ཡོང་ཁུངས། ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།
༄༅། ། ཉེ་སྔོན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གཏན་འབེབས་དང་། དཔར་འགྲེམས་ཞུས་པའི་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་ཐོག སྤྱི་ཚོགས་དྲ་རྒྱ་ཁག་ཏུ་བསམ་ཚུལ་གང་མང་འདོན་སྤེལ་བྱེད་བཞིན་འདུག་པར། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཐོག་དོ་འཁུར་གྱིས་བགྲོ་གླེང་གནང་བར་དགའ་བསུ་དང་སྦྲགས། འདི་ལས་ནས་དེ་འབྲེལ་གྱི་དངོས་ཡོད་གནས་ཚུལ་གསལ་བཤད་ཞུ་རྒྱུར།
1. བོད་མི་རྣམས་བཙན་བྱོལ་དུ་གྱར་རྗེས། ཕྱི་ནང་རྒྱུ་རྐྱེན་དུ་མ་ཞིག་གིས་ལོ་རེ་བཞིན་ཕྱི་རྒྱལ་ཡུལ་གྲུ་གང་སར་གནས་སྤོས་བྱེད་མཁན་མང་དུ་འགྲོ་བཞིན་པ་དང་། གནས་ཡུལ་རྒྱལ་ཁབ་སོ་སོའི་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཚོགས་སྒེར་གང་མང་ནས། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་ཆེད་གཟའ་མཇུག་སློབ་གྲྭ་དང་འཛིན་གྲྭ་གསར་འཛུགས་དང་། སློབ་དེབ་གསར་རྩོམ་སོགས་ཀྱི་ལས་འཆར་གང་ཐུབ་སྤེལ་བཞིན་ཡོད། གོང་གསལ་ལས་དོན་ཁག་གལ་ཆེར་སོང་། ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་༢༠༡༢ ནས་བཟུང་། བསླབ་གཞི་མཁོ་འདོན་དང་། བརྙན་འཕྲིན་བཟོ་སྒྲིག སློབ་དེབ་བསྐྱར་ཞིབ་སོགས་ཀྱི་མཐུན་འགྱུར་གང་ཐུབ་ཞུས་ཡོད།
2. བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་གི་འབྲེལ་ཡོད་དགེ་རྒན་རྣམས་ནས། སྔོན་འགྲོ་ནས་འཛིན་རིམ་བརྒྱད་པ་བར་གྱི་བོད་ཡིག་སློབ་དེབ་རགས་ཟིན་བཟོ་འགོད་བྱས་ཡོད་ཅིང་། སྔོན་འགྲོ་དང་། འཛིན་རིམ་དང་པོ། འཛིན་རིམ་གཉིས་པ་བཅས་ཀྱི་སློབ་དེབ་འདི་ལས་ནས་གཏན་འབེབས་ཟིན་ཏེ། ཉེ་ཆར་པར་སྐྲུན་དང་འགྲེམས་སྤེལ་བྱས་ཡོད།
