ཆང་སྐྱེས།
ང་ཚོ་བོད་པའི་རིག་སྲོལ་ལ།།
མ་ཤི་གསོན་དུས་འཚོ་ལུགས་དང་།།
ཤི་རྗེས་དུར་འཇུག་བྱེད་སྟངས་སོགས།།
མི་རིགས་གཞན་དང་ཁྱད་པར་ཆེ།།
ལྷག་པར་བོད་ཀྱི་བྱ་གཏོར་འདི །།
རྒྱ་གར་འཕགས་པའི་ཡུལ་དང་ནི།།
བོད་ལ་མ་གཏོགས་མ་ཡོད་ཞེས།།
གནའ་དེང་མཁས་པ་ཀུན་གྱིས་གསུངས།།
དེ་ཡང་བོད་པའི་ཁ་རྒྱུན་ལ།།
ཕུང་བོ་རི་རྩེ་རྒོད་ལ་སྟེར།།
ཡང་ན་ཆུ་ནང་ཉ་ལ་སྦྱིན།།
ཞེས་པའི་དཔེ་བཞིན་ཕུང་བོ་འདི།།
རང་དགར་དོན་མེད་མི་གཏོང་བར།།
གཞན་གྱི་དོན་དུ་བསྔོ་བར་བྱ།།
རྟ་དང་གླང་བོ་བརྒྱ་འགྱུར་དང་།།
བུ་དང་ཆུང་མ་སྟོང་དུ་འགྱུར།།
ལུས་ཀྱི་མཆོད་སྦྱིན་འབུམ་འགྱུར་ཡིན།།
ཞེས་པའི་དད་མོས་རིག་གནས་འདིས།།
རང་ཉིད་འཆི་བའི་དུས་སུ་ཡང་།།
ཤ་དང་ཁྲག་གི་ཕུང་བོ་འདི།།
འདབ་ཆགས་སེམས་ཅན་ཚོགས་ལ་སྦྱིན།།
བེམ་པོ་རྒོད་པོས་ཟོས་རྗེས་སུ།།
ཉིན་ཞག་བདུན་ལ་དགུང་བསྟོད་པས།།
འདས་པོའི་རྣམ་ཤེས་མཐོ་རིས་སུ།།
སྐྱེ་བའི་ཕན་ཡོན་ལྡན་ཞེས་བརྗོད།།
ད་དུང་ཐང་དཀར་རྒོད་པོ་རྣམས།།
ངེས་མེད་གང་སར་འཕུར་བས་ན།།
གནས་མཆོག་མང་པོའཇལ་ཐུབ་པའི།།
ཕན་ཡོན་མཆོག་ཏུ་ཡོད་ཀྱང་གསུངས།།
གཞན་ཡང་རྒོད་པོ་ཚོགས་རྣམས་ཀྱིས།།
འདས་པོའི་བེམ་པོ་ཟོས་རྗེས་སུ།།
རི་བོ་ཧ་ཅང་མཐོ་ས་དང་།།
ས་གཞི་གཙང་ས་མ་གཏོགས་པར།།
བྱ་བྲུན་འདོར་བར་མི་བྱ་བས།།
འདས་ཤུལ་གཙང་བའི་ཁྱད་ཆོས་སོགས།།
ཤིན་ཏུ་མང་པོ་ཡོད་པར་གསུངས།།