གནས་ཚུལ་མཁོ་འདོན་པ། ཁྲི་གཡུང་དྲུང་།
ཕྱི་ལོ་༢༠༡༢ཟླ་༨ཚེས་༢༤ཉིན་རྒྱ་གར་བྱང་ཁུལ་གྱི་བདེན་པའི་མེ་ལྕེ་ཤིམ་ལ་རུ་སྐོར་བསྐྱོད་ལེགས་པར་གྲུབ་སྟེ། གོང་ཚེས་ ༢༤ ཉིན་སོ་ལན་བོན་གཞིས་ས་གནས་སུ་འབྱོར་ཡོད་པ་དང་། སྐབས་དེར་བོན་གཞིས་ས་གནས་གཞིས་འགོ་དང་། བོན་གཞིས་ས་འཐུས་ཚོགས་གཙོ། རང་བདེན་ཚོགས་ཆུང་གི་ཚོགས་མི། གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་སྐུ་ཚབ། བོན་གཞིས་སྨན་རི་གྲྭ་ཚང་གི་སྐུ་ཚབ། བོན་གཞིས་བཙུན་དགོན། ས་གནས་གཞོན་ནུ་ཚོགས་པའི་ཚོགས་གཙོ། བོད་ཀྱི་བོན་པོའི་ཚོགས་པའི་ཚོགས་གཞོན་བཅས་ཀྱི་གྲུབ་པའི་“བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་”ནས་ས་གནས་ཨོ་ཇིའི་སྒར་དུ་བདེན་པའི་མེ་ལྕེ་ཕེབས་བསུ་ཞུས་ཡོད་པ་དང་། དེ་ནས་ཤིམ་ལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཚོགས་ཆུང་ནས་བདེན་པའི་མེ་ལྕེ་“བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་”ལ་རྩིས་སྤྲད་གནང་ཡོད་པ་རེད།
ས་གནས་ཨོ་ཇིའི་སྒར་ནས་ཕེབས་བསུ་གནང་སྟེ་བོན་གཞིས་སུ་འབྱོར་ཡོད་པ་དང་བོན་གཞིས་སེར་སྐྱ་མང་ཚོགས་དང་ས་གནས་ཉིན་སློབ་ཀྱི་སློབ་ཕྲུག་སོགས་མང་ཚོགས་སྟོང་ལ་ཉེ་བ་ཙམ་གྱིས་སེར་ཕྲེང་སྒྲིག་ཏེ་བདེན་པའི་མེ་ལྕེ་གདན་ཞུས་ཀྱིས་བོན་གཞིས་གསང་སྔགས་སྒོམ་སྒྲུབ་གླིང་དུ་བོན་གཞིས་ས་གནས་འགོ་འཛིན་ལགས་ནས་གཏམ་བཤད་སོགས་གནང་ནས། ཕྱི་ཚེས་༢༥ཉིན་ནས་ས་རྟགས་བསྡུ་རུབ་སོགས་ཀྱི་ལས་འགུལ་རིམ་བཞིན་སྤེལ་འཆར་ཡོད་པའི་གནས་བསྡུས་ཙམ་དུ།
བོན་གཞིས་ས་གནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གོ་སྒྲིག་ཚོགས་ཆུང་ནས།༢༠༡༢།༨།༢༤ཉིན།
བདེན་པའི་མེ་ལྕེ་ཕྱོགས་མཐའ་ཀུན་དུ་སྐོར།།
བདེན་པའི་སྙན་ཚིག་མགྲིན་པའི་ངག་ནས་གྱེར།།
བདེན་པའི་སྙན་ངག་སྷྱུ་རྩལ་ལམ་ནས་གཡོ།།
བདེན་པའི་ཕུག་བསམ་རེ་བའི་མིག་ནས་འདས།།
བདེན་པ་རྕོད་ནས་བདེན་པའི་མི་བུ་བརླག།
བདེན་པ་དེ་ཡང་རེ་ཞིག་ངོ་བོ་འགྱུར།།
བདེན་པའི་གླུ་དབྱངས་འཛམ་གླིང་ཡོངས་ལ་ཁྱབ།།
བདེན་པ་ཁྱོད་ཀྱང་སྙན་པའི་བྲག་ཅ་ཞིག།།