལ་ཐུག་སྐབས་རང་གི་ཁེ་ཕན་དང་འབྲེལ་བའི་ལས་དོན་ཉག་ཅིག་བསྒྲུབས་པ་ལས་ཕ་རོལ་བའི་ལངས་ཕྱོགས་དང་། རྙེད་དཀའ་བའི་ཚེ་སྲོག་ལ་རིན་ཐང་སྤྲད་རྒྱུ་ནི་ཧ་ལམ་སྲིད་མཐའ་ཙམ་དུ་གྱུར་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་གཞན་གང་ཡང་མ་ཡིན་པར་ཡོད་ཚད་རང་ཉིད་ལ་འཐོབ་རུང་བའི་ཧམ་སེམས་ཀྱིས་བྱས་པ་ནི་ཧ་ཅང་གསལ་པོ་རེད།
འཛམ་གླིང་གི་སྤྱི་ཚོགས་གང་ཞིག་ལ་བལྟས་ཀྱང་ལྐོག་ཟ་རུལ་སུང་དང་། བཙན་འཛུལ་གཉའ་གནོན། རྡུང་འཕྲོག་བཅོམ་གསུམ་རྩ་ནས་མེད་པའི་དེང་རབས་ཀྱི་སྤྱི་ཚོགས་ཤིག་ཧ་ལམ་སྲིད་མཐའ་ཙམ་དུ་གྱུར་ཡོད་ནའང་། དེའི་ཁྲོད་ནས་ཀྱང་མི་བུ་ཉམས་ཆུང་དང་། ཤེས་ཡོན་ཅན། དྲང་བདེན་ཅན། དམངས་གཙོ་ཅན། ཆོས་ལུགས་ལ་བློ་ཁ་ཕྱོགས་པ་ཚོར་ཆེས་སྡང་བ་ནི་རྒྱ་ནག་གི་སྲིད་གཞུང་གཙོ་བོ་རེད་ཅེས་བཤད་ཆོག་སྟེ། ཉེ་བའི་ལོ་ཤས་རིང་རྒྱ་ནག་གི་དཔལ་འབྱོར་ཅུང་འཛམ་གླིང་ཁྲོད་ནས་ཡར་ཐོན་ཅན་དུ་གྱུར་བ་ནས་བཟུང་། ཁོང་ཚོས་ནམ་ཡང་ཕྱོགས་གང་ཐད་ནས་རང་ལྟ་མཆོག་འཛིན་གྱི་ལངས་ཕྱོགས་མཁྲེག་པོ་ཞིག་བཟུང་ནས་ཡོད་པས། གལ་སྲིད་མིག་སྔར་དེ་དང་འགལ་ཟླར་གྱུར་པ་ཞིག་བྱུང་ཚེ་མི་སྒེར་དང་། ཚོགས་པ་གང་ཞིག་ཡིན་རུང་དེར་ལྕགས་སྒྲོག་འགའ་དང་། ཡང་ན་མདེའུ་འགའི་འགྲོ་གྲོན་གཏོང་རྒྱུ་ནི་ཆེས་རྒྱུན་ལྡན་དུ་གྱུར་ཡོད་དེ།
དཔེ་མཚོན་ཙམ་བཞག་ན། ཉིས་སྟོང་བརྒྱད་ལོར་བོད་ཀྱི་རྒྱལ་ས་ལྷ་ས་དང་། ཨ་མདོ་རྔ་བས་མཚོན་པའི་རང་གི་མི་རིགས་དང་། རྒྱལ་ཁབ་ལ་ཤ་ཞེན་གྱི་ཚོར་ཤུགས་ཆེས་རྣོ་བའི་གྲོང་ཁྱེར་དང་གྲོང་བརྡལ་མང་པོའི་ནང་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་། རྩོམ་འབྲི་རང་དབང་། ཆོས་ལུགས་ཀྱི་རང་དབང་རྩོད་ལེན་བྱེད་པའི་གོ་རིམ་ཁྲོད་སློབ་ཆུང་སློབ་མ་ནས་བཟུང་ཞིང་པ་དཀྱུས་མའི་དབར་རང