3. གོང་གསལ་སློབ་དེབ་ཁག་ཕྱི་ལོ་༢༠༡༤ ཟླ་༨ ཚེས་༡༥ ནས་༡༧ བར་ཉིན་གསུམ་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་བསྐོང་ཚོགས་བྱས་པའི་བོད་ཀྱི་སྐད་ཡིག་རིག་གཞུང་སློབ་གྲྭའི་ཚོགས་འདུའི་གྲོས་ཆོད་ཀྱི་སྔོན་གླེང་ནང་“༢༠༡༢ ནང་བསྡུ་བསྐོང་བྱས་པའི་ཚོགས་འདུ་གཉིས་པའི་ཐོག་སྔོན་འགྲོ་དང་འཛིན་རིམ་དང་པོ། འཛིན་རིམ་གཉིས་པ་ལས་གྲུབ་པའི་ཚན་པ་དང་པོ། འཛིན་རིམ་གསུམ་པ་དང་བཞི་པ། ལྔ་པ་གསུམ་ལས་གྲུབ་པའི་ཚན་པ་གཉིས་པ། འཛིན་རིམ་དྲུག་པ་དང་། བདུན་པ། བརྒྱད་པ་གསུམ་ལས་གྲུབ་པའི་ཚན་པ་གསུམ་དུ་དབྱེ་ཐོག ཚན་པ་དང་པོའི་དམིགས་ཚད་གཙོ་བོ་སློབ་མ་ཚོས་བོད་སྐད་རྒྱག་ཐུབ་པ་ཞིག་དང་། ཚན་པ་གཉིས་པའི་དམིགས་ཚད་བོད་ཡིག་ཀློག་ཐུབ་པ། ཚན་པ་གསུམ་པའི་དམིགས་ཚད་འབྲི་ཀློག་གཉིས་ཀ་ཡོང་ཐབས་འབད་བརྩོན་ཞུ་རྒྱུ།” ཞེས་གསལ་བ་ལྟར། གོང་གསལ་དམིགས་ཚད་གཙོ་བཟུང་གིས། རྩོམ་སྒྲིག་དང་རགས་ཟིན་བཟོ་འགོད་བྱས་ཡོད།
4. ཤེས་རིག་ལས་ཁུངས་ནས་སྔ་ཕྱིར་གཞི་རིམ་སློབ་གྲྭ་ཁག་གི་བོད་ཀྱི་སྐད་ཡིག་སློབ་དེབ་གཙོས། སློབ་དེབ་མང་དག་ཅིག་རྩོམ་སྒྲིག་དང་འདོན་སྤེལ་ཞུས་ཡོད་ཅིང་། སློབ་དེབ་དེ་དག་བོད་ཀྱི་རིག་གཞུང་དང་། བརྡ་སྤྲོད་ཀྱི་རྣམ་གཞག་དང་མཐུན་པར་རྩོམ་སྒྲིག་བྱས་ཡོད། དེ་ལྟར་ཡང་། ད་ཡོད་བོད་ཀྱི་སྐད་ཡིག་སློབ་དེབ་རྣམས་བྱང་ཨ་རིས་གཙོས་པའི་ནུབ་ཕྱོགས་ཡུལ་གྲུ་ཁག་གི་གཟའ་མཇུག་སློབ་གྲྭའི་འཛིན་གྲྭའི་ཚོགས་དུས་དང་། སློབ་མའི་གནས་ཚད་ལ་ལྟོས་ནས། ཐད་ཀར་བེད་སྤྱོད་གཏོང་ཐབས་མེད་པའི་དངོས་ཡོད་གནས་ཚུལ་ལ་བརྟེན། བོད་ཀྱི་སྐད་ཡིག་དེ་བཞིན་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་ཁྲིད་མི་བྱེད་ཐབས་མེད་དུ་གྱུར་ཡོད། དེར་བརྟེན་གོང་གསལ་ཚོགས་འདུའི་དགོངས་དོན་དང་། སློབ་ཕྲུག་དེ་དག་ལ་དངོས་སུ་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་རྣམ་པའི་ལོ་མང་གི་ཉམས་མྱོང་ལ་བརྟེན་ནས་རགས་ཟིན་བཟོ་འགོད་བྱས་པར། འདི་ལས་ནས་གཙིགས་ཆེར་བཟུང་ཏེ་གཏན་འབེབས་བྱས་པ་ཡིན།
