དྲི་བ་འབུལ་མཁན། འགར་ཁྲི་བཙན།
དྲིས་ལན་གནང་མཁན། བོན་གྱི་དགེ་བཤེས་དོལ་པོ་ཕུན་ཚོགས་ཉི་མ།
དྲི་བ། ལྷོ་གཏེར་དང་དབུས་གཏེར་སྔོན་ལ་བོན་ལ་ཐེག་དགུའི་རྣམ་གཞག་སྟོན་པའི་གཞུང་དཔེ་ཡོད་མིན་ཁ་གསལ་གསུང་རོགས།
ལན། ཡོད། གཏེར་དཔེ་དེ་དག་སྔོན་ཡོད་པ་ཞིག་ཕྱིས་གཏེར་དུ་གཟིམས་པར་བཞེད།
དྲི་བ། དུས་རབས་བཅོ་ལྔའི་གོང་དུ་ཞང་ཞུང་སྙན་བརྒྱུད་ལྟ་བུ་མན་ངག་ཉེ་ཚེ་ལས་བཀའ་དང་བཀའ་བསྟན་གྱི་དཔེ་ཆ་འབོར་ཆེན་དེང་སང་ལྟར་ཡོད་མ་རེད་ཅེས་གསུང་མཁན་འདུག་པར་དེ་འདྲ་རེད་དམ།
ལན། དེ་འདྲ་གསུང་མཁན་ཡོད་ཀྱང་། བོན་གཞུང་ལྟར་གཏེར་དུ་སོང་བ་ལ་དུས་རིམ་གཉིས་སུ་དབྱེ་ཡི་ཡོད། གཅིག་གྲི་གུམ་བཙན་པོའི་དུས་དང་། གཅིག་ཁྲི་སྲོང་གི་དུས་སུ་བཞེད་པ་ཡིན། དུས་རབས་བཅོ་ལྔ་ཙམ་མི་དགོས་དགུ་པའི་ནང་ཙམ་ལ་ཡང་བོན་དཔེ་མང་དག་ཡོད་པ་ཡིན། བདུན་པར་ཡོད་པ་ཡང་བན་ལུང་མང་དག་ཡོད།
དྲི་བ། དེང་སང་བོན་རྣམས་ཀྱི་བོན་མི་བྱེད་ནས་ཆོས་བྱེད་འདུག་ཅེས་བོན་ལ་ཞིབ་འཇུག་གནང་མཁན་ནམ་མཁའི་ནོར་བུས་གསུང་གི་འདུག་པ་དེ་ལ་རྒྱུ་མཚན་ཅི་ཙམ་ཡོད་རེད།
ལན། ནམ་མཁའི་ནོར་བུ་སོགས་ཀྱིས་འདུལ་བའི་ལམ་ལུགས་དེ་བན་ཙམ་ལས་བོན་ལ་མེད་པར་བཞེད་པ་ཡིན་ཙང་དེ་ལ་ཟེར་བར་སྙམ། དེ་ནི་ཞིབ་འཇུག་གི་མཁས་པ་སོ་སོར་གཟིགས་ཚུལ་རེ་ཡོད་ཙང་ཁོང་གིས་གཟིགས་ཚུལ་ཙམ་ཡིན།
དྲི་བ། ཡང་བོན་ལའང་གསར་རྙིང་ཁྱད་པར་ཡོད་སྐད་འདུག་པ་བདེན་ནམ། དེ་གཉིས་མི་འདྲ་ས་གཙོ་བོ་དེ་གང་ཡིན། གདོད་མའི་བོན་དང་གཡུང་དྲུག་བོན་གཉིས་ལ་ཁྱད་པར་ཨེ་ཡོད།
ལན། བོན་ལ་གསར་རྙིང་གཉིས་ཡོད། གྱེར་དབྱངས་དང་བླ་བརྒྱུད་སོགས་ལ་མི་འདྲ་བ་ཏོག་ཙམ་ལས། རྒྱུད་ཁུངས་སྟོན་པ་དང་ལྟ་བ་སོགས་ལ་གཅིག་མཚུངས་ཡིན། གཡུང་དྲུང་བོན་དང་བོན་གཉིས་ལ་མུ་གསུམ་གྱི་རྣམ་གཞག་ཡོད།
དྲི་བ། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་བེ་རོ་སོགས་ཀྱིས་སློབ་དཔོན་རིན་པོ་ཆེའི་བཀའ་བཞིན་ཆོས་བོན་ལྟར་དུ་བཅོས་ནས་གཏེར་དུ་སྦས་པར་གཡུང་དྲུང་གླིང་པ་སོགས་བྱུང་བར་གསུངས་འདུག དེ་ལྟར་དུ་བོན་རྣམས་ཀྱིས་འདོད་དམ། གོང་གསལ་དྲི་བ་ཁག་ཤེས་འདོད་ཁོ་ནས་དྲིས་པ་ཡིན་པས་ཚིག་དོན་གང་ཐད་ནས་མ་གུས་པའི་ཆ་ཐོན་འདུག་ཚེ་སྙིང་ནས་དགོངས་སེལ་དང་གུས་འདུད་ཆེན་པོས་ཕུལ།
