—འབྲོང་ངུར་ཕོ་ཉ།
སྐྱེས་ཆེན་གསེར་གྱི་རི་བོ་འདྲ་བ་ཞིག་ང་ཚོ་དང་བྲལ་སོང་བས་སེམས་གཏིང་ནས་སྐྱོ་བྱུང་། ཞི་དུལ་བབ་ཆགས་ཀྱི་གཤིས་ཀ་དང་། དྲང་ཚུགས་སྒམ་རླིང་གི་སྣང་བརྙན་གསོན་པོར་ངའི་དྲན་ངོགས་ནས་ནམ་ཡང་འཆར་བཞིན་འདུག ཁོང་ནི་གཡུང་དྲུང་བོན་གྱི་གཙོ་འཛིན་ཙམ་མ་ཟད་གངས་ཅན་བོད་མི་ཡོངས་ལ་བློ་དཀར་གཞུང་དྲང་གི་སྒོ་ནས་ཚེ་གང་ཞབས་ཞུ་བསྒྲུབས་མྱོང་བའི་གཟེངས་སུ་ཐོན་པའི་རླབས་ཆེན་མི་སྣ་ཞིག་ཡིན།
ཕྱི་ལོ་ ༢༠༡༤ ལོ་སྨད་དུ་ང་རང་སྨན་རི་གླིང་གི་དཔེ་མཛོད་ཁང་དུ་ཟླ་བ་གཅིག་རིང་དཔེ་ཀློག་གི་ཆེད་དུ་འགྲོ་སྐབས་རིན་པོའི་ཆེའི་གཟིམས་ཁང་ནས་ཐོག་མར་མཇལ་བ་ཡིན་ལ། ངའི་སེམས་ངོགས་སུ་བརྗིད་མི་སྲིད་པའི་བག་ཆགས་ཟབ་མོ་ཞིག་གནང་བྱུང་།
དེར་སྡོད་རིང་ཐེངས་འགའ་ཙམ་བཅར་བ་ཡིན་ལ་བླང་དོར་གྱི་ལམ་སྟོན་གནད་ལ་འབེབ་པ་འགའ་ཙམ་གནང་བྱུང་བ་དང་དེ་གའི་དཔེ་ཁང་དུ་ཟླ་བ་གཅིག་རིང་དུ་དཔེ་ཀློག་དང་སྡོད་ཁང་འཚོ་བ་བཅས་སྩལ་བྱུང་བས་ང་རང་མི་སྒེར་ཞིག་ལ་མཚོན་ནའང་བཀའ་དྲིན་བླ་ན་མེད་པ་ཞིག་ཡིན་པས་ནམ་ཡང་བརྗེད་ཐབས་བྲལ།
ཐོན་མཇལ་སྐབས་སུ་བཀའ་མོལ་ལྷུག་པོར་གནང་བ་དང་ཟླ་བ་གཅིག་གི་དཔེ་ཀློག་གི་གྲུབ་འབྲས་བཀའ་བརྩད་གནང་བས་མཚོན་ང་ལྟ་བུའི་མི་སྣ་འཁྱམས་པོ། ཆེན་པོའི་མིང་དང་འབྱོར་བ་གང་ཡང་མེད་པ་ཞིག་ལ་བརྩེ་བ་ལྷག་པར་གནང་བ་འདིས་དཔེ་ཆ་ནས་བཤད་པའི་དམ་པའི་སྐྱེས་བུའི་མཚོན་དཔེ་ངོ་མ་ཞིག་རྙེད་བྱུང་བའི་ཚོར་སྣང་ཟབ་མོ་བྱུང་ལ། ཁོང་གིས་བོད་དང་བོད་མིར་འཆང་བའི་ཐུགས་དམ་ནི་ལྷད་མེད་ཡིན་པའང་ཤེས་བྱུང་།
འཛམ་གླིང་ཡོངས་ལ་སྙན་གྲགས་ཆེ་བའི་བོད་ཀྱི་བླ་ཆེན་རྩོད་མེད་ཡོངས་གྲགས་ཤིག་ཡིན་མོད་ཆེ་ཚུགས་གཏན་ནས་མི་སྟོན་པའི་མཛད་པ་རེ་རེས་ངའི་སེམས་ལ་དགའ་དད་བཅོས་མིན་དང་ངོ་མཚར་བླ་མ་མེད་པར་བསྐྲུན་གནང་བྱུང་བ་དང་འདོད་ཆུང་ཆོག་ཤེས་དམ་པའི་རིགས་ཞེས་པའི་རྟགས་དེའང་གསལ་བོར་མངོན་ཡོང་གི་འདུག
ཉེ་ཆར་རིན་པོ་ཆེ་དགོངས་པ་བོན་དབྱིངས་སུ་ཐིམས་པ་ནི་བཟོད་མི་ཐུབ་པ་ཡིན་ནའང་འདུས་བྱས་ཀྱི་རང་བཞིན་སྟོན་པའི་མན་ངག་ཟབ་མོ་ཞིག་ཡིན་ངེས་པས། འདི་ནས་མགོན་པོ་གང་གི་སློབ་འབངས་ཡོངས་དང་ལྷན་དུ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།