5. གོང་གསལ་གཏན་འབེབས་བྱས་པའི་སློབ་དེབ་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཆེད་བརྗོད་ནང་། “སློབ་དེབ་རྣམས་སྤུས་ཚད་དང་ལག་ལེན་དངོས་ནང་ཚད་ལྡན་ཡོང་ཆེད་ལོ་གཅིག་རིང་ཚོད་ལྟའི་ཐོག་ནས་བེད་སྤྱོད་བྱ་རྒྱུ་དང་། སློབ་དེབ་ཀྱི་བརྗོད་བྱ་དང་། རྗོད་བྱེད། སྒྲིག་སྟངས། ཐབས་ཚུལ། ཆད་ལྷག་ཅི་ཡོད་ཐོག་རྒྱ་ཆེའི་བོད་དགེ་རྣམས་དང་། ཕ་མ། ཚོགས་སྒེར་ཅི་རིགས་ནས་དགོངས་འཆར་གནང་སྐྱོང་ཡོང་བའི་རེ་བ་དང་འབོད་སྐུལ་ཅི་ཆེར་ཞུ་བཞིན་ཡོད།” ཅེས་གལ་ཆེ་དོན་ཆེན་དུ་བརྩིས་ནས་བཀོད་ཡོད་ཀྱང་། སྤྱི་ཚོགས་དྲ་རྒྱ་ཁག་ཏུ་བསམ་ཚུལ་འདོན་པ་ཙམ་ལས། ཤེས་རིག་ལས་ཁུངས་སུ་དེ་འབྲེལ་གྱི་ཡིག་ངག་གང་རུང་ནས་བསམ་ཚུལ་འབུལ་མཁན་གཅིག་ཀྱང་མ་བྱུང་། ད་ལན་གསལ་བཤད་འདི་བརྒྱུད་ནས་རྒྱ་ཆེའི་མང་ཚོགས་རྣམས་ལ་སླར་ཡང་ཞུ་རྒྱུར། བོད་ཀྱི་སྐད་ཡིག་དེ་བཞིན་སྐད་ཡིག་གཉིས་པའི་ཚུལ་དུ་ཁྲིད་ཐབས་ཀྱི་བསླབ་གཞི་དང་། སློབ་ཁྲིད་ཐབས་ལམ། སློབ་དེབ་རྩོམ་སྒྲིག་བྱ་ཕྱོགས་སོགས་ལ་དགོངས་འཆར་གང་ཡོད། འདི་ལས་སུ་ཡིག་ཐོག་ནས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
6. གོང་གསལ་སློབ་དེབ་ཁག་ནང་དག་ནོར་ཁག་ཅིག་བྱུང་འདུག་པར། བཟོད་གསོལ་དང་སྦྲགས། འདི་ནས་བཅོས་སྒྲིག་གིས་མཐའ་མའི་གཏན་འབེབས་སྐབས་དེ་རིགས་མི་ཡོང་བར་གཙོ་འདོན་ཞུ་རྒྱུ་བཅས།
ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༡༦ ཟླ་༨ ཚེས་༢ ལ།
མཐའ་མ་དེ་ལ་དགོངས་དག་ཅིག་ཞུ་ཐུབ་མི་ཐུབ་ཙམ་ཞིག་གིས་དགོངས་དག་ཅིག་བྱས་འདུག་་་་གང་ལྟར་ནོར་འཁྲུལ་ནི་བྱུང་ཚར་རེད། རྗེས་ཕྱོགས་འདི་འདྲའི་རིགས་མི་ཡོང་བའི་འབོད་སྐུལ་སྙིང་ནས་ཞུ་བཞིན་ཡོད།
