ཉག་རོང་དོན་གྲུབ།
ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བརྩམས་པའི་བྱ་མགྲིན་སྔོན་ཟླ་བའི་ཕྱི་མོ་ཞེས་པའི་རྩོམ་ཡིག་དེ་ཉིད། ཧ་ཅང་རྩོམ་གཤིས་ལེགས་པོ་དང་། བརྗོད་བྱ་རྗོད་བྱེད་གང་ཐད་ནས་ཕུན་སུམ་འཚོགས་པ་ཞིག་རེད་མོད། བོད་སྐད་རང་དང་ཡུལ་ལུང་གི་ཐ་སྙད་ཕྱུག་པོ་ཡོད་པས། རྩོམ་ཡིག་གི་ནང་དོན་གོ་ཁག་པོ་འདུག་ཟེར་བ་དང་། ཡུལ་སྐད་མང་དྲགས་འདུག་ཟེར་ལྟ་བུ་ཡང་བྱུང་ཡོད་པས་ན། དངོས་གནས་ཞིབ་མོར་མ་བརྟགས་ན་གོ་བ་ལེན་ཁག་པོ་འདུག་ཕྱིར། རང་དང་རང་ལྟ་བུའི་བློ་གྲོས་དམན་པ་དག་ལ་ཕན་རེའི་ཆེད་དུ། འདིར་ང་རང་གིས་གོ་བ་ལེན་ཤེས་ཚོད་ལྟར་འགྲེལ་བཤད་ཅིག་བྲིས་པ་ཡིན་མོད། ཚིག་དོན་གཉིས་ཀ་ལ་གོ་བ་མ་ལོན་པའི་ཆ་ཡོད་ངེས་པས། འགྲེལ་བཤད་དེ་རང་གི་ཤེས་ཚོད་དང་བསྟུན་པ་ཞིག་ཡིན་པ་ལས། རྩོམ་པ་པོའི་དགོངས་པ་དངོས་གནས་ཡིན་པས་མ་ཁྱབ། རྩོམ་ཡིག་དེ་དྲྭ་རྒྱའི་དུས་རབས་ཀྱི་སྤྱི་ཚོགས་ནང་ལ་སྐད་གྲགས་ཆེན་པོ་ཆགས་འདུག་པ་དང་། དྲྭ་མཆན་འགྲེལ་བཤད་བྱེད་མཁན་ཡང་མང་པོ་བྱུང་ཡོད་པ་རེད་ལ། ལྷག་པར་དུ་གནམ་འོག་གསར་འགྱུར་གསར་འགོད་པས་བརྙན་ལམ་འགྲེལ་བརྗོད་ཡང་སྤེལ་གནང་འདུག དྲྭ་གྲོགས་བོད་ཡིག་འབྲི་མཁན་དག་གིས་ཀྱང་། རང་རང་གི་ཤེས་ཚོད་དང་མཐུན་པའི་དགོངས་འཆར་དང་འགྲེལ་བརྗོད་རེ་ཡང་སྤེལ་གནང་བའི་རེ་བ་དང་བཅས།
ཚིགས་བཅད་དང་པོ།
རྩ་བ།
ཞོ་གསར་འདབ་མ་སད་ཀྱིས་བཅོམ་པའི་རི་ཤོད་དེ་ཡི་ལྟེབ་ཁུག་ན།།
ལྷོ་མོན་ཁུ་ལོའི་གསུང་སྐད་འགག་པ་གནས་དུས་ཚོད་རྩིས་ཡིན་ལས་ཆེ།།
སྐྱེད་ཚལ་དགུན་ཁ་དབྱར་ལ་བསྒྱུར་བ་རང་བྱུང་མ་མོའི་ཆོ་འཕྲུལ་ཏེ།།
སྦྲང་མ་ར་དང་ཕྱེ་མ་ལེབ་ཀྱི་དྲན་པའི་ཡིད་ལ་ག་ནས་ཤོང་།།
འགྲེལ་བ།
དགུན་ཟླ་ར་བའི་སད་སེར་གྱིས་བཅོམ་པའི་རྡ་སའི་དེའུ་འབུར་གྱི་རི་ཤོད་དེའི་ལྟེབ་ཁུག་གམ་རི་སུལ་སྐྱ་བོ་ན། སྤྱིར་དགུན་ཁ་ནི་བྱ་ཁུ་བྱུག་གི་གསུང་སྐད་མི་འབྱོན་པའི་དུས་ཚིགས་ཤིག་ཡིན་མོད། འདིར་ལྷོ་མོན་ཁུ་ལོའི་གསུང་སྐད་འགག་ཅེས་པ་ནི་དེ་ལས་ལྡོག་སྟེ་རྒྱལ་བའི་དྲྭ་ཐོག་གསུང་ཆོས་བཀག་པ་ལ་གོ་དགོས་སྙམ། ད་ཐེངས་ཀྱི་གསུང་ཆོས་བཀག་པ་ནི་རང་ག་བ་ཅིག་མ་ཡིན་པར། རྒྱ་དམར་གཞུང་གི་རྒྱལ་སྤྱིའི་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དུས་ཚོད་ལ་ཁེལ་ཡོད་པས། རྒྱལ་བའི་གསུང་ཆོས་ཁུ་ལོའི་སྐད་ངག་འདྲ་བོ་དེ། རྒྱ་ནག་ཏུ་གནས་སྐོར་ལ་འགྲོ་བའི་དབུ་ལམ་ཁོར་ཡུག་གི་ཆ་རྐྱེན་བསྐྲུན་ཆེད། སྐུ་སྒེར་ཡིག་ཚང་གིས་ཐད་ཀར་གནས་དུས་ཚོད་རྩིས་ལྟར་གཡོལ་ཐབས་བྱས་པ་ཞིག་ཡིན་ལས་ཆེ་ཞེས་པ་དང་། ཏཱ་ལའི་བླ་མ་གློ་བུར་དུ་གནམ་ཡལ་བརྒྱབ་པའི་གནས་སྟངས་དེས་མི་མང་འུར་མི་ལངས་པའི་ཆེད་དུ། རྡ་སའི་དབྱར་གཞུང་ཞིག་ལ་བཏབ་པའི་སྐུ་པར་རྙིང་པ་ཞིག་དགུན་གཞུང་འདིར་ཁྱབ་བསྒྲགས་བྱས་པ་ལྟ་བུ། དགུན་ཟླའི་སྐྱ་ཐལ་ཐལ་གྱི་རང་བྱུང་ཁམས་ཀྱི་འབྱུང་བཞིའི་འགྱུར་བ་དེ་ཡང་། མ་མོ་དང་འབྱུང་པོས་ཆོ་འཕྲུལ་བསྟན་པ་ལྟ་བུའི་སྐད་ཅིག་ལ་དབྱར་གཞུང་གི་སྐྱེད་ཚལ་ཞིག་ཏུ་བསྒྱུར་བ་དེ་ནི། དྲྭ་འབུངས་དཀྱུས་མ་ཉམས་པ་སླར་གསོའི་ཚོགས་གཙོ་སྦྲང་མ་ལྟ་བུའི་ཨ་ནུ་ཐང་བསོད་ནམས་དང་། ཕྱེ་མ་ལེབ་ལྟ་བུའི་ཚོགས་གཞོན་བསྟན་འཛིན་ལུང་རྟོགས་སོགས། བོད་མི་ཉམ་ཆུང་དག་གི་གཟུ་བོའི་བློ་ཡི་དྲན་པའི་ཡུལ་ལ་ག་བ་ནས་ཤོང་གི་རེད་ཅེས་ཀྱལ་ཀའི་ཚུལ་དུ་སྨྲས་པའོ།
