དགེ་བསྟན།
ས་ཆེན་ཡོམ་ཡོམ་དུ་བསྒུལ་ཞིང་བར་སྣང་ས་རྡུལ་གྱིས་དཀྲིགས་པའི་ས་འགུལ་ཆེས་འཇིགས་སུ་རུང་བ་དེ་བྱུང་ནས་ལོ་འགའ་ཕྱིན། དེའི་རྗེས་ནས་གཞུང་ལམ་རྒྱ་བསྐྱེད་དང་སྡོད་ཁང་གསར་རྒྱག་གི་གྲངས་ཚད་སྔར་བས་ལྡབ་འགྱུར་གྱིས་འཕར་བས། རྒྱལ་ས་ཀ་ཋ་མན་གྲུའི་ནང་ས་ཡོམ་གྱི་མཇུག་འབྲས་གང་ཡང་མཐོང་རྒྱུ་མེད། འོན་ཀྱང་། དེས་བདག་གི་སེམས་ལ་བསླངས་པའི་འཇིགས་སྣང་ནི་སྙིང་གི་ཁོང་དང་། རྩ་ཡི་སྦུབས། ལུས་ཀྱི་བ་སྤུ་བུ་ག་ཀུན་ལ་ད་དུང་ཡང་ཁྱབ་ནས་འདུག་པས། ལྡིར་སྒྲ་དྲག་པོ་རེ་གོ་ཚེ་བདག་གི་སྙིང་གི་འཕར་ལྡིང་འཁྲུགས་ཤིང་། ཁྲག་གི་རྒྱུ་བ་མི་སྙོམས་པར་འགྱུར། ཏྲི་བྷུ་ཝན་རྒྱལ་སྤྱིའི་གནམ་ཐང་དང་བདག་གི་སྡོད་གནས་གཉིས་ཡམ་བུ་གྲོང་ཁྱེར་གྱི་ཕ་རོལ་ཚུ་རོལ་ན་ཡོད་ཀྱང་། གནམ་གྲུ་ཆེན་པོ་དེ་དག་གི་སྐད་སྒྲས་བདག་གི་སྙིང་གི་ལྷིང་འཇགས་ཡོངས་སུ་དཀྲོག་པར་བྱེད། དེ་ལས་ཀྱང་སྙིང་ན་བ་ཞིག་ནི། ཁང་བཟོའི་རྡོ་དང་བྱེ་མ་དབོར་འདྲེན་བྱེད་པའི་རླངས་འཁོར་ཆེན་པོ་དེ་དག་རེད། དེ་དག་བདག་གི་སྡོད་ཁང་གི་ཉེ་འཁྲིས་ནས་ཡར་རྒྱུག་མར་རྒྱུག་བྱེད་སྐབས། བདག་གི་གམ་ན་ཡོད་པའི་ཅ་དངོས་ཐམས་ཅད་ཀྱང་ཙག་སྒྲ་དང་བཅས་གཡོ་འགུལ་བྱེད་ན། སྙིང་གི་འཕར་ཚད་ནི་རྒྱུན་ལྡན་དུ་གནས་ཐབས་ག་ལ་ཡོད།
ཞོགས་པའི་ཁ་ཏོན་ཚར་རྗེས། ཉལ་ཁྲིའི་སྟེང་དུ་རྐང་པ་གཉིས་ཐད་ཀར་མདུན་དུ་བརྐྱངས།ལག་པ་གཉིས་གཉའ་བར་བསྣོལ་ཏེ་ཉལ་ཆས་ལ་བསྙེས་ནས་གན་རྐྱལ་དུ་ཡུད་ཙམ་ལ་བསྡད། གློ་བུར་དུ་འུར་སྒྲ་ཞིག་གིས་སྣ་དྲངས་ཏེ། བདག་གི་ཁང་ཆུང་གྲུ་བཞི་འདར་ཡོམ་ཡོམ་བྱས། དེ་ནི་ས་ཡོམ་མ་ཡིན་པ་ཆ་རྒྱུས་ཡོད་པའི་རླངས་འཁོར་གྱི་འུར་སྒྲ་དེས་གསལ་བོར་ཤེས་རུང་། ས་ཡོམ་གྱི་འཇིགས་པ་སྙིང་གི་ཁོང་ན་བག་ལ་ཉལ་གྱི་ཚུལ་དུ་གནས་པ་དེ་མངོན་དུ་གྱུར་ནས་སྙིང་ལྷེབ་ལྷེབ་ཏུ་གཡུགས་བྱུང་། རླངས་འཁོར་དེ་ཐག་རིང་ལ་མ་འབྱོར་གོང་། དེས་བསླངས་པའི་ཐལ་བ་སྐྱ་ལྷོག་ལྷོག་སྒེ་ཁུང་གི་སྲུབ་ཀ་བརྒྱུད་ནས་བདག་གི་གྱོན་གོས་དང་། ཅོག་ཙེ་སོགས་ཀྱི་སྟེང་དུ་བབས། ‘སུན་པ་ལ་ཨང་།’ ངས་དེ་ལྟར་སེམས་བཞིན་ཨ་ཕད་ཁ་ཕྱེས་ནས་ངོ་དེབ་ནང་ལ་འཛུལ།
དྷ་ར་ཧ་རཱ་ལྕོག་མཁར་བསྐྱར་བཟོ་ལེགས་པར་གྲུབ་ནས་དགའ་སྟོན་གྱི་མཛད་སྒོ་འཚོགས་ཡོད་པ་དང་། དེ་ནི་མཛད་སྒོ་རྐྱང་པ་མ་ཡིན་པར་ས་ཡོམ་གྱི་གོད་ཆག་ཁྲོད་དུ་ཚེ་སྲོག་ཤོར་བའི་མི་རྣམས་ལ་རྗེས་དྲན་བྱེད་པ་ཡང་རེད། སྐབས་དེར་མི་དགུ་སྟོང་གི་སྲོག་ཤོར་བ་མཚོན་ཆེད། འགྱིག་ལྒང་དགུ་སྟོང་དུས་གཅིག་ཏུ་གནམ་ལ་སྤུར་བའི་སྟ་གོན་བྱེད། འགྱིག་ལྒང་བཅུ་ཕྲག་འགའ་རེ་མཉམ་དུ་བསྡམས་ཤིང་འགྱིག་ལྒང་སྡོམ་བྱེད་ཀྱི་ཐག་པ་རས་དམར་ཟུར་གསུམ་དུམ་བུ་གཉིས་ཅན་གྱི་དར་ཆ་དང་། དར་དམར་གྲུ་བཞིའི་སྟེང་ན་སྐར་མ་ལྔ་ཡོད་པ་གཉིས་ཀྱིས་ཡོངས་སུ་བརྒྱན་པར་བྱས། དུས་རྒྱུན་གདོང་ལ་ངུ་ཉམས་འབའ་ཞིག་ཤར་བའི་སྲིད་བློན་དེ་རིང་དགའ་སྤྲོས་རབ་ཏུ་བརྟས་འདུག་སྟེ། ཁོས་འཛུམ་དམུལ་དམུལ་བྱེད་ཀྱིན་མིག་གཉིས་ཀྱིས་མཁའ་ལ་འཕུར་བཞིན་པའི་དར་ཆ་དམར་པོ་གཉིས་ལ་ལྟ་བཞིན། ལག་གཉིས་ཐལ་མོ་སྦྱར་ནས་མདུན་ཐད་ཀྱི་རྒྱ་དཔོན་གྱི་དྲུང་དུ་གུས་ཕྱག་འབུལ་བར་བཅར། སྟབས་མ་ལེགས་པར་རྒྱ་དཔོན་གྱི་མདུན་དུ་འདོམ་གང་ཙམ་གྱིས་མ་སླེབས་གོང་། ཁོའི་རྡོག་སྣེ་རྡོ་འམ་སོ་ཕག་ཅིག་གི་ཟུར་ལ་ཐོགས་ནས་སྡོང་པོ་འགྱེལ་བ་བཞིན་དུ་རྒྱ་དཔོན་གྱི་མདུན་དུ་འགྱེལ། ཏག་ཏག་ཁོའི་དཔྲལ་བ་རྒྱ་དཔོན་གྱི་ཀོ་ལྷམ་འོད་འབར་མའི་སྣ་ཐོད་ལ་ཐུག། རྒྱ་དཔོན་གྱིས། བལ་པོའི་སྲིད་བློན་གྱིས་ཁོ་ལ་གུས་ཕྱག་ཁྱད་པར་བ་ཞིག་བྱེད་ཀྱིན་འདུག་སྙམ་པ་ལས་དེ་འགྱེལ་ནས་གྲིལ་བ་མ་ཤེས་པ་འདྲ་སྟེ། ཁོས་ལག་པ་གཡས་པ་ཐད་ཀར་མདུན་དུ་བརྐྱངས་ཤིང་ལུས་པོ་གློག་གི་ཀ་བ་བཞིན་དུ་འགྲེང་ནས་སྲིད་བློན་ལ་ལག་འཇུ་བྱེད་པར་སྒུག་འདུག