ཤེས་ལྷན་གྱིས་ད་དུང་ངེས་ལེན་ཡག་པོ་ཞིག་བྱེད་ཀྱི་མི་འདུག ཚང་མས་རྒྱུ་མ་ཕུད་འདེབས་ཤིག་ད་དུང་བྱ་དགོས་པར་མཐོང་།
ང་ལ་མཚོན་ན་ཐེངས་འདིར་བྱང་ཨའི་སློབ་དེབ་སྐོར་གྱི་གླེང་སློང་ཐད་སྐད་མགོ་མཐོ་ཤོས་ལྟ་བུ་ཆགས་ཡོད་སྲིད། གང་ལྟར་བསམ་པ་རྣམ་དག་ཡིན། ཤེས་རིག་ལ་བྱས་རྗེས་མེད་པ་དང་དཀའ་ལས་མ་བརྒྱབ་པ་སོགས་རྨི་ལམ་དུ་ཡང་བསམ་མ་མྱོང་། འོན་ཀྱང་དངོས་ཡོད་ཀྱི་ནོར་འཁྲུལ་འགའ་ཚབས་ཆེན་རང་དུ་མཐོང་ནས་སྐད་ཤུགས་ཆེ་ཙམ་བྱས་པ་ཡིན། གྲུབ་འབྲས་ཡང་ཐོན་འདུག འོན་ཀྱང་ང་གཅིག་པུའི་གྲུབ་འབྲས་ཡིན་ཟེར་གྱི་མེད་ལ་བསམ་གི་ཡང་མེད། གལ་ཏེ་ང་ལྟ་བུ་ཞིག་གིས་ཤེས་རིག་ལས་ཁང་གི་སྒོ་བརྡུངས་ནས་སྙན་ཞུ་ཞིག་ཕུལ་ཡོད་ན་དེ་རིང་བརྡ་ལན་འདི་འདྲ་ཞིག་ཕལ་ཆེར་ཁག་པོ་ཡིན་རྒྱུ་རེད། སྐད་ཅོར་བརྒྱབ་པ་དང་མི་མང་གིས་གླེང་སློང་བྱས་པ་དེས་གཡོ་འགུལ་བྱས་པ་རེད། བཟང་ཕྱོགས་ཀྱི་བརྡ་ལན་གནང་བ་ནི་རང་གཞན་གཉིས་ཀྱི་དོན་རེད། ཞལ་བཞེས་དོན་ལ་གནས་པར་ཤོག རྫ་ཚེ་རིང་བཀྲ྄་ཤིས་པས།
Taiwanese President Tsai Ing-wen has officially apologised to the island’s indigenous population for centuries of mistreatment, the first time a leader has done so.
http://www.bbc.com/news/world-asia-36940243
གནས་ཚུལ་འདི་ཚོ་མཐོང་དུས། ཕྱི་ལུགས་ནང་སྤེལ་བྱེད་མཁན་གྱི་དབང་འཛིན་པ་ཁྱེད་རྣམ་པས་བསམ་བློ་ག་འདྲ་ཞིག་བཏང་ནས་བཞུགས་ཡོད་དམ། ཡང་ན་ཧ་ལས་རྒྱུ་ག་རེ་ཡོད་བསམ་ནས་བརྩིས་མེད་རྡོག་རོལ་དུ་གཏོང་ཀྱང་ཡིན། རྒྱ་མི་ཚོས་ཀྱང་འདི་འདྲ་བྱས་ཡོང་དུས། ད་དངོས་གནས་ཞེ་བོ་ཞིག་ཡིན་ཟེར་མཁན་ཚོས་བསམ་བློ་ཡག་པོ་བཏང་ནས་ངོ་ཚ་ཤེས་དགོས་ས་རེད་ད། །
གསལ་བཤད་དེ་ཡག ཚོད་ལྟའི་རང་བཞིན་ཡིན་ན་བཅོས་ཆོག
གསལ་བཤད་ཡག་པོ་གནང་འདུག་ཐུགས་
རྗེ་ཆེ་ཁ་བརྡའི་ནང་དངོས་མིང་བཀོད་མཁན་དང་མིང་རྫུན་བཀོད་མཁན་སོགས་ནས་
བགྲོ་གླེང་ཤུགས་ཆེན་ལ་བརྟེན་ནས་ཤེས་