ཚིགས་བཅད་གཉིས་པ།
རྩ་བ།
གྲགས་ཅན་བརྒྱུད་ལམ་མ་ཐར་བ་དང་ཤོམ་ཆེན་ཡོན་བདག་མ་བསུས་པར།།
སྒྲུབ་ཕུགས་སྒོ་མོ་བྱང་གཏད་ཚང་གིས་དགུང་ཀེག་སྒྲུབ་པའི་ལས་ལ་རེམ།།
མཛད་པའི་མཇུག་མ་དྲྭ་དབང་དེ་ཡང་དོ་ཞག་ལན་དགུ་ཆད་མཐུད་རེད།།
འདི་ཡི་རྒྱབ་ན་སྒྲུང་ཞིག་མེད་ན་ལྷ་ཡི་ལྷ་དེའི་མཐུ་རྩལ་ཡིན།།
འགྲེལ་བ།
ད་ཐེངས་ཏཱ་ལའི་བླ་མའི་སྒྲུབ་ཕུགས་ཀྱི་སྒོ་མོའི་ཁ་བྱང་གི་སྲིབ་ངོས་ལ་གཏད་ཡོད་པ་ཅན་དེར་སྒོ་གཏན་བརྒྱབ་ནས། གྲགས་ཅན་གྱི་བརྒྱུད་ལམ་ཁག་དང་རྒྱུ་འབྱོར་བ་ཅན་གྱི་ཡོན་བདག་གམ་སྦྱིན་བདག་ཚང་མ་ལ་ཞལ་བཀབ་པ་ནི། ཁོང་བསྙེན་མཚམས་ལ་བཞུགས་ནས་ཛ་དྲག་དགུང་ཀེག་སྒྲུབ་པ་ལ་རེམ་གྱི་ཡོད་པ་རེད་དམ། ཡང་ན། སྤྱིར་བཏང་ཁོང་དགུང་ལོ་ ༨༦ ལ་ཕེབས་ཡོད་པ་དང་། དེང་འདིར་རྒྱ་ནད་དང་གནས་སྟངས་མང་པོ་ཞིག་ལ་བརྟེན། སྔོན་མ་ནང་བཞིན་འཛམ་གླིང་གང་སར་འགྲིམ་པའི་མཛད་འཕྲིན་རང་དབང་ཅན་དང་གྲ་རྒྱས་པོ་མེད་པའི་སྐབས་འདིར། མཛད་པའི་མཐའ་མ་ནི་དྲྭ་ཐོག་ནས་གསུང་ཆོས་དང་ཁ་བརྡ་ཙམ་བྱེད་རྒྱུ་ལས་མེད་ནའང་། དེང་སང་དྲྭ་བའི་མཛད་མཇུག་དེ་ཡང་སྐུ་སྒེར་ནང་གི་རྒྱ་ལག་ཅན་དེ་ཚོས་ཆད་མ་མཐུད་ཅིག་མ་གཏོགས་བྱེད་ཀྱི་མེད་པས། དེ་ཡི་རྒྱབ་ལོག་ན་སྐུ་མདུན་ལ་རྒྱ་ནད་ཕོག་པའམ་རྒྱ་མིས་བཀོད་ཇུས་འཐེན་པའི་སྒྲུང་ཞིག་ཡོད་པ་ཡིན་དང་། དེ་མིན་ན་གནས་ཆུང་ལྟ་བུ་ལྷ་ཡི་ལྷ་སྲུང་དེ་ཚོའི་སྐྱག་རྫུན་གྱི་མཐུ་རྩལ་ལམ། ལུང་བསྟན་ལོག་པ་ཞིག་ཕབ་པ་ཨེ་ཡིན་ཞེས་དོགས་འདྲིའི་ཚུལ་དུ་སྨྲས་པའོ།
ཚིགས་བཅད་གསུམ་པ།
རྩ་བ།
མངའ་རིས་ཁྱིམ་བྱ་ཀྲོག་ཀྲོག་མགོ་ཡིས་ནམ་ཚོད་དགེ་ཁ་བོང་བུར་ཤོར།།
ཨ་མ་སྐྱུང་མོ་མཆུ་དམར་མས་ཀྱང་ཤོམ་འགྲོས་ངོམ་ས་ཤོད་ཀྱི་ཚང་།།
རྔ་ལུ་ཁྲ་མོ་ཅག་ཅག་ཁ་ལ་གནམ་བདེ་མཁར་ནས་གནམ་ཡིག་འབྱོར།།
དྲུང་ཟུར་འོལ་སེ་མགོ་སྒུར་ཁོ་ཡང་འཚེར་སྐད་ལྷང་ལྷང་ཐེད་ཐོག་བབས།།
འགྲེལ་བ།
ནམ་རྒྱུན་ཁྱིམ་བྱ་དེ་ཕོ་ལྟ་བུའི་དོལ་རྒྱལ་ཡང་སྲིད་སྐྱོར་ལུང་མངའ་རིས་སྤྲུལ་སྐུ་ནི་སྐུ་སྒེར་ཚང་གི་འགན་འཛིན་གཙོ་བོ་ཡིན་མོད། དེང་སང་དར་ནག་ཤོག་ཁག་གིས་སྐུ་སྒེར་ནང་གོ་ས་མཐོན་པོ་བཟུང་ཡོད་པར་བརྟེན། མངའ་རིས་རིན་པོ་ཆེ་ལ་བྱ་ལམ་བོང་བུས་བཀག་པ་ལྟ་བུ་ཞིག་ཆགས་ཡོད་ཚོད་འདུག །ཡིན་ནའང་། སྐྱུང་མོ་མཆུ་དམར་མ་ལྟ་བུའི་གཡོ་རྒྱུ་ཅན་གྱི་ཨ་མ་རྗེ་བཙུན་པདྨ་ནི། གོང་གི་སྐུ་སྒེར་ཡིག་ཚང་དང་འོག་གི་བཀའ་ཤག་གཉིས་ཀ་ལ། ལྐོག་འབྲེལ་དང་བཀོད་འདོམས་བྱེད་པའི་གནས་ཚད་ལ་བསླེབས་ཡོད་པ་དེ་རེད། བཙན་བྱོལ་བོད་མིའི་དྲྭ་ལམ་ལ་ཏཱ་ལའི་བླ་མའི་གནས་ཚུལ་ཁྱབ་བསྒྲགས་ཆེན་པོར་ཕྱིན་ཡོད་ནའང་། སྐྱ་ཀ་ཁྲ་མོ་ལྟ་བུའི་སྐབས་འཚོལ་པ་རྔ་ལུ་ཚེ་རྒྱམ་ཁོ་ནི་གནམ་སྡེ་སྒོ་མོ་ནས། ཐད་ཀར་གནམ་ཡིག་ཅིག་བསླེབས་པ་མིན་ནམ་བསམ་པ་ལྟར་ཁུ་སིམ་མེར་བསྡད་པའི་ཁ་ཐུག་དེར། (རྔ་ལུ་ཞེས་པ་ནི་མདོ་ཁམས་ཕྱོགས་ནས་རྔ་བར་བཏགས་པའི་མིང་འདོགས་ཤིག་ཡིན།) ཡ་མཚན་པ་ཞིག་ལ། ལས་ཐོག་དྲུང་ཡིག་རྔ་བ་ཚེ་རྒྱམ་ཁ་མ་གྲགས་གོང་། གཅན་སྦྱང་གིས་བསད་པའི་ཐེད་རོའི་ཐོག་ལ་བྱ་འོལ་སེ་བབ་པ་ལྟ་བུའི། དྲུང་ཟུར་བློ་བཟང་སྦྱིན་པས་གློ་བུར་དུ་ཏཱ་ལའི་བླ་མ་སྐུ་གཟུགས་གསལ་ཐང་ཡིན་ཞེས། ཇུས་མེད་ཇུས་གཏོགས་ཀྱི་འུར་གཏམ་ཞིག་བཤད་པ་དེ་རེད་ཅེས་པའོ།
ཚིགས་བཅད་བཞི་པ།
རྩ་བ།
འཁྱག་པའི་མུར་ལ་འཁྱག་དགོས་ལབ་ནས་སྔ་དྲོ་གངས་ཀྱི་རྩེ་ལ་འཛེགས།།
ཚ་བའི་མུར་ལ་ཚ་དགོས་ལབ་ནས་ཕྱི་དྲོ་ལུང་གསུམ་མདོ་ལ་བབས།
དེ་འདྲའི་གོང་མོ་སྐོར་ལོག་ཞིག་གིས་མཇུག་མ་ས་ལ་རྡེབ་བཞིན་དུ།།
བྱ་མོ་མ་དཀྲོག་སྒོ་ང་རྐུ་སྟངས་ཟབ་མོའི་ཆོས་ཞིག་གསུང་གིས་ཟེར།།
འགྲེལ་བ།
བཙན་བྱོལ་བོད་མིའི་མིག་ནང་གི་ལྷ་བྱ་གོང་མོ་སྟེ། སྤུ་མདོག་སྐྱ་སེར་དང་། ལྟོ་བའི་སྤུ་མདོག་ཁྲ་བོ་བསྟར་ལ་བསྒྲིགས་པ། མཆུ་རྐང་དམར་པོ་ཡིན་པའི་གོང་བྱ་དང་མཚུངས་པའི་ཟམ་གདོང་བླ་མ་ནི། གོས་མདོག་སེར་སྐྱ་ཅན། ལྟ་བ་ཁྲ་ཁྲ་ཅན། ཁ་དང་ཁོག་པ་ནག་པོ་ཅན། དངོས་གནས་དྲང་གནས་ཡིན་པ་མིན་པར་དང་། མིན་པ་ཡིན་པར་སྒྲུབ་པའི་སྐོར་ལོག་གམ་ཕྱིན་ཅི་ལོག་པ་ཅན་གྱི་མི་ཞིག་ཡིན། ཁོས་སྤྱི་འཐུས་ཚོགས་གཙོ་ལོ་བཅུ་གནང་བའི་རིང་དང་། བཀའ་ཁྲི་ལོ་བཅུ་ཡི་རིང་བཅས་སུ་བཙན་བྱོལ་བོད་གཞུང་རི་གསུམ་རྩེ་ལ་ཡར་དེད། ལུང་གསུམ་མདོ་ལ་མར་བསྐྱལ་ནས། མཐར་བཙན་བྱོལ་བོད་གཞུང་སྒོ་བརྒྱབས། བོད་ཀྱི་རྩ་དོན་ནུས་མེད་བྱས། བོད་རྒྱ་འབྲེལ་མོལ་སྒེར་དོན་ལ་བསྒྱུར། དོལ་རྒྱལ་རྙོག་དྲ་ཆེན་རུ་བཏང་། བོད་མི་བརྒྱ་དང་ལྔ་བཅུ་ལྷག་མེར་བསྲེགས། ད་དུང་དེ་ཡིས་མ་ཚིམ་པར། སྡིག་པའི་མཇུག་མ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བརྡབས་ནས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་རྡོག་བརྫིས་བཏང་། བོད་མིའི་བར་ལ་ནང་འཁྲུགས་བསླངས། ད་དུང་བྱ་མོ་མ་དཀྲོག་པའི་སྒོ་ང་ལེན་ཐབས་ཀྱི་བོད་རྒྱ་གྲོས་མོལ་བྱེད་སྟངས་ཤིག་ཡོད་ཟེར་བ་དང་། ཤེས་རབ་སྙིང་པོའི་དོ་ཟླ་འཛམ་གླིང་གི་ཤེས་བྱ་ཡོད་དོ་ཅོག་གིས་མི་ཡོང་མདོག་མདོག་གིས། ཟབ་ཆོས་ཤིག་གསུང་གིས་འདུག་ཟེར་བ་དེ་ནི་དགོད་བྲོའི་གནས་གྱ་ཚོམ་གྱི་གཏམ་འབའ་ཞིག་མིན་ནམ་ཞེས་སྨྲསོ།
ཚིགས་བཅད་ལྔ་པ།
རྩ་བ།
རྩེད་ཐང་སྒང་ནས་བྱེའུ་འགའ་ཡིས་གནམ་ལ་གཅིན་པ་བཏང་འདུག་ཅེས།།
ཁྭ་ཏའི་རྒྱབ་རྩར་སྐྱ་ཁྲ་ལངས་ནས་སྐྱག་པ་ཤོར་ཤོར་བཙིར་བ་དང་།།
ཡོལ་བའི་རྒྱབ་ཀྱི་སེག་ཕྲུག་ཚོ་ཡང་ཟིན་ན་ཐར་བ་མི་གཏོང་ཟེར།།
བྱ་ཚང་འོག་མར་གནོང་ཞིག་མེད་ན་ད་ནི་གཟིམས་མལ་བདེ་ན་རེད།།
འགྲེལ་བ།
