པདྨ་ཆོས་སྒྲོན་གྱིས།
རི་ངོགས་ཀྱི་སྤྲེལ་ཚོགས་ནི་ཁེར་ལན་འདེད་མཁན་ཡིན་ལ། བྱ་ཚོགས་ཀྱིས་བདེ་ལམ་སྙེག་གིན་ཡོད་ཟེར། མི་རྣམས་ཀྱིས་ཁེར་ལམ་འདེད་མཁན་གྱི་སྤྲེའུ་དེ་ཚོར་ཁ་ཐུག་གི་ལྡེམ་མྱུར་ལྡན་པ་ལས། ཕུགས་རྒྱང་རིང་བའི་འཆར་གཞི་མེད་རབས་དང་། ཡང་ལ་ལས་བདེ་ལམ་སྙེག་མཁན་གྱི་ཁྭ་ཏ་སྐྱ་ཀ་དེ་ཚོ་མི་བཤད་དགུ་བཤད་དང་། མི་ལས་དགུ་ལས་བྱེད་ཙམ་མ་གཏོགས། བཤད་པ་དང་བྱས་པར་རྒྱུ་མཚན་རྐང་གཅིག་མེད་ཟེར། མ་གཞི་གནས་ཚུལ་དེ་དག་རི་ངོགས་པ་ཚོར་གསར་བ་གང་ཡང་མིན་ལ། དེང་སྐབས་རི་ངོགས་ན་ཁྱབ་ཆེ་བའི་བཤད་ཡམས་ཤིག་ཡོད་པ་ནི་སྤྲེལ་ཚང་སྒང་མ་དང་། བྱ་ཚང་འགབ་མའི་དབར་སྐར་ལྔའི་དར་དམར་བསྲེགས་ཆོག་མིན་གྱི་རྩོད་པ་དང་། དེ་ཡི་མཇུག་འབྲས་སྐོར་རེད།
གཞན་དོན་ཆེད་སྤྲེའུ་བྱང་ཆབ་སེམས་དཔའི་བུ་རྒྱུད་རྣལ་མ་ཚོ་ཚམ་ཚོམ་མེད་པར་མེ་ལ་མཆོངས་ནས་གཞོབ་དྲིར་འཐུམ། ནག་སེང་ངར་གྱུར་བའི་སྐུ་ཕུང་རེ་རེ་སྐལ་བའི་སྡོང་རྒན་བཞིན་ས་རུ་འགྱེལ། དེར་བརྟེན་སྤྲེལ་ཚོགས་ཀྱིས་ཟུངས་ཁྲག་འགོས་པའི་སྐར་ལྔའི་དར་དམར་རྡོག་པས་རྫིས་ཤིང་། རྩབ་ཧྲལ་བཏང་། མཐར་མེ་ལ་བརྒྱབས་པའི་དུད་རླབས་མཁའ་རུ་འཕྱུར། ཐ་ན་སྦྲེལ་ཚོགས་ཀྱི་ཡན་ལག་ཚང་མས་ཀྱང་དེ་ལྟར་བྱ་དགོས་པར་ཁ་བཀོད་འཐེན།
སྐར་ལྔའི་དར་དམར་མེར་འཚིག་བཞིན་པ་བྱ་ཚོགས་ཚང་གི་ཁྭ་ཏ་ཁུག་རྫུས་ཀྱིས་མཐོང་མ་ཐག ཁོ་བས་ཁ་གང་སྔ་དང་ལག་གང་མགྱོགས་ཀྱིས། དར་དམར་མེ་ལ་བསྲེགས་པ་ནི་ “ ང་རང་གཙོས་ཕུག་གི་ཡར་ལྷ་ཤམ་པོ་དང་། རིགས་མཐུན་གྱི་འདབ་ཆགས་༼ཀྲུང་གོ་བ༽དུང་ཕྱིར་བཅུ་བོར་ཕོག་ཐུག་བཏང་སོང་ལ། ང་དང་ང་ཚོ་ནི་སྐར་ལྔའི་དར་དམར་འཕྱར་མཁན་ཡིན། ཁྱོད་དང་ཁྱོད་ཚོ་དར་དམར་བསྲེགས་མཁན་གྱི་ཁ་བྲལ་བ་ཉུང་ཤས་ཤིག་རེད་ ”ཅེས་བརྗོད། བྱ་བརྒྱ་གྱེན་ལ་འབུར་སྐབས་ཁྭ་ཏ་ནག་ཙོག་ཐུར་ཡ་འགྲོེ་ཟེར་བ་བདེན་ངེས་མོད། གླེང་རྙོག་དེར་བརྟེན། དྲ་ངོགས་ན་འཁྱམ་པའི་འབུ་སྲིན་ཚོགས་ཀྱིས། ད་ནི་ཁེར་ལམ་འདེད་མཁན་གྱི་སྤྲེལ་ཚོགས་དང་། བདེ་ལམ་སྙེག་མཁན་གྱི་བྱ་ཚོགས་ཁ་དང་ཁུ་སྤུ་ཁ་ཁ་འགྲོ་རན་འདུག་ཟེར་ནས་འུར་བརྒྱབ་ཅིང་། སྐབས་དེར་བྱས་ངན་ངོ་སོར་ཁྱེར་བ་ལྟ་བུ་ཁྭ་ཏ་ཁུག་རྫུས་ཀྱི་གདོང་པ་འཛུམ་དམུལ་དམུལ་བྱེད་ཞོར། ཁོ་རང་ཐང་དཀར་རྒོད་པའི་ཡང་སྲིད་ཡིན་མདོག་སྟོན་རྒྱུར་ཡང་ངོ་མི་ཚ་བར་གྱུར།
དེ་ཙམ་ཀྱིས་ག་ལ་ཚད། རང་དབང་སྒེར་ཚིགས་ཀྱི་དཔའ་གཏམ་ཁྲོད། སྤྲེའུ་རྒོད་རྣམས་མེ་ལ་མཆོངས་པའི་འབར་ཤུགས་ཀྱིས། ཁྭ་ཏ་ཁུག་རྫུས་དང་། སྐྱ་ཀ་སྐྱ་གོག་སོགས་ཀྱི་རྔ་སྤུ་འཚིག་གྲབས་བྱས་ཤིང་། དེ་ནས་བདེ་ལམ་སྙེག་རྒྱུ་དེ་ཞེ་འདོད་མཐར་ཐུག་ཡིན་པར་སྨྲ་མཁན་གྱི་རིགས་མཐུན་ཚོ་ཅི་བྱ་གཏོལ་མེད་དུ་གྱུར། ཁོ་ཚོས་རི་ངོགས་འདི་ན་ “ བདེ་ལམ་ཀྱི་དགོངས་པ་མཐར་ཐུག་རྟོགས་མཁན་མི་འདུག”ཅེས་སྐད་ངན་ཤོར་བ་དང་། བྲེལ་ཟིང་ངང་བདེ་ལམ་ངོ་སྤྲོད་ཀྱི་འདུ་ར་བསྡུས།
ཉོག་བཤད་དེའི་རིགས་ཉན་ན་མི་གོ་ཞིང་། གོ་ནའང་མི་འདོད་མཁན་གྱི་ཚོགས་ཞུགས་པའི་ཁྲོད། བྱ་མ་བྱེའུ་ཀོ་ལྷབ་ཀྱིས་ངང་མོ་ཚེ་སྒྲོན་གྱི་གླུ་གཞས “ ཁྱི་དང་ཕག་པ་གཉིས་ཀ་ཨ་མ་གཅིག་གི་བུ་ཕྲུག་ཡིན། ཨ་མའི་མིང་ལ་ཀྲུང་གོ་ཟེར”ཅེས་པའི་གཞས་དེ། ཁོས་ཁ་པར་སྒོ་འབྱེད་ཀྱི་རོལ་དབྱངས་ལ་བཅུག་པ་དང་། ཁ་པར་རེ་སླེབས་ན་གཞས་དེ་ངང་གིས་གྲགས་ཡོང་གི་ཡོད་ལ། ཚོགས་ཐོག་ནས་བྱེའུ་ཀོ་ལྷབ་གྱིས་ང་རང་ཚོའི་བདེ་ལམ་གྱི་དགོངས་གཞི་མཐར་ཐུག་སྒྲུབ་དགོས་ཕྱིན། འདི་ལྟར་བྱ་དགོས་ཞེས་བྱ་ཚོགས་ལ་གཞས་དེ་བཏང་ནས་ཀྱག་ཀྱག་བྱས། བློ་ཕམ་པ་ཞིག་ལ་འཁོར་བ་རྒྱབ་ཁུག་ཅན་གྱི་བྱ་རྒན་གོག་གས་དེ་ཀྱག་ཀྱག་ཡིན་པའང་མ་ཤེས་པར། ཕུ་ཐུང་དཔུང་རྩར་རྫིས་ཞོར་ “ ད་ཡིན་ན། བདེ་ལམ་ཀྱི་དགོངས་གཞི་བདེ་ལེགས་ངང་འགྲུབ་ཆེད་་་ང་ཚོས་བྱ་སྤྲེལ་གནས་བསྡོད་ཀྱི་རི་ལུང་གང་སར་རྒྱང་བསྒྲགས་བཙུགས་ཏེ། གོང་གི་གཞས་དེའི་གཙོས། བདེ་ལམ་ཀྱི་གསལ་འགྲེལ་བྱ་རན་པ་རེད་་” ཞེས་ཧུར་བརྩོན་ཆེ་མདོག་བསྟན་པ་དང་། ཁོས་ད་དུང་ “ སྤྲེལ་སྲས་རྣམས་མེ་ལ་བསྲེགས་ཁའི་ཞལ་ཆེམས་ལྟར། ང་ཚོས་ཡར་ལྷ་ཤམ་པོ་ཡུལ་ཁ་བ་གངས་ཅན་ལྗོངས་ལ་གདན་འདྲེན་ཞུ་དགོས་པ་རེད་ ” ཅེས་ངར་ཤུགས་འཁོལ།
དེ་མུར་ངང་བ་གསེར་ཆུང་ཚོགས་རའི་དཀྱིལ་ནས་ཡར་ལངས་ཏེ་“ ཡ་ད་ཁྱོད་སྡོད་་་ཡར་ལྷ་ཤམ་པོ་ཡུལ་ཁ་བ་གངས་ཅན་ལྗོངས་ལ་གདན་འདྲེན་ཞུ་ཐུབ་པའི་དབང་དུ་བྱས་ཀྱང་། སྐུའི་སྲུང་ཕྱའི་འགན་སུས་འཁུར་ཐུབ། བྱ་སྤྲེལ་དབུས་སྒྲིག་འཛུགས་ཀྱི་ཁྲི་བས་འགན་དེ་ཐེག་གམ། ཡང་ན་ཁྱོད་ཀྱིས་འགན་འཁུར་རྒྱུ་ཡིན། དེ་སྔར་ཡུལ་ཁ་བའི་ལྗོངས་ཀྱི་གཅན་གཟན་ལག་ནས་སྤྲེལ་སྲས་གདོང་དམར་སྣང་གསལ་སྐུ་བཀྲོངས་བ་དང་། ད་ཆ་ཡང་སྲིད་བཙོན་ལ་བཅུག་འདུག་ཀྱང་། ང་ཚོས་ཅི་ཞིག་བྱེད་ཐུབ་ཡོད་” ཅེས། འཁོར་བ་རྒྱབ་ཁུག་ཅན་གྱི་བྱ་རྒན་གོག་པར་ཁ་གྲགས་རྒྱུ་མེད་པའི་ལན་ཞིག་བརྒྱབས། ཉིན་དེར་བྱ་ཚོགས་ཀྱི་འདུ་ར་འཁྲུག་པོ་ཞེ་དྲག་བྱུང་ཡང་། མཐར་གྲོས་ཆོད་གཅིག་རང་འཇོག་ཐུབ་བྱུང་བ་ནི། བྱ་ཚང་འགབ་པའི་ལས་ཁུངས་ཀྱི་ཐོག་ཁར་སྐར་ལྔའི་དར་དམར་ཞིག་འཛུགས་རྒྱུར་གྲོས་འཆམ་བྱུང་བ་ཙམ་རེད།