རིག་ལྷན་ཁང་ནས་གསལ་བཤད་གནང་བ་བཀྲིན་
ཆེ་དྲ་རྒྱའི་ནང་བགྲོ་གླེང་མ་བྱས་པར་ཐད་
ཀར་ཤེས་རིག་ལྷན་ཁང་དགེ་རྐྱོན་གྱི་ཡིག་གེ་ཕུལ་ཚེ་བཀའ་ལན་རག་དང་མ་
རག་དེ་འཐེ་འཚོམ་ནང་དུ་ལྷག་སྲིད་།
་་་་་་་་གཏན་འབེབས་བྱས་པའི་སློབ་དེབ་ཀྱི་ཤེས་རིག་ལས་ཁུངས་ཀྱི་ཆེད་བརྗོད་ནང་། “སློབ་དེབ་རྣམས་སྤུས་ཚད་དང་ལག་ལེན་དངོས་ནང་ཚད་ལྡན་ཡོང་ཆེད་ལོ་གཅིག་རིང་ཚོད་ལྟའི་ཐོག་ནས་བེད་སྤྱོད་བྱ་རྒྱུ་དང་། སློབ་དེབ་ཀྱི་བརྗོད་བྱ་དང་། རྗོད་བྱེད། སྒྲིག་སྟངས། ཐབས་ཚུལ། ཆད་ལྷག་ཅི་ཡོད་ཐོག་རྒྱ་ཆེའི་བོད་དགེ་རྣམས་དང་། ཕ་མ། ཚོགས་སྒེར་ཅི་རིགས་ནས་དགོངས་འཆར་གནང་སྐྱོང་ཡོང་བའི་རེ་བ་དང་འབོད་སྐུལ་ཅི་ཆེར་ཞུ་བཞིན་ཡོད།” ཅེས་གལ་ཆེ་དོན་ཆེན་དུ་བརྩིས་ནས་བཀོད་ཡོད་་་་་་་
ཤེས་རིག་ཁུངས་ནང་དུ་འདི་ལྟ་བུའི་ངོ་ཚ་མེད་མཁན་དང་ཁྲམ་པ་ཏག་ཏག་ཡོད་པ་ག་རེ་ཡིན་ན་ན།
འདི་ཚང་གི་རིག་གཞུང་གི་ལས་ཀ་བྱེད་སྟངས་འདིའི་བོད་ཕྱི་ནང་གཉིས་ཀྱི་ཚབ་མཚོན་ཐུབ་ཀྱིན་མི་འདུག
། བཙན་བྱོལ་བ་ལས་བྱེད་ཚང་བོད་ཡིག་་ལ་མི་འདོད །
། ཨ་རིའི་བོད་ཡིག་སྦྱོང་མཁན་དེ་ལས་ཀྱང་མི་འདོད །
། ཤེས་རིག་ལས་ཁུངས་དེའི་ཟ་འདོད་ལ་ལས་མི་འདོད །
། བོད་མིའི་རང་དབང་རང་བཙན་ཡང་གསུང་མི་འདོད །།
༼དྲག་ཁྲོས་སོ་ལྔ་ལ་བསྔགས་པ།༽
སྡིག་མཛུབ་དང་བཅས་དྲག་ཏུ་ཁྲོ་བའི་འཇིགས་རུང་ངར་སྒྲས་ས་ཆེན་གཡོ།།
སྤྲུལ་བ་སོ་ལྔའི་གནག་ལྕག་ཐོག་གིས་སྤྲིན་ནག་དྲ་བ་ཐོལ་གྱིས་གཏོར།།
གཡང་ལ་ཁྲིད་པའི་དབྱངས་གསལ་སོ་བཞིའི་བདག་པོ་ལ་ནི་ང་ཡིན་ཞེས།།
ཇག་ནག་ཁྲམ་པའི་འཐོང་ཀར་འཇུས་ཏེ་གསིག་ཅིང་ཐ་ཚིག་སྒྲོག་འདི་མཚར།།
གཟའ་མཇུག་སློབ་དེབ་ཟེར་ན་གོ་དོན་མི་རག་པ་དང་ཚིག་སྐྱོན་དོན་སྐྱོན་གཉིས་ཀ་འདུག
སློབ་དེབ་གསར་པ་དེ་མ་གཏོགས་གཞན་བོད་སློབ་འཛིམ་རིམ་ཁག་གི་སློབ་དེབ་དེ་ཚོ་སྒྲིག་བསྡད་ཡོད་མདོག་བཤད་འདུག་ཀྱང་། དེ་དག་ལ་སྐྱར་ཞིབ་ངེས་པར་དུ་དགོས་པའི་ཆ་ཡོད། ཚད་ལོན་པ་ཞིག་རྩ་ནས་མཐོང་མ་མྱོང་།
