སོག་མདའ།
བྱ་དེ་ཁུ་བྱུག་སྔོན་མོ།།
དགེ་ལེགས་འབྱུང་བའི་བྱ་ཡིན།།
བྱ་བརྒྱའི་སྨོན་སའི་བྱ་ཡིན།།
རྒྱ་རྫོང་ནགས་ནས་མ་བཞུགས།།
ལྷོ་ཕྱོགས་ཡུལ་ལ་འཕུར་ཡང་།།
སྙན་མོ་ངག་གི་འགྱུར་ཁུག །
ད་རུང་ཤུལ་ན་ལྷང་ལྷང་།།
བརྒྱུད་པའི་ནགས་རི་སྨུག་པོ།།
མི་འཇིགས་ཐོད་ཀྱིས་བཅད་ནས།
སང་ལོ་དཔྱིད་ཟླ་ཚེས་དུས་།།
སླར་ཡང་འཕུར་ནས་ལོག་ཤོག །
བུ་དེ་ཅོ་གའི་དྲུག་འགྱུར།།
སྙན་པ་འཕུར་བའི་བུ་ཡིན།།
མྱི་བརྒྱའི་སྨོན་སའི་བུ་ཡིན།།
མི་ཡི་ཡུལ་ལ་མ་དབང་།།
ཞིང་གཞན་གཤེགས་དགོས་བྱུང་ཡང་།།
ཉིད་ཀྱི་དབྱངས་རྟ་གསོན་པོ།།
ད་རུང་ཤུལ་ན་ལྷང་ལྷང་།།
གཤེགས་པའི་བར་དོའི་ལམ་འཕྲང་།།
མི་འཇིགས་ཐོད་ཀྱིས་བརྒལ་ནས།།
མི་རིང་ཁ་བའི་ལྗོངས་ལ།།
སླར་ཡང་སྐྱེས་ནས་ལོག་ཤོག །
༢༠༡༦ ། ༢ ། ༢༧་ ཉིན་སོག་མདའ་ནས་གུས་ཕུལ།།