ཟམ་གདོང་བླ་མས་ཆེས་མཐོའི་ཁྲིམས་ཞིབ་པ་ཟུར་པ་གསུམ་ལ་རྒྱབ་སྐྱོར་བྱས་ཏེ། བཅའ་ཁྲིམས་ལ་ཧང་སང་དགོས་པའི་ལོག་འགྲེལ་བརྒྱབ་ནས། ཟུར་པ་གསུམ་པོ་ཡང་བསྐྱལ་ཁྲིམས་ཞིབ་ཁང་ནང་ལ་བཙན་འཛུལ་བྱེད་བཅུག་རྗེས། སྤྱི་ཚོགས་ནང་ནས་བོད་མི་དང་བླངས་པ་ཁག་ཅིག་གིས་བཅའ་ཁྲིམས་སྲུང་སྐྱོབ་ཆེད། ཉམས་པ་སླར་གསོ་ཞེས་པའི་ཚོགས་པ་བཙུགས་ཏེ། རྡ་ས་དང་འཛམ་གླིང་གང་སར་ངོ་རྒོལ་སྐད་འབོད་ཐེངས་མང་བྱས་ཡོད། སྐབས་དེར་ཁྭ་ཏ་ནག་པོ་ལྟ་བུའི་དར་ནག་ཚོགས་པས་བྱ་སྐྱ་ཁྲ་ལྟ་བུའི་རུལ་སུངས་རྒྱ་གར་ཉེན་རྟོགས་པར་ས་འོག་དར་འཐག་བྱས་ནས། ཁྭ་ཏའི་ངག་བཀོད་ལྟར་བྱེའུ་ལྟ་བུའི་ཉམ་ཆུང་བཅའ་ཁྲིམས་སྲུང་སྐྱོབ་པ་དེ་ཚོ། སྤེན་ཚེ་བཀའ་ཤག་གི་གནམ་སྔོན་པོ་ལ་གཅིན་པ་སེར་པོ་བཏང་འདུག་ཟེར་ནས། ཁོ་ཚོར་དངོས་གནས་ཡིག་ཆ་ཞིབ་བཤེར་སོགས་བྱས་ནས་སྐྱག་པ་ཤོར་ཤོར་བཙིར་ཡོད་པ་དང་། བྱ་ཆེན་ལྟ་བུའི་བང་ཆེན་གསར་ཁང་ལ་ཡང་བཀའ་དྲུང་ཡིག་ཚང་བརྒྱུད་ནས། སྨྲ་བརྗོད་རང་དབང་གི་རྒྱ་ལས་བརྒལ་བའི་འཇིགས་བསྐུལ་ཉེན་བརྡ་ཡང་བཏང་ཡོད་པ་རེད། དེ་རྗེས་སྤེན་ཚེ་བཀའ་ཤག་གིས། ཡོལ་བའི་རྒྱབ་ལོག་གམ་དྲྭ་ལམ་ནས་ངོ་གདོང་མི་སྟོན་མཁན་རྫ་གསེང་ལ་གབ་པའི་སེག་ཕྲུག་ལྟ་བུ་དང་། ངོ་གདོང་སྟོན་མཁན་གང་རུང་རྣམས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་མཁན་ཡིན་པར་ཁ་གཡར་ནས། དོན་གྱིས་སྤེན་ཚེ་བཀའ་ཤག་ལ་སྐྱོན་བརྗོད་བྱས་ན་དཀྲོག་མཁན་སྤེལ་མཁན་རེད་ཟེར་ནས། འབུར་འཇོམས་བྱེད་རྒྱུའི་”བཀའ་ཤག་གི་ཡོངས་ཁྱབ་གཞེན་བསྐུལ་”ཞེས་པ་ཞིག་སྤེལ་ཡོད་པ་དེ་ནི། བྱ་ཚང་འོག་མ་ལྟ་བུའི་སྤེན་ཚེ་བཀའ་ཤག་ལ་གནོང་ཞིག་མེད་ན། ད་ནི་དད་པ་ལོག་སྤྱོད་བྱེད་རྒྱུའི་སྡུག་ཚོད་ཟིན་ན་མི་དགའ་འམ་ཞེས་ཡིད་སུན་པའི་ཚུལ་དུ་སྨྲས་སོ།
ཚིགས་བཅད་དྲུག་པ།
རྩ་བ།
སེར་ལུག་ངང་མོས་ངུ་བཤད་རྒྱག་ཞོར་འགན་བློས་མ་བཟོད་བྲོས་ཤུལ་ན།།
འདེམས་ཐོན་མགོ་ལེབ་གསེར་བུམ་མིག་གིས་མཆུ་ཏོ་རྡོ་ལ་ཡང་ཡང་བརྡར།།
ཞིམ་པོ་བཟའ་རྒྱུར་བྲེལ་བ་ལངས་ནས་དྲི་མ་འཐུལ་འཐུལ་སྒོ་ལ་བུད།།
རྐུབ་ལ་ཉི་གཞོན་དེད་ལྕགས་བཞུ་དུས་བྱ་སྤུ་ཐར་ཐར་ཚང་ལ་འཛུལ།།
ལུ་གུ་རྒྱུད་ཀྱི་རྙོག་མ་གཏིང་སློང་བཤད་ནས་བཤད་ཚོད་ག་ལ་ཡོད།།
འགྲེལ་བ།
ངང་མོ་རྒྱགས་པ་ལྟ་བུའི་གྲོད་ཁོག་ལུག་ལུག་ཅན་གྱི་རྒྱ་རི་སྒྲོལ་མ་སྟེ། ངུ་བཤད་རྒྱག་མཁན་སྐད་གྲགས་ཅན་ཞིག་ཡིན་པས། ལོ་ངོ་འདི་དག་རིང་སྤེན་ཚེས་མོ་རང་བཀའ་བློན་ལ་བདམས་པ་དེར་ངུ་ཞོར་དུ་ཐུགས་རྗེ་ཆེ་ཞུས་པ་དང་། ཟློས་གར་ཚོགས་ཁང་ནང་སྐལ་རྡོ་ལའང་ཐུགས་ཆེ་ཟེར་བཞིན། ཉིན་དེར་སྤེན་ཚོས་མོ་བཀའ་བློན་གཞན་གཉིས་ཀ་ལྟ་བུར་བཀའ་བློན་ངོས་སྦྱོར་ཡག་པོ་མ་བྱས་རྐྱེན། སེམས་ཚོར་ཆེན་པོས་ལས་ཀ་མ་འཇོན་ན་དགོངས་པ་ཞུ་ཡི་ཡིན་ཞེས། འགན་བློས་མི་བཟོད་ན་བྲོས་རྐྱང་ཡིན་པའི་བརྡ་བསྟན་པའི་རྗེས་ཤུལ་ན། ཟམ་གདོང་བླ་མ་དང་དར་ནག་ཚོགས་པའི་བཀའ་དྲིན་ལ་བརྟེན་ནས། འདེམས་ཐོན་སྲིད་སྐྱོང་མ་གཏོགས་ཁྲིམས་མཐུན་སྲིད་སྐྱོང་ཆགས་མ་ཐུབ་པའི་སྤེན་ཚེ་འུག་པ་མགོ་ལེབ་ནི། མིག་ལམ་ལ་རྒྱ་ནག་གི་གསེར་བུམ་ཤར་ནས་ཡང་སྲིད་དཀྲུག་འདོན་གྱི་དབང་ཆ་རྒྱ་གཞུང་ལ་སྤྲོད་རྩིས་དང་། མཆུ་ཏོ་བཀའ་ཤག་གི་ཞལ་འདེབས་སྒམ་རྩིགས་ལ་ཡང་ཡང་བརྡར་ནས། རྟག་ཏུ་གོ་སྐབས་འཚོལ་རྒྱུ་དང་། ཞིམ་པོ་བཟའ་རྒྱུར་བྲེལ་བ་ལངས་ཏེ་ཁ་ནས་ཆང་དྲི་འཐུལ་འཐུལ་ལྟག་སྒོ་ལ་ཐོན་གྱི་ཡོད་མོད། ཁྲིམས་དང་སྒྲིག་གཞིའི་ཐུགས་འགན་ཁུར་གནང་བའི་ཉི་གཞོན་ལྟ་བུའི་ཁྲིམས་མཐུན་སྤྱི་འཐུས་ཚོས། སྤེན་ཚེའི་རྐུབ་ལ་བཅའ་ཁྲིམས་ཀྱི་དྲི་བ་དང་འགན་ཁུར་གྱི་དེད་ལྕགས་གཞུ་དུས། ཁོ་ག་དུས་ཡིན་ཡང་ལན་མི་རྒྱག་པར་བྱ་སྤུ་ཐར་ཐར་ནག་ཁུང་ནང་འཛུལ་ཞོར། མུ་མཐུད་དུ་རྙོག་མ་གཏིང་སློང་གི་ལས་ངན་ཚབ་པོ་ཆེ་བསགས་བཞིན་པ་ནི་བཤད་ཚོད་ཅིག་ག་ལ་ཡོད་ཅེས་པའོ།