་དབང་དང་དམངས་གཙོ་ལ་དགའ་བའི་ཚེ་སྲོག་མང་པོ་ཞིག་ལ་ཁྲག་དྲི་བྲོ་བའི་དྲག་གནོན་ཡ་ང་བ་བྱས་དང་བྱེད་བཞིན་པ་དེ་རེད། འོན་ཀྱང་ཆེས་ཡ་མཚན་པ་ཞིག་ལ། ད་ལོ་ནས་བཟུང་མེ་མདའ་དང་ལྕགས་སྒྲོག་གི་འོག་ཏུ་ཚུད་ནས་ཡོད་པའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་རང་གི་འཐབ་རྩོད་ཀྱི་ཁ་ཕྱོགས་གཞན་ཞིག་བདམས་ཡོད་པ་ནི། ལོ་རྒྱལ་གཅེས་དཔའ་བོ་སྐུ་ཞབས་བཀྲ་བྷེ་ནས་བཟུང་ཟླ་ ༡༡། ཚེས་ ༤། སྟེ་དེ་རིང་ཞོགས་པ་བོད་ནང་གི་ཆུ་ཚོད་བཅུ་དང་ཕྱེད་ཀྱི་སྟེང་རང་ལུས་མེ་མཆོད་དུ་འབུལ་མཁན་ཨ་མདོ་རེབ་གོང་གི་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་གྲུབ་སོགས་རྒྱལ་གཅེས་བ་དྲུག་ཅུ་རེ་བཞིས་རང་གི་ཚེ་འདིའི་ཡོད་ཚད་བློས་བཏང་སྟེ། གཅེས་པའི་ཚེ་སྲོག་མེ་ལྕེར་བསྟིམས་པའི་འཚེ་མེད་ཀྱི་བྱ་འགུལ་ཞིག་ལ་རེ་བ་ཡིད་ཆེས་ཆེན་པོས་མངོན་པར་ཞུགས་དང་འཇུག་བཞིན་པ་དེ་ཡིན་ལ། ཁོང་ཚོས་ཚེ་སྲོག་ལ་ཆེ་མཐོང་གཏན་ནས་མེད་པའི་སྤྱི་ཚོགས་ཤིག་གི་ཁྲོད་ནས་འགྲོ་བ་མིའི་ཐོབ་ཐང་དང་། མིའི་གཞི་རྩའི་རང་དབང་རྩོད་ལེན་ཆེད་ཅིས་ཀྱང་འཚེ་བ་མེད་པའི་ལམ་དུ་འགྲོ་དགོས་པའི་མིག་དཔེ་དང་། བསླབ་བྱ་གལ་ཆེན་ཞིག་ང་ཚོའི་མིག་སྔར་ལོ་རྒྱུས་ཀྱི་རྡོ་རིང་བཀྲག་མདངས་ལྡན་པ་ཞིག་གི་ཚུལ་དུ་གྲོང་ངེར་བསླངས་ཡོད་པ་རེད།
དེ་སྔོན་རྒྱ་ནག་གི་རང་དབང་རྩོམ་འབྲི་བ་ཝང་ལི་ཞུང་གིས་བོད་ལ་རང་ལུས་མེ་བསྲེགས་གཏོང་བ་ལས་གཞན་པའི་ལས་འགུལ་གང་ཡོད་ཅེས་པའི་རང་ལན་དུ་ཁོ་རང་ཉིད་ཀྱིས་བརྗོད་རྒྱུར། དཔེར་ན། གྲོང་གསེབ་ནས་བཟུང་མི་རིགས་ཀྱི་ཐོབ་ཐང་རྩོད་དགོས་པའི་དཔེ་མཚོན་སོགས་བཤད་ཀྱིན་འདུག་ནའང་། དེ་ནི་ཁོ་རང་ཉིད་ཀྱི་འཆར་ཡན་ཙམ་ལས་བོད་ཀྱི་གྲོང་གསེབ་ཚུན་ཆད་དུ་རང་སྲོག་བློས་གཏོང་གི་བྱ་འགུལ་རྒྱུན་མར་ཡོང་བཞིན་པ་དེར་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་དྲག་གནོན་དང་། བཙོན་འཇུག