འབྲོང་ངུར་ཕོ་ཉས། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༧ ལ།
༄༅། འབྲོང་ངུར་ཕོ་ཉ།
སེམས་པ་ཅི་སྐྱོ། སྐྱོ་ནས་ཕན་ངེས་མེད།
སྐྱེས་་་རྒས་་་ན་་་འཆི་གསུམ་ནི་སེམས་ཅན་ཡོད་དོ་ཅོག་ལ་
ཡོད་བཞིན་པ་རེད།
ཡོང་མཁན་ཡོང་མཁན་འགྲོ་མཁན་འགྲོ་མཁན་རེད། རྗེས་སུ་ཡོང་མཁན་
ཐམས་ཅད་འགྲོ་མཁན་རེད།
འདུས་བྱས་ཐམས་ཅན་མི་རྟག་པ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད།
ཟག་བཅས་ཐམས་ཅད་སྡུག་བསྔལ་བ་རེད།
དེ་ཡང་འཇིག་རྟེན་འཁོར་བའི་སྐྱེ་འཇིག་གི་མདོ་ལས།
སྐྱེས་པའི་མཐའ་མ་འཆི་རྒྱུ། བསགས་པའི་མཐའ་མ་རྫོགས་རྒྱུ།
འཛོམས་པའི་མཐའ་མ་བྲལ་རྒྱུ། མཐོ་བའི་མཐའ་མ་་་་ལྷུང་རྒྱུ་ཡིན་པ་
འདི་ལས་བྲལ་ཐབས་བྲོས་ཐབས་ཅི་ཡོད། ཁྱོད་ཀྱང་འགྲོ་། ང་ཡང་འགྲོ། ཁོང་ཡང་འགྲོ་།
མི་རྟག་པ་སྒོམས།
བསགས་པ་ཀུན་གྱི་མཐའ་ཟད་ཅིང༌།
བསླང་བའི་མཐའ་ནི་འགྱེལ་བར་འགྱུར།
ཕྲད་པའི་མཐའ་ནི་འབྲལ་བ་སྟེ།
གསོན་པའི་མཐའ་ནི་འཆི་བ་ཡིན།། ༢༢ །། ཆེད་དུ་བརྗོད་པའི་ཚོམས།
གསོན་ཙམ་ཉིད་ནས་འཆི་བར་ཕྱོགས། །
སྐྱེས་ཙམ་ཉིད་ནས་བང་སོར་འགྲོ །
འདུས་བྱས་སྐད་ཅིག་མ་ཡི་དོན། །
སྐྱེས་འཇིག་གནས་གསུམ་དུས་མཉམ་གསུངས། །
བོད་མིའི་བླ་སྲོག་གི་ཡ་གྱལ་གཅིག་མེད་པར་གྱུར་པར་ཡིད་སྐྱོ་ཡང་བྱ་ཐབས་ནི་སུ་ལའང་མེད། བོན་དབྱིངས་དག་པའི་དབྱིངས་ནས་གཟིགས་པ་མཁྱེན་ནོ།།
༸སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་མཆོག
ལུང་དོན་མ་ལུས་ཁོང་ཆུབ་ནས། །
རྟོགས་པའི་སྣང་བ་འབར་བའི་ངང་། །
བསྟན་པའི་བཤད་སྒྲུབ་ལེགས་བསྒྲུབས་ནས། །
ཉི་མ་ཆེན་པོ་བཞུད་པར་སྐྱོ། །
ནམ་རྒྱུན་ནང་པའི་བླ་མ་གང་རུང་ཞིག་གྲོངས་ནས་ཁ་བརྡའི་ནང་རྗེས་དྲན་བྱས་ན། Bonpo ཟེར་བ་དང་། བན་དེ་ཟེར་བའི་དྲ་གྲོགས་གཉིས་ཡོང་ནས། ནང་པར་དམའ་འབེབ་དང་། ཁ་རྡུང་། ཚིག་རྩུབ་བསམ་ཡུལ་ལས་འདས་པ་གཏོང་གི་རེད།