རྫ་མགོའི་ཁ་བ་རིམ་ཀྱིས་བཞུར་ནས་དཔྱིད་ཟླ་ར་བའི་ལྗང་མྱུག་འབུས། ད་ལོ་དངོས་གནས་འབྲོང་སྟག་ཐང་གི་གནད་དོན་ཐད། ཞི་མོལ་ཡོང་བཟོ་འདུག་ཟེར་བའི་སྐད་ཆ་ཞིག་རི་ངོགས་ཀྱི་རྐང་སྣམ་ཁྲོམ་ལམ་ནས་འདྲོགས་མགོ་སློང་། ཞིབ་མོར་ཉན་ཡོང་དུས། སྔར་ལོ་བྱ་སྦྲེལ་བཙན་རྫོང་གི་མིང་བྱང་དབུས་བྱ་སྤྲེལ་སྒྲིག་འཛུགས་ལ་བསྒྱུར་བ་ནི་བརྡ་ལན་ཞིག་ཡིན་པ་དང་། ད་ཆ་ཞི་མོལ་དངོས་འབྲེལ་འགོ་མ་བཙུགས་གོང་གི་སྔོན་འགྲོའི་ཆ་རྐྱེན་ལ། དབུས་བྱ་སྤྲེལ་སྒྲིག་འཛུགས་ཀྱི་གཞུང་སྒྲུབ་ཁང་གི་ཡངས་སྟེང་ནས་ཀྱང་བྱ་ཚོགས་འགབ་མ་ཚང་ནང་བཞིན། གངས་སེང་དར་ཆ་མར་ཕབས་ཏེ་ཚབ་ཏུ་སྐར་ལྔའི་དར་དམར་སྒྲེང་འཛུགས་བྱ་དགོས་ལ། དེར་དབུས་བྱ་སྤྲེལ་སྒྲིག་འཛུགས་ཀྱིས་ཁས་ལེན་བྱས་པ་རེད་ཟེར་བའི་སྐད་ཆ་ཞིག་ཇ་ཁ་ཆང་ཁར་ཁྱབ། འོན་ཀྱང་། གནས་ཚུལ་དེའི་སྐོར་རླུང་འཕྲིན་སོགས་བརྒྱུད་ལམ་ཚད་ལྡན་ན་གོ་རྒྱུ་མེད་མོེད། ཁྭ་ཏ་ཁུག་རྫུས་དང་། སྐྱ་ཀ་སྐྱ་གོག་སོགས་ཀྱིས་བཤད་ཡམས་དེའི་མགོར་གཅིག་ནས་གཉིས་དང་། གཉིས་ནས་གསུམ་བསྣན་ནས་བདེན་བདེན་འདྲ་བོ་ཞིག་བཟོས།
དཀྲོགས་གཏམ་དེ་སེར་མ་རླུང་ལས་ཀྱང་མགྱོགས་པར་བརྟེན། བྱམས་པ་གླིང་རྒན་གསོ་ཁང་གི་སྤྲེལ་རྒན་འགས་སྐད་ཆ་དེ་གོ་མཚམས། ཁོ་ཚོས་“ གཏམ་ངན་དེ་བདེན་ཤོས་ཆེ་ན། ཡང་སྔོན་གུར་སེར་བོའི་རྩ་འཛུགས་ཁྲོད་ཀྱི་སྤྲེལ་རྒོད་དག་གིས་རང་སྲོག་བཅད་པའི་དུས་ཚོད་དེ་སླར་ཡང་སླེབས་ངེས་རེད། མ་ཤི་ན་གོ་རྒྱུ་མང་ཟེར་བ་ལྟར་་་་ལས་འདི་ངོ་མ་བཙོག་གི་”ཞེས་ཕན་ཚུན་ལབ་གླེང་བྱེད་ཞོར། རྒན་གོག་ཚོའི་ཕྲེང་རྡོག་རེ་དང་མིག་ཆུའི་རྡོག་པོ་རེ་མོས་སུ་བྲང་གཞུང་བརྒྱུད་ས་རུ་ཟགས།