ཚིགས་བཅད་བདུན་པ།
རྩ་བ།
སྦོ་ལུག་ཁྲོན་པ་ཁ་ལུད་ནང་གི་ཤར་གླིང་ཉ་མོ་ངོ་ཡག་མ།།
ཁོག་བཙོག་སྐེ་རིང་སུག་དམར་གན་གིས་གསོན་པོར་བཟུང་སྟེ་བདག་པོར་ཕུལ།།
བདག་རྐྱེན་བཀའ་དྲུང་ཉོ་ཐེངས་གཅིག་ལ་བཙོང་ཐེངས་གཅིག་གི་རྒྱབ་ལྗོངས་ཡོད།།
ད་ཆ་གཉའ་རིངས་འཁོར་གྱི་གྲལ་ན་ཆུ་བྱའི་སྐེ་ལས་རིང་བ་ཞིག།
མེད་པ་དེ་ཡང་བདེན་པ་རེད་ཅེས་ནང་གཏམ་ཕྱི་ལ་གོ་ཡ་འདུག།
འགྲེལ་བ།
བཙན་བྱོལ་བོད་གཞུང་སྒོ་བརྒྱབ་ཏེ། བོད་མིའི་སྒྲིག་འཛུགས་སྦོ་ལུག་བཅུག་པའི་ཁ་ཐུག་ལ། རྡ་སའི་ཉ་མོ་འཇུད་མཐུན་མ་ལྟ་བུ་ཤར་གླིང་ཟླ་སྒྲོན་སྟེ། མཐོ་ས་ནས་མཐོ་ཚོད་མ་ཟིན་པར་དམའ་སའི་ཁྲོན་པའི་ནང་ལ་ཟགས། ཁྲོན་པའི་ནང་ནས་བསླབ་ལོག་བརྒྱབ་སོང་ཟེར་ནས་སྤེན་ཚེའི་རྐུབ་ལ་སོས་རྨུག་བྱས། ཁོག་ནག་ཆུ་བྱ་སུག་རིང་ལྟ་བུའི་ཨ་མདོ་བཀྲ་ཤིས་རྒྱ་མཚོས། ཁྲིམས་དྲུང་གིས་ཤར་གླིང་བློ་སེང་གི་ཁྲོན་པ་ཁ་ལུད་དེའི་ནང་ནས་གཅེར་བུར་བཏོན་ཏེ་བདག་པོ་སྤེན་ཚེ་ལ་རྩིས་སྤྲད། དེ་ཡི་བདག་རྐྱེན་ལྟ་བུར་སྤེན་ཚེ་བཀའ་ཤག་ནས་བཀྲ་རྒྱམ་ལ་བཀའ་དྲུང་གི་གོ་གནས་སྤྲད། ཉ་མོ་གཅེར་བུར་ཕུད་སྟངས་སོགས་བཀའ་དྲུང་ཉོ་ཐེངས་གཅིག་ལ་བཙོང་ཐེངས་གཅིག་གི་གཡོ་ཇུས་རྒྱབ་ལྗོངས་མང་པོ་ཡོད་ཟེར། ད་ལྟ་སྤེན་ཚེ་བཀའ་ཤག་གཉའ་རེངས་པ་ངན་པ་ལག་འབྲེལ་ཅན་དེ་ཚོའི་གྲལ་ན། བཀའ་དྲུང་ཆུ་བྱ་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལས་སྐེ་རིང་བའམ། དབང་ཆ་ཆེ་བ་ཅིག་མི་འདུག་ཅེས་ནང་གཏམ་ཕྱི་ལ་གྱར་བ་ནི་བདེན་པ་རེད་ཅེས་པའོ།
ཚིགས་བཅད་བརྒྱད་པ།
རྩ་བ།
མཆུ་ནི་དམར་ཞིང་གུག་པའི་ཐོག་ལ་མགྲིན་པ་ལ་ཡང་ཁ་དོག་ཅན།།
སྙན་པའི་ངག་ནས་མ་ཎི་འདོན་སྟངས་མ་རེད་ཟེར་ས་མི་འདུག་སྟེ།།
འཇམ་ཞིང་མཉེན་པའི་གཤོག་ཟུང་གཉོམ་པོ་རྩིག་ངོས་བྲག་ལ་མ་བརྡབ་གོང་།།
དཀྲོག་དཀྲོག་མ་སྔ་གཟབ་གཟབ་གལ་ཆེ་གོ་ན་གྲོགས་པོའི་སེམས་གཏམ་ཡིན།།
འགྲེལ་བ།
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་སྟེ་ནེ་ཙོ་ལྟ་བུ་སྐད་གཉིས་སྨྲ་བ་དང་། བཀའ་བློན་ནང་ནས་ལོ་ཡང་གཞོན་ཤོས་ཡིན་པ། རྣམ་པ་ཡང་མཛེས་ཤོས་ཡིན་པ། ཁོ་མོའི་ཤེས་ཡོན་གྱི་མ་ཎི་འདོན་སྟངས་དེ་ཡག་པོ་ཡོད་ན་ཡང་། འཇོན་ཐང་གི་གཤོག་ཟུང་རྡ་སའི་གོས་ཐང་ཁྲོམ་པའི་བྲག་ངོས་ལ་ཐོགས་ཉེན་ཆེ་བས། གྲོགས་པོ་ཀླུ་མཁར་བྱམས་ནས་ཁྱེད་ལ་དཀྲོག་དཀྲོག་ཏྲེ་ཧོར་ཁམས་པའི་སྤྱོད་པ་མ་སྐྱོངས་ཞེས། གཟབ་ནན་གྲོས་མོལ་གྱི་ཚུལ་དུ་གཞེན་བསྐུལ་སེམས་གཏམ་ཞིག་སྨྲས་པའོ།
ཚིགས་བཅད་དགུ་པ།
རྩ་བ།
ཚང་ནང་དེ་ན་འདབ་གཤོག་གཉིས་ལྡན་རི་བོང་མགོ་ཡི་རྭ་ཡིན་མོད།།
ཨ་མ་བྱ་མོའི་སྒོ་ང་རུམ་སྟངས་ཚ་པོ་ཡོད་རབ་ཡོངས་གྲགས་རེད།།