ལན། ཀརྨ་ཆགས་མེད་ཀྱིས་གསུང་པོད་གྲངས་ ༧༠ ཡས་མས་ཤིག་ནས་ཁ་ཤས་རོབ་བཀླགས་བྱས་པ་ཡིན་དེ་འདྲ་མ་མཇལ། བཻ་རོས་བོན་བསྒྱུར་བ་ཟེར་བ་པདྨ་བཀའ་ཐང་ན་འདུག དེ་ཡང་གུ་རུའི་གསུང་ཡིན་པར་མ་གསལ་ལོ།།
སྤྱི་ལོ། ༢༠༡༦/ ༡༡/ ༡༠ ཉིན་ལ་བོན་གྱི་དགེ་བཤེས་དོལ་པོ་བ་ཕུན་ཚོགས་ཉི་མ་མཆོག་གིས་རིས་མེད་ཚོགས་ཁང་ཆེན་མོའི་ནང་འཆད་ཁྲིད་གནང་སྐབས་ཀྱི་དྲི་བར་གནང་བའི་བཀའ་ལན།
ཁྲི་སྲོང་་སྔོན་ལ་བོན་ལུགས་ཀྱི་གྲྭ་པ་སྡོམ་གཙང་ཡོད་པའི་ཁུངས་གང་ཡོད་དམ། ལགས།
དིང་སང་བོན་པོ་འགས། དབུ་ཚད་སྦྱོང་བཞིན་པ་འདི་ནི། རྗེས་སུ་ཡི་རང་ཆེན་པོ་ཡོད་ལགས།
བོན་པོ་ཚོས་རང་གི་རིག་གཞུང་བདག་གཅེས་བྱས་ཏེ་གནས་བཞིན་པ་གུས་བཀུར་འོས། ཁྱེད་ཚོ་མང་ཆེ་བས་ཆོས་ལུགས་དང་ཆོལ་ཁའི་རྙོག་དྲ་མ་བྱས་པར་བོད་མི་སྤྱི་བཞིན་གནས་བཞིན་གདའ་བས་དགའ་སྤོབས་འོས། འོན་ཀྱང་སྤྱི་འཐུས་སོགས་སུ་ཆོལ་ཁའི་དྲི་རོས་རང་རིགས་དང་རྒྱལ་ཁབ་ཀྱི་ཞབས་འདྲེན་ཞུ་མཁན་འདུག་པས་དྭོགས་ཟོན་གནང་གལ།
བོན་པོ་རྣམས་ངོ་མ་རྣམ་དཔྱོད་ཅན་རེད། ད་བར་བོད་ཀྱི་ནང་བསྟན་ལའང་དངིས་ཤུགས་རྒྱུད་གསུམ་ནས་གནས་ཚུལ་ངན་པ་སྤུ་ཙམ་མ་གོ་ཐོས་མེད། ད་དུང་བོད་རིག་གཞུང་ལ་ཤ་ཚ་ཅན་ཡིན་། བོན་བསྟན་དར་བའི་ནང་བསྟན་ལའང་ཐུགས་མཐུན་པ་༧གོང་ས་མཆོག་བཀའ་དགོངས་ལྟར་བསླབ་པ་སློབ་གཉེར་ཁོ་ནར་འབད་བརྩོན་གནང་སྟེ། ༧གོང་ས་མཆོག་ནས་བསྔགས་བརྗོད་མེ་ཏོག་བསྩལ་བར་མཛད་དོ
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་པོད་གྲངས་༧༠ ཡས་མས་ཡོད་པ་ད་ལམ་བར་མ་ཐོས། ངས་མཐོང་བའི་ཁོང་གི་གསུང་ཞིག་ནང་། རྒྱལ་པོ་དགའ་ཕྱིར་དམ་པའི་ཆོས་བསྒྱུར་ཏེ། །བློན་པོའི་ངོ་སྲུང་བོན་ཡང་བསྒྱུར་དགོས་བྱུང་། །དེ་དུས་ཆོས་ལ་བོན་མིང་བཏགས་པ་ཡི། །མང་པོ་གཏེར་དུ་སྦས་ནས་ཐོན་པ་རྣམས། །རྙིང་མའི་ཆོས་དང་ཁྱད་མེད་ལེགས་པའང་ཡོད། །དེ་ལ་བོན་གྱི་རིག་འཛིན་སྒྲུབ་པ་ཟེར། །ཞེས་སོགས་གསུངས་འདུག།