བོད་ཀྱི་སྐད་ཡིག་ལ་དུང་བ་ཡོད་པ་ཡོངས་ཀྱིས་ཐེངས་འདིའི་གོ་སྐབས་བཟུང་ནས་ཤེས་རིགས་ལས་ཁུང་ལ་སྐད་ཡིག་མ་དག་པ་ཞིག་སྤྱི་ཚོགས་ལ་མི་བཀྲམ་པའི་སྙན་ཞུ་ངེས་པར་འབུལ་རོགས་གནང། དེ་བཞིན་ནུབ་གླིང་ཁག་ན་ཡོད་པའི་ཕ་མ་ཚོས་ཀྱང་བདམ་ཀ་ཞིག་ལམ་ལོག་ལ་མི་འགྲོ་བའི་རེ་བ་ཧ་ཅང་ཆེ། ང་རང་ཉིད་ལ་མཚོན་ན་བྱིས་བ་གཉིས་ལ་བོད་ཀྱི་བརྡ་སྤྲོད་དང་རྦད་དེ་རྒྱབ་འགལ་ལ་སོང་ཡོད་པའི་ལུང་སྐད་ཐེབས་ཆག་ཅིག་རྩ་བ་ཉིད་ནས་སློབ་ཏུ་མི་འཇུག་སེམས་ཐག་ཡིན།
གཟའ་མཇུག་གི་སློབ་དེབ་ལས་འཕྲོས་པའི་གཏམ་ལ་ངའི་འདོད་ཚུལ་འདི་ཡིན།
གཅིག ལས་ཞོར་ལ་དུས་ཚོད་བཏང་ནས་ལོ་མང་དཀའ་ངལ་རྒྱག་མཁན་གྱི་ཨ་རིའི་བོད་དགེ་ཚོར་བཀའ་དྲིན་ཆེ་ཞུ་རྒྱུ།
གཉིས། དེ་བཞིན་བློ་གཟུ་བོར་གནས་ཤིང་། རྣམ་དཔྱོད་ཡངས་པ། རིགས་བཞེན་ཆེ་བ། མ་འོངས་པའི་བུ་ཕྲུག་ཚོར་མགོན་སྐྱབས་གནང་མཁན་གྱི་བླ་མ། མཁས་པ། དགེ་རྒན། དེ་བཞིན་རྩོམ་པ་པོ་རྣམས་ལ་ཐུགས་རྗེ་ཆེ། སྐུ་ཚེ་རིང་ཞུ་རྒྱུ།
རྒྱུན་པར་ཁ་བརྡ་དང་རྒྱུད་ལམ་སྣ་ཚོགས་ནང་ལ་དཀྲོག་གཏམ་དང་ཚིག་རྩུབ། འཐེན་འཁྱེར། ཆོལ་ཁའི་ནང་དམེ་སློང་མཁན་གྱི་དྲ་འབུ་དག་གི་རྐུབ་ལ་རྡོ་རྗེ་ཤུགས་ལྡན་གྱི་འཕྲིན་བཅོལ་ཡང་གསང་”དྲ་འབུའི་ཀླད་འགེམས་ཀྱི་སྦྱོར་བ་དྲག་པོ།”བཏང་ནས་ས་མ་ཡ་ཟེར་རྒྱུ་ཡིན།
མཐའ་མ། རྙོག་ཁྲ་འདི་སློང་མཁན་གསར་འགྱུར་འགོད་མཁན་རྩ་མ་ཐང་བ་དེ་ཚོར་གུར་དྲག་འཕྲིན་བཅོལ་དང་བཛ་གུ་རུ་ཁྲི་གཅིག་བཏང་ནས་ཨོ་ཨ་ཧུ་ཟེར་ཡག་ཡིན།
བསམ་ཤེས་འདི་དོལ་རྒྱལ་ཁོག་ལ་ཞུགས་པ་ཡིན་པ་གསལ་འདུག་ག འདིས་མ་དག་དག་ཁུལ་གྱི་གཟའ་མཇུག་སློབ་དེ་ལ་རྒྱབ་སྐྱོར་ཁུལ་བྱེད་པ་ནི། བོད་མི་རིགས་འདི་རྩད་ནས་སྲོག་ཆད་འཇུག་འདོད་པ་དེ་རེད།