རེད་དེ་ཐོད་པའི་རི་མོར་བལྟས་ནས་སྤྱོད་ལོག་སློབ་ཡོན་གཅོད་ས་ནས།།
བྱ་མོའི་སྒང་ལ་ཨ་མ་བསྣན་རུང་ས་དེར་གྲོ་མ་ཁག་པོ་རེད།།
འགྲེལ་བ།
ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་སྟེ་སློབ་གྲྭ་མང་པོ་ཞིག་གི་གསོ་ཕག་དགེ་རྒན་ཡིན་མོད། བྱ་མོས་གཉོར་བའི་བྱ་ཚང་ཞིག་ལ་ཆག་བཞག་ན། ཨ་མ་ལྕང་ར་མའི་བྱ་ཚང་ནང་ན་འདབ་གཤོག་གཉིས་ལྡན་གྱི་བྱ་ཕྲུག་ནི་རི་བོང་གི་རྭ་ལྟ་བུ་ཡིན་ཟེར། འོན་ཀྱང་། ཨ་མ་ལྕང་ར་མོ་རང་སྒོ་ང་ཚ་པོ་ཚ་པོ་བྱས་ནས་རུམ་མཁན་ཞིག་ཡིན་པ་དེ་ཡོངས་གྲགས་ཡིན་ཚོད། སྤེན་ཚེ་ཡང་ཨ་མ་ལྕང་རའི་བྱ་ཚང་ནང་གི་སྒོ་ང་ཚ་པོ་ཞིག་ཡིན་པ་དེ་རེད། རེད་དེ་དེང་སང་ཨ་མ་ལྕང་ར་དང་ཨ་ཁུ་སྣང་རའི་བྱ་ཚང་ནང་ནས།སློབ་ཕྲུག་ཚོའི་ཐོད་པའི་རི་མོ་ཡག་བཙོག་ལ་བལྟས་ནས་སློབ་སྦྱོང་སྤྲོད་པ་དང་། བཀའ་ཤག་སྔོན་མའི་སྐབས་ཀྱི་སློབ་ཡོན་ཡང་བཅད་ཚར་བས་ན། ད་ནི་སློབ་ཕྲུག་ཚོས་བྱ་མོ་ལྕང་རའི་སྒང་ལ་རང་གི་ཨ་མ་བསྣན་རུང་། རྡ་སའི་ས་ཆ་དེ་ན་སློབ་སྦྱོང་གི་ཁོར་ཡུག་གྲོ་མ་མངར་མོ་འདེབས་ས་ཞིག་མེད་ཐག་ཆོད་རེད་ཅེས་སྨྲསོ།
ཚིགས་བཅད་བཅུ་པ།
རྩ་བ།
རེ་བའི་མིག་འབུར་གཏོད་ས་གཅིག་པོ་རུ་བ་ཚང་གི་ཕྱྭ་ཡི་གཡང་།།
དུག་དང་སྦྱར་དུག་གང་གིས་མི་འཚིག་ཁྱེད་ནི་རྨ་བྱ་སྔོན་མོའི་སྲས།།
སྤུ་གྲིའི་བྱ་ལམ་གོང་མར་མི་འཐོག་ཁྱེད་ནི་བྱ་རྒྱལ་ཁྱུང་གི་བུ།།
ཟིལ་བ་ཆིལ་ལེར་ཁྱེད་སྐུ་བཞུགས་ན་བྱ་ཚོགས་འུར་མགོ་འཇག་གི་རེད།།
འགྲེལ་བ།
སྤྱིར་ན་བཙན་བྱོལ་བའི་རེ་བའི་མིག་འབུར་གཏད་ས་གཅིག་པོ་སྟེ། ཕྱྭ་གཡང་སྐྱོབ་གསོ་དང་རོགས་དངུལ་གྱི་འབྱུང་ཁུངས་ལྟ་བུ་དང་། བོད་ཀྱི་རྩ་དོན་དང་རང་བཙན་པ་ལྟ་བུ་དུག་དང་སྦྱར་དུག་གང་གིས་ཀྱང་མི་འཚིག་པ་ནི་དབུ་ལམ་རྨ་བྱ་སྔོན་མོའི་སྲས་ཡིན་པ། རྒྱ་དམར་དགྲ་བོའི་སྤུ་གྲིའི་བྱ་ལམ་གོང་མར་ཡང་མགོ་འདོགས་གྲོས་མོལ་ལ་བགྲོད་པར་མི་ཐོགས་པ་ནི་རྒྱ་ཚ་ཁྱུང་གི་བུ་ཡིན་པ། གལ་ཏེ་སྐུ་ཉིད་ཀྱིས་ད་ལོའི་ཁྲིམས་ཞིབ་ཁང་དང་སྤྱི་ལྷན་ལྟ་བུས་མཚོན། བཙན་བྱོལ་ནང་གི་རྙོག་དྲ་ཆེ་ཆུང་ཚང་མར་བར་གནས་ཤིག་གནང་ནས། སྐུ་ཟིལ་བ་ཆིལ་ལེར་བཞུགས་ཐུབ་པ་ཡིན་ན། ཉིན་དེ་ནས་བཟུང་བཙན་བྱོལ་བའི་བྱ་ཚོགས་དེ་ཚོའི་འུར་ཟིང་ནི། དུས་གཅིག་ལ་ལྷིང་འཇགས་སུ་ཆགས་འགྲོ་བ་དེའོ་ཞེས་སྨྲསོ།
ཚིགས་བཅད་བཅུ་གཅིག
རྩ་བ།
སྡེར་ཐོགས་རིགས་ལ་རྩྭ་གཟན་དང་ནི་རྨིག་ཐོགས་གྲལ་གྱི་ཤ་གཟན་པ།།
གང་ལ་གང་འདུལ་དེ་ཉིད་སྟོན་མཁན་སྣང་མཐའི་ཟློས་གར་མགྲིན་སྔོན་ཅན།།
ལུག་དང་མ་ཉོག་རི་ལ་བརྒྱབས་ནས་རྫི་བོ་སྔ་ལོག་སྲིད་པ་མིན།།
ཡ་གའི་གནམ་ལ་མིག་ཅིག་ཡོད་ན་དྭ་ཕྲུག་འདི་དག་མགོ་ཐང་(ཁྱིམ་མེད་པ)རེད།།
འགྲེལ་བ།