སྐད་ཆ་དེའི་གྲས་ནི་སྤྱིར་བཏང་ཞིག་མིན་སྟབས། གནས་པོ་ཚང་གི་སྲུང་མ་འཁྲུག་པ་དང་། ཟ་ལ་དགའ་ཞིང་བཏུང་ལ་རྔམ་པའི་སྐོར་སྲུང་བ་མང་པོ་ཞིག་གིས་བླ་ན་མེད་པའི་འོས་འགན་ཁ་ལ་ཁྱེར་དེ། བྱ་སྤྲེལ་རི་ངོགས་ལ་ཁྱོན་ཡོངས་ནས་དམ་དྲག་བྱས་ཤིང་། བདེན་བདེན་འདྲ་བའི་གནས་ཚུལ་དེ་རྒྱལ་ས་མཁར་དམར་གྱི་བདེ་སྲུང་བཀོད་འདོམ་ཁང་ལ་འབྱོར་བ་མ་ཐག གླང་ཆེན་དང་། མ་ཧེ། རྔ་མོང་། རྟ་བོང་སོགས་གྲོས་ལ་དབང་བའི་མཛད་གཙོ་རྣམས་ཀྱིས་ཛ་དྲག་ཚོགས་འདུ་འཚོགས་ཤིང་། ཚོགས་ཐོག་ནས་ལོ་འདི་འགའི་ནང་འབྲོང་སྟག་ཐང་དབར་གྱི་རྩོད་རྙོག་ལ་གཞི་རྩའི་ཞི་འགྲིག་གྱི་རྨང་གཞི་གྲུབ་མེད་མོད། བྱ་སྤྲེལ་རི་ཚོགས་ཀྱི་བཅའ་སྟངས་ལས་སྟངས་ལ་དོ་སྣང་ཅིས་ཀྱང་བྱ་དགོས་ཚོད་རེད། སྔར་ལོ་བྱ་སྦྲེལ་བཙན་རྫོང་གི་མིང་བྱང་དེའང་དབུས་བྱ་སྤྲེལ་སྒྲིག་འཛུགས་ལ་བསྒྱུར་བར་དོ་སྣང་ཆེན་པོ་བྱུང་ཞིང་། གང་ལྟར་ཁ་སྡོད་ཚོད་མེད་པའི་ཁྭ་ཏ་དང་སྐྱ་ཀ་དེ་ཚོ། ལག་བསྡོད་བཟོ་མེད་པའི་སྤྲེལ་ཕྲུག་དེ་ཚོར་བཟོ་ལྟ་ཞིག་སྟོན་རན་པ་རེད་ཟེར་བ་སོགས་ཉིན་དེར་བགྲོ་གླེང་ཤུགས་ཆེན་བྱས།
ཞོགས་པར་ལས་ཁུངས་ཚུགས་མ་ཐག རྒྱལ་ས་མཁར་དམར་ནང་གི་དབུས་བྱ་སྤྲེལ་སྒྲིག་འཛུགས་ཀྱི་དོན་གཅོད་སྐུ་ངོ་བྱ་འུག་ལྕགས་ཀྱི་ལ་ཐོད་ཅན་ལ་ཛ་དྲག་ཁ་པར་ཅིག་སླེབས་པ་དང་། ཁ་པར་ལས་“ བྱ་སྤྲེལ་གྱི་རི་ངོགས་ན་སྐར་ལྔའི་དར་དམར་ལ་དུང་ཞེན་ཅན་གྱི་བྱ་བྱེའུ་རིགས་མང་རུ་འགྲོ་བཞིན་པ་དང་། ད་དུང་ལག་པ་བསྡོད་བཟོ་མེད་པའི་སྤྲེལ་ཕྲུག་འགའ་ཡང་ག་ས་གང་ལ་འཛེག་ཡོང་གི ང་ཚོར་དེ་དག་ངོ་རྟགས་གཅོད་འདོད་ཡོད་ལ། ཁྱོད་ཀྱིས་དེའི་སྐོར་གྱི་མིང་ཐོ་ཁྱེར་ནས་ཤོག