བོད་ཀྱི་སྐད་ཡིག་དེ་བཞིན་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་འཁྲིད་བྱེད་ཀྱང་བརྡ་སྤྲོད་རིག་པའི་གཞུང་སླབ་མི་དགོས་པའི་རྒྱུ་མཚན་མི་མཐོང་། བརྡ་སྤྲོད་རིག་པའི་གཞུང་ནི་བོད་ཀྱི་སྐད་ཡིག་གི་ལྡེ་མིག་ལྟ་བུ་ཡིན་པས་ལྡེ་མིག་མེད་པར་སྒོ་འབྱེད་མི་ཐུབ། ཐབས་སྡུག་གི་ལས་རེད། སྐད་ཡིག་གོང་འཕེལ་མེད་པར་བསྟན་པ་མགོ་ནས་བཤིགས་ཟེར་བ་དེ་རེད།
ཡར་མར་མང་པོ་ཞིག་བཤད་ཞོར། ནོར་བ་ཆེན་པོ་མེད་ཟེར་བཞིན་ཡོད་པ་འདྲ། ཤེས་རིག་ལས་མི་ཚོས། མ་ཤེས་བའི་ལས་དེ་འདྲ་བྱེད་པ་འམ། བྱེད་དུ་བགྱི་བ། བྱེད་ལ་རྗེས་སུ་ཡིད་རངས་བྱེད་པ་མཐའ་དག་ལ་བསམ་ན། ཁོང་ཚོ་ནི་ངོ་ཚ་དང་མདོ་རྩ་མེད་པའི་ཕོགས་གཟན་རྐྱང་ལས་ཅི་ཡང་ཡོད་ཚོད་མི་འདུག།
ཤེས་རིག་ལས་ཁུངས་དང་འབྲེལ་བ་མེད་པའི་སྐད་ར་མ་ལུག་གི་སློབ་དཔོན་ཚོས། སློབ་མ་ར་མ་ལུག་འདྲ་ཞིག་སྐྱོང་རྒྱུ་ཟེར་ན། ཡིད་ཕངས་བ་ཙམ་ལས་དགག་པ་མེད་དོ།
འགྱུར་བ་སོང་ཟིན་པའི་བོད་རིགས་སྤྱི་སྐད་མི་ཤེས་མཁན་དང་། རང་གི་ཡུལ་སྐད་ཙམ་དང་། སུམ་རྟགས་ཙམ་ཤེས་མཁན་ཚོས། འདིར་བཀག་རྡོ་ཙམ་ལས་ཕན་ཐོགས་ཆེར་བསྐྲུན་མི་ཐུབ་བོ།།
བོད་ཀྱི་སྤྱི་སྐད་ཡོད་ཡོད་པ་རེད་བ། ལྷ་སའི་སྐད་ཡག་པོ་ཞིག་སྨྲ་ཐུབ་ན་སྤྱི་སྐད་དེ་ལས་ལྷག་པ་ཞིག་གཞན་མི་དགོས། གོ་སོང་བ།
ཡུལ་ལུང་ག་གེ་མོའི་ཞེ་སའི་ཚིག་གིས་དབང་སྒྱུར་མ་ཡིན་པས་་བརྡ་དག་དང་མཐུན་པའི་བོད་སྐད་གང་ཡིན་པ་དེ་བོད་ཀྱི་སྤྱི་སྐད་རེད། ལྷ་སའི་སྐད་དེ་བོད་ཀྱི་སྤྱི་སྐད་ཡིན་དགོས་པའི་ངེས་པར་ཡོད་ནི་མ་རེད། དེའི་ནང་དུ་བོད་ཀྱི་བརྡ་དག་དང་མི་མཐུན་པའི་བརྗོད་པ་མང་ནི་རེད།
ངས་ མདང་ ཕྱིན་པ་ཡིན།
ངས་ དེ་རིང་ འགྲོ་བགྱིད་ ཡོད།
ངས་ སང་ཉིན་ འགྲོ་བགྱི་ ཡིན།
་
ཞེས་ཡིག་ཐོག་དགོས་འདུག་ཀྱང་།
་
ང་ མདང་ ཕྱིན་པ་ཡིན།
ང་ དེ་རིང་ འགྲོ་བགྱིད་ ཡོད།
ང་ སང་ཉིན་ འགྲོ་བགྱི་ ཡིན།
་
ངག་ཐོག་ཏུ་བབ་ས་འདི་རང་རེད་དོ།།
ཤེས་རིག་གི་སླར་ཡང་ཞབས་འདྲེན་ཞུ་གྲབས་འདུག