ད་རེས་བོན་པོའི་བླ་མ་གྲོངས་སྐབས། ནང་པ་ཚང་མས་སེམས་གཏིང་ནས་གུས་ཞབས་དང་། ལ་རྒྱ་ཟིན་སོང་། དངོས་གནས་དགའ་པོ་བྱུང་། ནང་པ་རང་གཤིས་ཀ་དང་སྤྱོད་པ་དྲག་པ་འདུག དེ་ངོ་མ་ཆོས་ལུགས་གཅིག་གི་རིན་ཐང་དང་འཇལ་བྱེད་རེད།
ང་རང་གི་ངོས་ནས་ད་བར་ལ་བོན་པོར་ཡག་ཉེས་གང་ཡང་བཤད་མ་མྱོང་ལ། ནམ་ཡིན་རུང་། བདེན་པ་དང་ལ་རྒྱ། གུ་ཡངས་ཀྱི་བསམ་བློ་ཁྱེར་ནས། བོད་པའི་མཐུན་སྒྲིལ་ལ་བསམ་ཤེས་གང་ཐུབ་བྱེད་བཞིན་ཡོད། དེར་བརྟེན། ད་ནས་བཟུང་དྲ་གྲོགས་བན་དེ་ལགས་དང་། bonpoལགས་ཀྱིས་དེ་ལ་བསམ་ཤེས་ཀྱིས། ནང་པའི་སྔོན་བྱོན་གྱི་བླ་མ་དང་དགེ་བའི་བཤེས་གཉེན་རྣམ་པར་ངན་སྨོད་དང་ཚིག་རྩུབ་མི་བྱ་བའི་རེ་འདུན་ཞུ་རྒྱུ་ཡིན།
བོད་ནི་ཤོར་ཚར་བ་རེད། སྔ་རྗེས་མ་གཏོགས་ང་ཚོ་ཚང་མ་རྒྱ་མི་རིགས་ཀྱི་ནང་ལ་ཐིམས་ནས་བོད་པ་ཟེར་བའི་ཐ་སྙད་སྐམ་པོ་ཞིག་ལས་གཞན་མི་ལྷག་པ་ཚན་རིག་དང་ལོ་རྒྱུས་ཀྱི་ར་སྤྲོད་ཡོང་བཞིན་འདུག ད་ལྟ་བོད་སྐད་དང་བོད་ཀྱི་རིག་གཞུང་ཟེར་བ་ཞིག་ལ་ལོངས་སྤྱོད་རྒྱུ་ཡོད་རིང་། བོད་པ་གཞན་ཞིག་ལ་གནོད་པ་མི་སྐྱེལ་བ་དམ་བཅའ་ཡིན། ཁྱེད་ཚོས་ཀྱང་ཚོད་ཟིན་ནས་དེ་ལྟར་གནང་བའི་རེ་བ་ཞུ།
༄༅། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོན་པོའི་དབུ་བླ་འདས་གྲོང་སོང་བར་
ཐུགས་གསོའི་བསྔོ་སྨོན་མཛད་གནང་འདུག་པ་་་བཀའ་དྲིན་ཆེ།
ཁྱེད་ལྟ་བུའི་བྱང་ཆུབ་སེམས་དཔའ་གང་ན་ཡོད།།
ཁྱེད་ལྟ་བུའི་ཆོས་ལུགས་གང་ལའང་རིས་མེད་འཛིན་མཁན་གང་ན་ཡོད།
ཁྱེད་ལྟ་བུ་ཕོ་མོ་དབྱེར་མེད་འཛིན་མཁན་གང་ན་ཡོད།
ཁྱེད་ལྟ་བུ་ཆོལ་གསུམ་བོད་མི་སྐྱིད་ན་སྐྱིན་མཉམ་དང་།
སྡུག་ན་སྡུག་མཉམ་ཐུགས་བསམ་བཞེས་མཁན་གང་ན་ཡོད།
ཁྱེད་ལྟ་བུ་ཕ་ཡུལ་བཙན་འཕྲོག་པ་ལའང་གུས་བཀུར་ཞི་མཐུན་གནང་མཁན་གང་ན་ཡོད།
ཁྱེད་ལྟ་བུ་དབུལ་ཕྱུག་སུ་ལང་གུས་བཀུར་ཞུ་མཁན་གང་ན་ཡོད།
ཁྱེད་ལྟ་བུ་གོ་ལའི་མི་འབོར་དུང་ཕྱུར་བདུན་བཅུ་ཚང་མ་བདེ་བ་འདོད་མཁན་དང་
སྡུག་བསྔལ་མི་འདོད་མཁན་གཅིག་གྱུར་གྱི་ཐུགས་སེམས་བཞེས་མཁན་གང་ན་ཡོད།
བརྟན་ནོ་སྐུ་ཚེ་བརྟན་ནོ། མགོན་པོ་ཁྱེད་སྐུ་ཚེ་བརྟན་ནོ། ང་ཚོ་ནམ་ཡང་རྗེས་སུ་འཛིན་རོགས།།