ཉིན་གསུམ་ཀྱི་ཡན་འགོར་མི་ཆོག་་་ ” ཅེས་བརྗོད་མཐར། ཁ་པར་ཁྲོག་སེར་བཞག ཁ་པར་དེ་ནི་མཁར་དམར་རྒྱལ་སྲུང་ཁང་ནས་ཡིན་པ་དང་། གླང་ཆེན་གྱི་སྣ་ཞག་ལས་བྱུང་བའི་སྐད་གདངས་དེ་མཁྲེགས་ནས་གོ་ཁག་ལ། སྡིག་རྩུབ་ཀྱིས་བླ་ཁྱེར་གྲབས་བྱེད།
དེ་མུར་དོན་གཅོད་སྐུ་ངོ་བྱ་འུག་ལྕགས་ཀྱི་ལ་ཐོད་ཅན་གྱིས། ཡར་སྤྲེལ་ཚོགས་ཡིག་ཚང་ལ་འབྲེལ་བ་བྱས་ཀྱང་ཁ་པར་ལེན་མཁན་མ་བྱུང་། བརྩད་ཞིབ་བྱས་པར་དེ་ཉིན་སྤྲེའུ་བྱང་ཆབ་སེམས་དཔའི་བུ་རྒྱུད་ཅིག་གིས་རྒྱལ་ས་མཁར་དམར་གྱི་ཉེ་འཁྲིས་ནས་རང་ལུས་མེར་སྤྱིན་བཏང་བར་བརྟེན། སྤྲེལ་ཚོགས་ཀྱི་རྒྱུན་ལས་ཚོ་དེར་ཕྱིན་པར། ཡུལ་ལྷའི་དཔུང་ཚོགས་དྲག་ཏུ་ཁྲོས་ནས་ཚང་མ་བཟུང་བ་དང་། མཐར་ལྕགས་ཀྱི་དྲ་མར་བཅུག་སྟེ་ཏྷེར་ཅལ་ལ་ཁྲིད་ཕྱིན་འདུག་ཁར། སྤྲེལ་དཔོན་སྤྲ་སྐྱ་ཀླད་དམར་ཧ་ཤིང་རི་ལ་ཕྱིར་ཕུད་བཏང་སོང་བ་སོགས་རྐྱེན་ངན་བྱུང་འདུག་པའང་ཤེས་པར་གྱུར།
དེ་ནས་དོན་གཅོད་སྐུ་ངོས་བྱ་ཚོགས་འགབ་མའི་ཡིག་ཚང་བ་འབྲེལ་བ་བྱས། ཁ་པར་འགྱོག་མཁན་ནི་སྐད་རྒྱུད་མའི་མཐིལ་ལ་ལྷུང་འདུག་པའི་ཁྱིམ་བྱ་སྒ་རལ་མ་རེད། སྐུ་ངོས་བྱ་ཚོགས་ཀྱི་འགོ་བྱེད་སུ་ཡོད་དྲིས་པར། མོས་འཚབ་འཚབ་ངང་་་་ངེད་ཚང་གི་འགོ་ལས་ཚོས་ཁ་ཉིན་ཡིག་ཚང་གི་ཡངས་སྟེང་ལ་སྐར་ལྔའི་དར་ཆ་སྒྲེང་འཛུགས་བྱ་སྐབས། བར་སྣང་ནས་བྱ་གླང་སླེ་བོ་འདྲ་བ་སྐོར་ཅིག་མར་བཅུམ་ཡོང་སྟེ། སྐྱ་ཀ་སྐྱ་གོག་དང་། ཁ་ཏ་ཁུག་རྫུས་ཚང་མ་བཟུང་ནས་མི་མངོན་པའི་དབྱིངས་ལ་ཁྱེར་ཐལ། ཁ་ཅིག་གིས་ཁོང་ཚོར་དད་པ་དག་སྣང་ཡོད་ཙང་སྐྱོབ་མཁན་ཞིག་གིས་ཡར་དྲངས་པ་ཡིན་རྒྱུ་རེད་ཟེར་མོད། བྱ་སྤུ་ལྷོག་ལྷོག་དང་བྱ་སྐྱག་འཛར་འཛར་ངང་ཁྲིད་སྟངས་ལ་ལྟས་ན། ཧ་ལམ་ཡག་རྟགས་ཤིག་ཡིན་ས་མ་རེད། སྐུ་ངོ་མཁྱེན༌༌་ཁོང་ཚོར་ཐབས་ཤེས་གང་ཡོད་གནང་རོགས་ཞེས་བརྗོད་པ་དང་། ཁྱིམ་བྱ་སྒ་རལ་མས་ངུ་སྐད་ལྷོང་ལྷོང་ངང་ཁ་པར་མར་བཞག