སྣང་མཐའི་ཐུགས་ལས་འོད་ཟེར་འཕྲོས་ཏེ་སྙིང་རྗེའི་སྤྱན་ཆབ་ས་ལ་ལྷུང་བའི་སྐྱེ་སྲིད་མགྲིན་པ་སྔོན་པོ་ཅན། དགེ་སློང་གི་གཟུགས་ཅན་ལ་དམར་ཤོག་གྱི་ལྟ་གྲུབ་ཅན། མ་རྩ་རིང་ལུགས་ཀྱི་ལས་འགུལ་ཅན་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལག་བསྟར་ཅན། དམངས་གཙོའི་སྤྱི་ཚོགས་ནང་ལ་སྒེར་གཙོའི་གཞུང་འཛིན་པ། དེ་ནི་སྡེར་ཐོགས་རྩ་གཟན་དང་རྨིག་ཐོགས་ཤ་གཟན་པ་ལྟ་བུ་ཡིན་པ་གང་ཞིག་ལ། འབྲོག་པའི་རྫི་བོ་ཞིག་ལ་དཔེར་བཞག་ན། འཕར་སྦྱང་རྒོད་པའི་ས་ཆ་ཞིག་ནས། ལུག་དང་མ་ཉོག་སྟེ་མ་བུ་འདྲེས་པའི་ལུག་ཁྱུ་ཞིག་རི་ལ་བརྒྱབ་ནས། རྫི་བོ་རང་ཉིད་སྔ་ས་ནས་ནང་ལ་ལོག་ཡོང་མི་སྲིད་པ་ནང་བཞིན། སྣང་མཐའི་ཟློས་གར་ཁྱེད་རང་གིས་ཀྱང་། བཙན་བྱོལ་ནང་གི་དྭ་ཕྲུག་སྐྱབས་བཅོལ་པ་འདི་དག་དང་། བོད་ནང་གི་ཡུགས་ཕོ་དང་ཡུགས་མོ་དེ་ཚོ་མགོ་ཐང་ངམ་གནས་མེད་ཡུལ་མེད་བཟོས་ནས། འཕར་སྦྱང་རྒྱ་དམར་གྱི་ཁ་ནང་ལ་གཅིག་མི་འཇོག་རྒྱུ་དེ། ཡ་གའི་གནམ་སྔོན་པོའམ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་ལྷ་ཞིག་ཡོད་ན་སྤྱན་གྱིས་གཟིགས་རོགས་ཞེས་པའོ།
ཚིགས་བཅད་བཅུ་གཉིས།
རྩ་བ།
ཡར་ཞུས་མ་ཆོག་ཧོལ་མཇལ་སོགས་ཀྱིས་སྐུ་ངལ་གསོ་རུ་མ་བཅུག་ཁར།།
འགོག་ཁབ་རིམ་པ་བསྟར་ཆགས་དེ་འདྲ་མི་ཡིས་ལྷ་ལ་མཚན་དམོད་རེད།།
མགུལ་ཆམ་ཙམ་ལ་གསོལ་སྨན་མ་མང་བཅུ་གསུམ་སྒང་གི་བསླབ་བྱ་འདི།།
སངས་རྒྱས་གསོན་པོར་ཀ་ཁ་དང་ནི་ཞུ་ལོག་ཉེས་པ་ཉིས་བརྩེགས་བཅས།།
བདག་ལ་ཕོག་ནས་གང་ལ་བརྫངས་ན་ཡིད་ལ་འགྱོད་པ་སྤུ་ཙམ་མེད།།
འགྲེལ་བ།
དགུང་ལོ་ ༨༦ ལ་ཕེབས་པའི་རྒྱལ་བ་རིན་པོ་ཆེ་མཆོག་ད་ནི་སྔར་དང་མི་འདྲ་བར། སྐུ་དབང་ཡང་ཆུང་རུ་ཕྱིན་ནས་སྐུ་ངལ་གསོ་མི་འཇུག་པར། སྤེན་ཚེ་བཀའ་ཤག་གིས་ཡར་ཞུས་ཡང་མ་བྱས་པར་ཧོལ་མཇལ་ལྟ་བུ་བྱས་པ་དང་། རྒྱ་ནད་སྔོན་འགོག་ཆེད་སྨན་ཁབ་རིམ་པ་བསྟར་ཆགས་དེ་འདྲ་ཡང་བརྒྱབ་བཅུག་པ་དེ་ནི། སྤྱན་རས་གཟིགས་སྐུ་ཤ་རློན་པ་ཡིན་ན། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ། མི་ཡིས་ལྷ་ལ་མཚན་དམོད་བྱས་པ་རང་ཡིན་དགོས་པ་དང་། རྫས་སྔགས་ཏིང་ངེ་འཛིན་གྱི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་ལའང་ཅོ་འདྲི་བ་ཡིན་ཕྱིར། ང་ཚོའི་བྱེད་སྟངས་ཡ་མཚན་པ་མང་པོ་བྱས་ན། དཔེར་ན་མགུལ་ཆམ་གསོལ་སྨན་ཕུལ་ཉེས་ཀྱིས་རྒྱལ་དབང་བཅུ་གསུམ་པ་སྐུ་བགྲོངས་པ་ལྟ་བུ། བཀྲ་མི་ཤིས་པའི་ལས་ངན་བྱས་པའི་བསླབ་བྱ་དེ་ཚོ་ལ་དོ་སྣང་བྱེད་རོགས་ཞེས་ཞུ་འདོད་བྱུང་། ཡིན་ནའང་། སངས་རྒྱས་ལ་ཀ་ཁ་དང་སྤྱན་རས་གཟིགས་ལ་མ་ཎིའི་ལུང་ལྟ་བུ་རེད་ཟེར་བ་དང་། ཞུ་ཉེས་ལོག་འགྲེལ་ཟེར་བ་ལྟ་བུས་ཉེས་པའི་སྒང་ལ་ཉེས་པ་བརྩེགས་ནས། བདག་ལ་ཆད་པ་དྲག་པོ་གཅོད་པའམ་ཉེས་པ་ལྕི་མོ་ཕོག་ནས། ཡང་ཚོགས་པ་ཁག་ཁག་གིས་ས་ཆ་གཞན་ཞིག་ལ་བརྫངས་པ་ཡིན་ན་ཡང་། ད་ནི་བདག་ལ་ནི་འགྱོད་པ་སྤུ་ཙམ་ཞིག་མེད་དོ་ཅེས་སྨྲསོ།
ཚིགས་བཅད་བཅུ་གསུམ།
རྩ་བ།
ལི་ཐང་བསྐོར་ནས་ཕྱིར་ཡོང་མེད་པའི་ཁྲུང་ཁྲུང་དཀར་མོ་བོར་ཤུལ་ན།།
ངང་ངུར་ཚོགས་ལ་ཟ་ཁ་དར་ནས་རྒོད་པོའི་འཕུར་ལམ་འགོག་ས་ན།།
སྙན་ཕྲའི་གཟེབ་ཀྱི་གླག་མོ་དག་ལ་དུས་ཀྱི་གུ་ཡངས་མ་ཐོབ་གོང་།།
བདག་ཅག་སེམས་ཅན་ཙམ་དུ་མ་ཟད་ཁྱེད་ཉིད་ཡང་ནི་ཁྱེད་ཀྱིས་སྐྱོབས།།
འགྲེལ་བ།