“ཨ་ཡོ་་་་་ཉོབ་པ་ལ་་་་” དྲ་ལམ་འགགས་ནས་བརྙན་འགུལ་མཚམས་ཆད་པ་དང་ངའི་ཁ་ནས་རང་དབང་མེད་པར་སྡུག་སྐད་ཤོར། དེང་སང་སྔོན་མ་ནང་བཞིན་ཉིན་རེར་ཆུ་ཚོད་བཅོ་ལྔ་ཉི་ཤུ་ལ་གློག་མེད་པ་དེ་འདྲ་མ་ཡིན་རུང་། གློག་ནམ་འགྲོ་ནམ་ཡོང་ལ་ངེས་གཏན་ཡེ་ནས་མེད། ང་ཉལ་ཁྲིའི་སྟེང་དུ་སྡོད་མུར་ཅུང་ཟད་གཡས་སུ་འཁོར་ནས་ཁ་པར་ལག་ཏུ་བླངས། གྲོང་ཆོག་ལ་སོང་ནས་རག་པའི་དངུལ་དང་སྐུ་ཡོན་སོགས་རང་ལ་དངུལ་ཡོད་ཚད་བསྡོམས་ནས་ཉོས་པའི་ཀུ་ཤུ་ཁ་པར་ནང་གི་མཉེན་ཆས་གསར་པ་དེ་ལ་ལྟ་ཙམ་བྱས། རྒྱུན་དུ་ངའི་སྒེ་ཁུང་གི་ཕྱི་རོལ་ན་ཡོད་པའི་ཁམ་སྡོང་གི་ཡལ་གའི་སྟེང་དུ་བབས་ནས། ཀྭ་ཀྭ། ཀྭ་བ་ཀྭ་བ། ཀག་ཀག་སོགས་སྐད་སྒྲ་སྣ་ཚོགས་འབྱིན་པའི་ཕོ་རོག་ནག་ཆུང་དེ་ཡིད་ལ་འཁོར། དེ་རྒྱུན་དུ་འོངས་ནས་སྐད་སྣ་ཚོགས་འབྱིན་པ་ལ་བལྟས་ན། དེས་བདག་ལ་བརྗོད་རྒྱུ་ཞིག་ཡོད་པ་འདྲ་ཡང་། སྟབས་མི་ལེགས་པ་ཞིག་ལ་བདག་གིས་ཁྭ་ཏའི་སྐད་མི་གོ་བས། ངས་ཁོ་ལ་བག་ཚོགས་དང་ཟས་ལྷག་ཅུང་ཟད་རེ་བྱིན་ཏེ་དེས་ཁོ་ཚིམས་པའི་རེ་བ་བྱས། དེ་རིང་སླེབས་སོང་ན་མཉེན་ཆས་གསར་པ་དེ་ཚོད་ལྟ་ཞིག་བྱ་དགོས་སྙམ།
ངས་སྒེ་ཁུང་ཕྱེས་ནས་ཕྱི་རོལ་ལ་ལྟ་བཞིན་མཚམས་རེར་ཁ་འདོན་བྱས། སྐབས་རེར་སྐད་འཕྲིན་བརྒྱུད་ནས་ཕ་ཡུལ་གྱི་ཉེ་འབྲེལ་འགའ་ལ་ཁ་བརྡ་བྱས། ཡིན་ནའང་། ངས་རེ་ཞིང་ལྟོས་པའི་ཕོ་རོག་ནག་ཆུང་འོང་རྒྱུ་གཏན་ནས་མི་འདུག
ཉིན་གུང་ཡོལ་ནས་ཕྱི་དྲོ་ལོན་སོང་། འོན་ཀྱང་། ད་དུང་སླེབས་མ་བྱུང་།
རོབ་ཙམ་ལྟས་ཟིན།