སྐོ་ངོ་བྱ་འུག་ལྕགས་ཀྱི་ལ་ཐོད་ཅན་ཁྱུག་ཙམ་རིང་ལག་གི་ཁ་པར་ཡང་ས་རུ་འཇོག་རྒྱུའི་དྲན་པ་བརྗེད་ཅིང་ཧར་ནས་ལུས། སྐབས་དེར་ཡིག་ཚང་གི་སྣེ་ལེན་པ་བརྒྱུད་སྐོ་ངོར་ཞལ་པར་གལ་ཆེན་གཞན་ཞིག་འབྱོར། ཁ་པར་དེ་སླར་ཡང་རྒྱལ་ས་མཁར་དམར་ནས་བཏང་ཡོང་བ་ཞིག་རེད་ལ། ཁ་པར་ལས་“ད་ཁྱོད་ཀྱིས་ཁ་སྔོན་བཤད་པའི་མིང་ཐོ་དེ་ཚོ་མ་བཙལ་ན་ཆོག སང་ཉིན་བཀའ་རྒྱ་གཞན་ཞིག་ཡོད་་་དེ་དབར་ཏུ་བསྒུག་ནས་བསྡོད་་་་”ཞེས་བཤད་པ་དང་ཁ་པར་ཁྲོག་སེར་བཞག གླང་ཆེན་གྱི་སྣ་ཞག་ལས་བྱུང་བའི་སྐད་གདངས་དེ་སྔར་བཞིན་མཁྲེགས་ནས་གོ་ཁག་ཞིང་། སྡིག་རྩིབ་ཀྱིས་བླའང་ཁྱེར་གྲབས་བྱེད།
ཉིན་འགའི་རྗེས་སུ། བལ་ཡུལ་འཕགས་ཞིང་གི་རི་གཤམ་ཀྱི་གད་སྙིགས་ནང་གི་ཚོགས་གཏོར་ཐོག་ཁྭ་ཏ་དང་སྐྱ་ཀ་སྐོར་ཞིག་བབས་སྟེ། རླབས་ཆེན་མེས་རྒྱལ་གྱི་བང་དུ་ལོག་འགྲོ་ཟེར་བའི་གླུ་གཞས་གཏོང་བཞིན་འདུག་ལ། ཁ་ཅིག་གིས་དེའི་ནང་ལ་ཁྭ་ཏ་ཁུག་རྫུས་དང་། སྐྱ་ཀ་སྐྱ་གོག་འདྲ་བོ་གཉིས་ཀྱང་འདུག་ཟེར།
གང་ལྟར་ཉིན་དེར་རྒྱལ་ས་མཁར་དམར་གྱི་ལྷོ་ཁུལ་རྟེན་གཞི་བྱས་པའི་ཉེན་རྟོག་པའི་མོ་ཌ་གཅིག་དང་། དམག་མིའི་མོ་ཌ་བཅུ་གྲངས་ཤིག་བྱ་སྤྲེལ་རི་ངོགས་ཀྱི་ཕྱོགས་སུ་གཤར་ཡོང་གི་འདུག་ལ། སྐུ་ངོ་བྱ་འུག་ལྕགས་ཀྱི་ལ་ཐོད་ཅན་མཁར་དམར་རྒྱལ་སྲུང་ཁང་ལ་ཕྱིན་པར་ད་དུང་འང་ཚུར་ལོག་མ་བྱུང་མོད། ད་ཆ་གར་ཡོད་ཀྱི་ཁ་པར་ཙམ་ཡང་གཏོང་ས་མི་འདུག༌༌༌༌༌༌༌༌