རྒྱལ་དབང་དྲུག་པ་ལི་ཐང་བསྐོར་ཏེ་བདུན་པར་འཕོས་ནས་ལྷ་སར་ཕེབས་པ་དང་། ལི་ཐང་བློ་སེང་ཁྲུང་ཁྲུང་དཀར་མོར་བརྫུས་ནས་ལི་ཐང་སྐོར་མ་ཐུབ་པར་རྡ་ས་བསྐོར་ནས། སྟག་ཕྲུག་ཉ་མོ་ལ་གནས་འཕོས་ནས་ཕྱིར་ཡོང་མེད་པར་ཕེབས་ཤུལ་ན། དེང་སང་རྡ་སར་ངང་ངུར་ལྟ་བུའི་རྒྱ་ཁྱིའི་ཚོགས་ལ་ཟ་ཁ་དར་ནས་ཡོད་པས། བདེན་པ་དང་དྲང་པོ་བཤད་པའི་རང་བཙན་པ་ཐང་དཀར་རྒོད་པོའི་འཕུར་ལམ་ཡང་འགོག་ཚར་བ་དང་། རྫུན་དང་ཕྲ་མ་གཡོ་རྒྱུ་སོགས་ཀྱིས་སྙན་ལོག་ཞུས་པའི་སྐབས་སུ། ང་ཚོ་ལས་དང་པོ་པའི་སེམས་ཅན་ཚོ་ལ་ནི་དཀའ་ངལ་འཕྲད་པ་ཨ་ཅང་ཅང་། མ་ཟད་སངས་རྒྱས་གསོན་པོ་ཁྱེད་རང་ཡང་ཁྱེད་རང་གིས་སྐྱོབ་མ་ཐུབ་ན། མ་འོངས་པར་འདི་ནས་ལོ་རྒྱུས་ནག་པོའི་གཟེབ་དོང་ལ་ལྷུང་བར་ཐེ་ཚོམས་མེད་དོ་ཅེས་སྨྲས་པའོ།
ཚིགས་བཅད་བཅུ་བཞི།
རྩ་བ།
སྔོན་པོའི་རི་ནས་བྱ་རུ་ཅན་གྱིས་གཤོག་འགྱུར་ཅུང་ཞིག་ངོམ་པ་འདིས།།
མགྲིན་སྔོན་ཟླ་བའི་དགོངས་རྒྱན་སྒང་ལ་བྱ་ཚོགས་གཉིད་ལས་སད་གྱུར་ན།།
བདག་གི་བསམ་པ་དེ་ཡིས་རྫོགས་སོང་བྱ་ཡི་བྱེད་ལས་རྫོགས་པར་གྱིས།།
བྱ་མ་བྱེའུ་གོ་ལྷབ་འགའ་ལ་ཕོ་རོག་དཀར་པོ་ཟེར་དུ་ཆུགས།།
དེ་ཡང་༧གོང་ས་མཆོག་གིས་མགུལ་ཆམ་བཞེས་ཡོད་མེད་མང་ཚོགས་ནང་གསལ་ཁ་མེད་པའི་ཐོག་ལ། ཁོང་གིས་ཕོ་བྲང་རབ་གསལ་དུ་རི་གཟིགས་གནང་བཞིན་པའི་སྐུ་པར་ཞིག་སྒྲོན་པ་དེ། བརྒྱུད་ལམ་ཁག་ནས་གསར་རྙིང་ངོ་རྟག་མ་ཆོད་པ་དང་། དབྱར་དགུན་ཧ་ལོག་འདུག་ཟེར་བ་སོགས་གླེང་ཕྱོགས་སྣ་ཚོགས་འཐོན་བཞིན་པའི་སྐབས་འདིར། འབྲེལ་ཡོད་དྲྭ་གྲོགས་འགས། འདིའི་ཐོག་ལ་ཁོ་བོར་ཐད་གཏོང་ཞིག་བྱེད་རོགས་ལབ་ནས་བསྐུལ་མ་ནན་ཆེར་གནང་མཁན་དག་གི་ངོ་མ་ཆོག་པར། ཐད་གཏོང་གི་ཚབ་དུ་<བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་> ལ་སྦྱར་ནས། གླེང་རྙོག་གི་རྒྱབ་ལྗོངས་མཛུབ་མོ་རི་སྟོན་གྱི་དཔེ་བཞིན། ཐོལ་བྲིས་ཀྱི་བགྱི་བ་འདི་སྤེལ་ཁུལ་ལགས་ན།འདིས་ཀྱང་རིག་པ་སྨྲ་བའི་དྲྭ་གྲོགས་ལྷན་རྒྱས་སྤྲོ་པོ་ཡོང་བའི་རེ་བ་དང་བཅས།
ཨ་ཚོགས་ཀླུ་མཁར་བྱམས་ཞེས་འབོད་པས། ཨོ་གླིང་སྔོན་པོའི་རི་ནས་སྦྱར་བ་དགེའོ།
འགྲེལ་བ།
ཨོ་གླིང་གི་རི་སྔོན་པོའི་གནས་མཆོག་ག་ལ་བ་དེ་ནས། ཞུང་ཞུང་གི་རྒྱལ་པོ་བྱ་རུ་ཅན་གྱི་རྒྱུད་པ་འཛིན་པ། ཨ་ཚོགས་ཀླུ་མཁར་བྱམས་ཞེས་འབོད་པས་རྩོམ་རྩལ་གྱི་གཤོག་འགྱུར་ཅུང་ཟད་ཅིག་ངོམ་ནས་བྲིས་པ་འདིས། མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ཀྱི་དགོངས་རྒྱན་འདི་རྟོགས་པར་ཁོངས་དུ་ཆུད་ནས། བཙན་བྱོལ་བྱ་ཚང་ནང་གི་བྱ་ཚོགས་ཚང་མ་གཉིད་ལས་གཅིག་སད་ཐུབ་ན། བདག་ཨ་ཚོགས་བྱ་རུ་ཅན་གྱི་བསམ་པ་དེ་ཡིས་རྫོགས་པ་ཡིན་ལ། འདོད་པ་ཡང་དེ་ཡིས་ཚིམས་པ་ཡིན། ཡིན་ནའང་།སྐབས་འཚོལ་པ་རྒྱ་མགོ་མཐོ་དུས་རྒྱ་མགོ་དང་། བོད་མགོ་མཐོ་དུས་བོད་མགོ་ཅན་གྱི་རྒྱ་ཁྱི་བྱ་མ་བྱེའུ་ལྟ་བུ་དག་ལ་ནི། ཕྱོགས་སྟོན་གོ་བརྡ་འཕྲོད་པའི་ཐབས་ཤེས་མེད་པས།ཁོ་ཚོ་ལ་དབུ་མའི་ལམ་ལྟ་བུའི་ཕོ་རོག་ནག་པོ་དེ་དཀར་པོ་རེད་ཅེས་ཟེར་ན་ཡང་ཟེར་དུ་ཆུགས། མིག་གཉིས་ཀ་ཕྱེས་ནས་ཆུ་ནང་ལ་མཆོང་ན་ཡང་མཆོངས་དུ་ཆུགས་ཞེས་པའོ།།
༢༠༢༢ ལོའི་ཕྱི་ཟླ་ ༠༨ པའི་ ༡༣ ཉིན་ནེའུ་ཡོག་གྲོང་ཁྱེར་དུ་ཉག་རོང་དོན་གྲུབ་ནས་མཇུག་རྫོགས་པར་བགྱིས་པའོ།།