ཐ་ན་གདུག་གསོད་ཚུན་ཆད་བྱེད་བཞིན་པ་ཁོས་མ་ཤེས་པ་ག་ལ་ཡིན། ད་དུང་གསུམ་བཅུའི་དུས་དྲན་ཞེས་བོད་ཕྱི་ནང་གི་བོད་མི་ཚོས་ད་ལྟའི་དབར་སྲུང་བརྩི་བྱེད་ཀྱིན་པ་དེ་བོད་ཀྱི་མང་ཚོགས་ཀྱིས་རང་གི་ཐོབ་ཐང་རྩོད་ཆེད་རྒྱ་ནག་གཞུང་ལ་ཞི་རྒོལ་གྱི་རྣམ་པས་གྱེན་ལངས་བྱས་པའི་ལོ་རྒྱུས་ཀྱི་བཤད་རྒྱུན་དེ་ཡང་ཁོས་རྒྱལ་ས་པེ་ཅིང་ནས་བརྗེད་སོང་བ་ག་ལ་ཡིན། ཡང་བཙན་བྱོལ་གི་བོད་མི་འགའ་ཞིག་གིས་བོད་ནང་དུ་ཡང་ཨ་རབ་དང་། ལི་བྷི་ཡ་སོགས་དཀྱིལ་ཤར་ཡུལ་གྲུ་ཁག་གི་ནང་འོང་བཞིན་པ་ལྟ་བུའི་དྲག་སྤྱོད་དགོས་སྐོར་བཤད་ཀྱིན་པ་ནི། བསམ་བཞིན་དུ་མིག་ལྡན་གཡང་ལ་སྐོར་བའི་གཏན་ཉིད་ལས་མ་འདས་ཏེ། དྲག་སྤྱོད་བྱེད་པ་ནི་བོད་མི་ས་ཡ་དྲུག་གི་མངོན་འདོད་མ་རེད་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་ཡང་གཏན་ནས་མ་རེད།
གལ་སྲིད་བོད་མི་འགས་བོད་དུ་རྒྱ་མི་རིགས་དང་། རྒྱ་གཞུང་ལ་དྲག་སྤྱོད་ཀྱི་ལས་ཤིག་བརྩམ་པ་ཡིན་ན། དེ་ནི་རྒྱ་གཞུང་ལ་མཚོན་ན། ལྟོག་ཤིར་ཐེབས་ལ་ཉེ་བ་ཞིག་བཅུད་ལྡན་གྱི་ཁ་ཟས་ཤིག་དང་འཕྲད་པའི་གཏམ་རྒྱུད་རང་དུ་སོང་བ་ཡིན་པས་ང་ཚོས་ཅིས་ཀྱང་རང་ཉིད་ཀྱི་ཁོང་ཁྲོར་ཚོད་འཛིན་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཡིན། ང་ཚོས་རང་ལུས་མཆོད་མེར་སྒྲོན་སྤོབས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་བླ་ན་མེད་པའི་ཆོད་སེམས་དང་། བྱ་དཀའ་བའི་བློས་གཏོང་ལ་ག་ལེར་སོམས་དང་། ཁོང་ཚོས་ཅིས་ཕྱིར་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་མི་ཚོགས་ཁྲོད་དུ་འབར་རྫས་ཁྱེར་ནས་མ་སོང་བ་རེད་དམ། ཁོང་ཚོར་དེ་ལྟར་འགྲོ་བའི་ཆ་རྒྱུས་དང་བློ་སྟོབས་མེད་སོང་བ་རེད་དམ། ཁོང་ཚོར་འབར་རྫས་ཉོ་བའི་མཐུན་རྐྱེན་མེད་སོང་བ་རེད་དམ། ཁོང་ཚོར་རྒྱ་ནག་གི་སྟེང་དུ་སྙིང་ནད་མེད་སོང་བ་རེད་དམ། ཁོང་ཚོར་རང་གི་ཕ་མེས་དང་རིག་གཞུང་གཏོར་བའི་དགྲ་བོར་སྡང་ཞེན་མེད་སོང་བ་རེད་དམ། ད་དུང་། ལྷོག་ལྷོག་ཏུ་འབར་བའི་མེ་ལྕེའི་ཀློང་ནས་མི་རིགས་འདིར་བདེན་དོན་འཐབ་རྩོད་ཀྱི་ཟིན་ཐོ་སྐྲུན་མཁན་གྱི་རྒྱལ་གཅེས་བ་ཁོང་ཚོར་ཅི་ཞིག་མེད་སོང་བ་རེད་དམ། ཡང་ན། དེ་ལས་གཞན་པའི་འགལ་རྐྱེན་ཅི་ཞིག་ཕྲད་སོང་བས་ད་གཟོད་རང་ཉིད་ཀྱིས་རང་ཉིད་མེ་རུ་བསྒྲོན་པའི་དངོས་བྱུང་གི་ལོ་རྒྱུས་འདི་བྱུང་བ་རེད།
དྲི་བ་དེག་གི་ལན་ནི་སྟབས་བདེ་ཞིག་གཏན་ནས་མིན་ནའང་། ངས་སྙིང་རྩ་འདར་གྱིན། མཆུ་འདབ་གཡོ་བཞིན། མིག་ཆུ་འཐོར་གིན། རང་གི་བསམ་གཞིགས་དང་སོར་རྩེ་རིམ་ཅན་དུ་སྒུལ་སྐབས། ད་གཟོད་ཁྱོད་ཚོའི་མིག་སྔར་བཤམས་འདོད་པ་ནི་འདི་ལྟར་ཏེ། ཁོང་ཚོར་རང་ཉིད་ལས་ཀྱང་གཞན་གྱི་ཚེ་སྲོག་ལ་མཐོང་ཆེན་བྱེད་སྤོབས་པའི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཤིག་ཡོད་སོང་བས་རེད་ལ། གཞན་ལ་འཚེ་བ་ལས་ཀྱང་རང་ཉིད་འཆི་བ་ཆོས་སུ་རྟོགས་པའི་ཤེས་རབ་ཟབ་མོ་ཞིག་ལྡན་སོང་བས་རེད་ལ། ད་དུང་། ཁོང་ཚོར་གཞན་གྱི་ཚེ་སྲོག་གཅོད་པ་ནི་རྒུད་པ་ཀུན་གྱི་རྩ་བ་ཡིན་པའི་བསམ་གཞིགས་རང་ཚུགས་ཅན་ཞིག་ཡོད་སོང་བས་རེད་ལ། མི་བུའི་ཐོབ་ཐང་དང་། མི་བུའི་ཚེ་སྲོག་ལ་གཅེས་སྐྱོང་བྱེད་རྒྱུ་དེ་ནི། རང་ཉིད་རང་དབང་དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ལ་དགའ་བའི་རྒྱུ་མཚན་མཐར་ཐུག་པ་དེ་ཡིན་པར་རྟོགས་པའི་རྣམ་དཔྱོད་རྣལ་མ་ཞིག་ལྡན་སོང་བས་མ་ཡིན་ནམ། མཐའ་དོན་སྒེར་གཅོད་ཀྱི་སྤྲིན་ཕུང་སྲེག་པའི་རང་དབང་གི་མེ་ལྕེ་ནམ་ཡང་འབར་བར་ཤོག བོད་རྒྱལ་ལོ། །