ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་སློབ་དེབ་དབུ་འབྱེད་གནང་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༣༠ ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་བྱང་ཨ་མི་རི་ཁའི་བོད་རིགས་གཟའ་མཇུག་སློབ་གྲྭ་ཁག་གི་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་གྱི་སློབ་དེབ་ཁག་གསུམ་དབུ་འབྱེད་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་འབུམ་རམས་པ་བློ་བཟང་སེངྒེ་མཆོག་དབུ་ཞུགས་ཐོག་ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས་དང་། ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས། རྡ་ས་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ། འབྲེལ་ཡོད་ལས་བྱེད། ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་མཆོག་གིས་སློབ་དེབ་དབུ་འབྱེད་དང་འབྲེལ་གསུང་བཤད་གནང་དོན།
དེ་རིང་འདིར་གཟའ་འཇུག་སློབ་གྲྭའི་སྔོན་འགྲོ་ནས་འཛིན་རིམ་གཉིས་པ་བར་གྱི་སློབ་དེབ་རྩོམ་སྒྲིག་ཐོག་ཕྱག་ལས་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་ལོ་བཅུ་དྲུག་ཙམ་རིང་བྱང་ཨ་རིར་བསྡད་མྱོང་ཡོད། དེ་བཞིན་དྲུང་ཆེ་ངག་དབང་རབ་རྒྱས་ལགས་དེ་སྔོན་དོན་གཅོད་གནང་མྱོང་ཡོད་སྟབས། བྱང་ཨ་རིའི་ནང་ཡོད་པའི་བོད་རིགས་ཚོས་སློབ་དེབ་འདི་འདྲ་ཞིག་དགོས་ཀྱི་འདུག ཅེས་བགྲོ་གླེང་བྱས་ནས་ལོ་བཅོ་ལྔ་ལྷག་འགྲོ་བཞིན་ཡོད་བརྗོད་ན་འགྲིག་གི་ཡོད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་ཕེབས་པ་གཞིར་བཟུང་ཕྱི་ལོ་ ༢༠༠༨ ལོར་དོན་གཅོད་བཀྲ་ཤིས་དབང་འདུས་ལགས་ཡིན་པའི་སྐབས་སུ་བོད་ཀྱི་རིག་གཞུང་དང་སྐད་ཡིག་ཐོག་ཐུགས་སྣང་གནང་མཁན་དང་། གཟའ་མཇུག་སློབ་གྲྭར་དྭང་བླངས་དགེ་རྒན་གནང་མཁན་ཚོ་ཚོགས་འདུ་དང་པོ་ཚོགས་ཏེ་བྱང་ཨ་རི་ནས་དུས་རྟག་ཏུ་དྭང་དུ་བླངས་ནས་དགེ་རྒན་གནང་མཁན་ཚོས་འགན་འཁུར་གནང་སྟེ་ང་ཚོར་སློབ་དེབ་འདི་འདྲ་ཞིག་དགོས་ཀྱི་འདུག་ཟེར་ནས་ཟིན་བྲིས་བཟོས་གནང་བ་རེད། གོང་དུ་ཚེ་རིང་བསམ་གྲུབ་ལགས་ཀྱི་གསུངས་ཟིན་པ་ལྟར། ཕྱི་ལོ་ ༢༠༡༢ དང་། ༢༠༡༤། ༢༠༡༥ ལོའི་ལོ་མཇུག་ཏུ་ཟིན་བྲིས་དེ་དག་འབྱོར་ཡོད་སྟབས། ད་རེས་སློབ་དེབ་གསུམ་པ་དེ་རེད། ཕལ་ཆེར་ཟླ་བ་གཉིས་གསུམ་ནང་ཚུན་སློབ་དེབ་དགུ་ཀར་པར་སྐྲུན་ཐུབ་པའི་རེ་བ་ཞུ་བཞིན་ཡོད། ཤེས་རིག་ལས་ཁུངས་ཀྱི་འགན་གཙོ་བོ་ནི་མཐུན་རྐྱེན་སྦྱར་རྒྱུ་རེད། རྒྱ་ཆེ་ས་ནས་གཟིགས་པ་ཡིན་ནའང་། རྒྱ་ནག་གཞུང་གི་དམིགས་ཡུལ་གཙོ་བོ་ནི། བོད་རྒྱ་སྡེར་བསྒྱུར་རྒྱུ་དང་། བོད་རིགས་རྒྱ་རིགས་བསྒྱུར་རྒྱུ་རེད། ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་འཛུགས་སྐྲུན་རིགས་སྤེལ་ནས་བོད་རྒྱ་སྡེར་བསྒྱུར་རྒྱུ་འབད་བརྩོན་ཧ་ཅང་མང་པོ་བྱེད་ཀྱི་ཡོད། རྒྱ་རིགས་མང་པོ་བོད་ནང་ཡོང་བར་བརྟེན་བོད་མི་རྣམས་སོ་སོའི་རྒྱལ་ཁབ་ནང་རང་བཞིན་གྱི་གྲངས་ཉུང་མི་རིགས་བཟོ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད།
རྒྱ་ནག་གཞུང་གིས་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་དེ་དག་གཏོར་བཤིག་བྱས་ནས་མེད་པར་བཟོ་ཐུབ་པ་ཡིན་ན། བོད་རིགས་རྣམས་རྒྱ་རིགས་ཆགས་འགྲོ་རྒྱུའི་དམིགས་ཡུལ་གཙོ་བོ་བཟུང་པ་རེད། བོད་རིགས་རྣམས་རྒྱ་རིགས་བསྒྱུར་ཐུབ་པ་ཡིན་ན། བོད་ཀྱི་རྩ་དོན་བརླག་འགྲོ་གི་རེད། ཅེས་དམིགས་ཡུལ་འདི་བཟུང་བའི་ཐོག་ནས་ལོ་དྲུག་ཅུ་མན་ཙམ་ནང་འབད་བརྩོན་བྱས་དང་བྱེད་བཞིན་པ་རེད། ད་ལྟ་ཡིན་ནའང་ལམ་ལྷོངས་མ་བྱུང་བའི་རྒྱུ་མཚན་ནི་བོད་ཕྱི་ནང་གཉིས་སུ་བོད་མི་ཚོས་སྐུ་ལས་བསྐྱོན་པར་བརྟེན་ཡིན། བཙན་བྱོལ་དུ་ཡིན་ནའང་ཉེ་བའི་ཆར་ནས་ནང་ཆོས་དར་སྤེལ་ཆེན་པོ་ཕྱིན་ཡོད། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཉམས་པ་སླར་གསོ་བྱེད་བཞིན་ཡོད། སྐད་ཡིག་གི་ཐོག་ནས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་སྤྱི་ཡོངས་ནས་བྱས་དང་བྱེད་བཞིན་པ་རེད།
ཕྱོགས་གཅིག་ནས་ང་ཚོ་བོད་མི་ཡིན་པའི་ངོ་བོ་དེ་མ་བརླག་པ་བྱེད་དགོས། འདི་ང་ཚོའི་མ་རྩ་རེད། དེའི་ཐོག་བོད་མིར་ཆེ་མཐོང་དགོས། ཆེ་མཐོང་ཐོབ་པར་ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོ། རང་དབང་། ཁོར་ཡུག རིག་གཞུང་སོགས་ཀྱི་ཐོབ་ཐང་མང་དག་ཞིག་ཡོད་པ་དེ་དག་དགོས་ཀྱི་ཡོད། ང་ཚོའི་རྩ་དོན་རྩོད་རྒྱུ་གཅིག་དེ་མི་རིགས་ཀྱི་ངོ་བོ་དེ་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཡིན། འོན་ཀྱང་བོད་མིའི་ངོ་བོ་བརླག་པ་ཡིན་ན། ཕྱིས་སུ་ཆེ་མཐོང་ཐོབ་པ་ཡིན་ནའང་བོད་པ་ཞེས་ཁ་ཙམ་མ་གཏོགས་གཞི་རྩའི་ངོ་བོ་བརླག་པ་ཡིན་ན། བོད་རྒྱལ་ཁབ་བརླག་འགྲོ་གི་རེད། བོད་རྒྱལ་ཁབ་བརླག་པ་ཡིན་ན། བོད་ཀྱི་དཔལ་ཡོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྔོན་དང་རྗེས་སུ་སྐུ་ལས་བསྐྱོན་ཏེ་བོད་ཀྱི་དཔལ་ཡོན་འདི་རེད། བོད་ཀྱི་ཆོས་དང་རིག་གཞུང་འདི་འདྲ་རེད། ཅེས་འཛམ་གླིང་ལ་ངོམ་སོ་ཆོག་པའི་མ་རྩ་ལྟ་བུ་འདི་བརླག་འགྲོ་གི་ཡོད། དེར་བརྟེན་ང་ཚོས་དུས་རྟག་ཏུ་རྩ་དོན་རྩོད་རྒྱུ་དེ་བོད་མིའི་ངོ་བོ་དང་། བོད་མིར་ཆེ་མཐོང་དགོས་ཞེས་པ་དང་མཉམ་དུ་འགྲོ་དགོས།
རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཡོད་སྟབས་དགོན་སྡེ་ཁག་དང་། སློབ་གྲྭ་ཁག་སོགས་ཀྱི་ནང་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་གཏོང་ཐུབ་ཀྱི་ཡོད། འོན་ཀྱང་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དུས་ཚོད་དང་ཁོར་ཡུག་སོགས་ཀྱི་དཀའ་ངལ་ཡོད་པར་བརྟེན། གཟའ་སྤེན་པ་དང་ཉི་མར་བསྟུན་ནས་བོད་མིའི་ངོ་བོ་མ་བརླག་པ་དགོས་ཀྱི་འདུག དེའི་ཆེད་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་སྦྱང་དགོས་ཀྱི་འདུག བོད་པའི་ཆོས་དང་རིག་གཞུང་སྦྱང་བར་བོད་ཀྱི་སྐད་ཡིག་གཙོ་བོ་ཆགས་ཀྱི་སྟབས། སློབ་དེབ་འདི་པར་སྐྲུན་བྱས་པ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་། །
གཟའ་འཇུག་སློབ་གྲ་ཟེར་ན་གང་རེད་།
ཐ་སྙད་འདི་གོ་བ་ཐེང་དང་པོ་ཡིན་།
བོད་མིའི་ཆོས་རིག་དང་འབྲེལ་བའི་ཐ་སྙད་རེད་དམ་ནུབ་ཕྱོགས་མ་རྩའི་རིང་ལུགས་ཀྱི་རྗེས་སུ་ཁ་ཕྱོགས་པའི་ཐ་སྙད་གསར་པ་རེད་འབྲེལ་བཤད་གནང་དང་།
གཟའ་འཇུག་སློབ་གྲྭ་ཟེར་ན་གང་རེད་ཅེས་སོ་སོས་སོ་སོར་དྲིས། ནུབ་ཕྱོགས་ཡུལ་གྲུ་ཁག་དུ་གཟའ་མཇུག་བོད་ཡིག་སློབ་གྲྭ་ཞེས་པ་ལས་གཟའ་འཇུག་སློབ་གྲྭ་ཟེར་བ་གང་ནའང་མི་འདུག ཡོད་ན་གཟའ་ར་ཧུ་ལ་ཡིས་ཟིན་པ་ཞིག་ཡིན་ངེས། ཡི་གེ་ཅུང་ཟད་པར་འབྲི་ན། ཐེངས་དང་པོ་དང་འགྲེལ་བཤད་ཅེས་འབྲི་དགོས། ཀུ་རེ་ཞུས། གཟའ་མཇུག་སློབ་གྲྭ་ཟེར་ན་ Weekend Tibetan Langauge School ཟེར་བ་རེད།
Weekend School ལ་གཟའ་མཇུག་སློབ་གྲྭ་ལས་གཞན་པའི་ཐ་སྙད་སྙན་པ་ཞིག་ཡོད་ན་གཞུང་པས་འདོགས་རོགས་ཞུ།
བོད་སྐད་ཡིག་གི་ལས་དབང་འདི་ཨང་། ད་ནུས་བ་ཅི་ཡོད་འདོན་རོགས་སྐུ་ངོ་ཚོ། ས་བཅད་མ་སྟོང་བ་ཙམ་ཞིག་ཡོད་ན་ཡོད་གོ་ཆོད་པ་རེད། བརྒྱ་བཤད་སྟོང་བཤད་བྱས་རུང་མི་ཡུལ་ས་མཐའ་ནས་འུ་ཚོར་གཟའ་མཇུག་ཙམ་མ་གཏོགས་བོད་སྐད་ཡིག་གི་མཁའ་དབུགས་རྔུབ་ས་མེད་པ་རེད། དེ་སུ་ལའང་ལེ་བདའ་དང་འཁང་ར་བྱེད་ས་མེད། གང་ལྟར་ལས་འདི་འདྲ་ཞིག་བྱས་བར་ཡི་རང་ཡོད།
གཟའ་བདུན་གྱི་འཇུག་ཏུ་མ་རྟོགས་བོད་ཡིག་སྦྱོང་ས་མེད་ན་བོད་པའི་སྐད་ཡིག་གི་སྒྲུང་རྫོགས་ཚར་བ་མ་རེད་དམ་ཧཧཧཧཧགཟའ་འཇུག་བོད་ཡིག་འཛིན་གྲ་དེ་རྣམ་དབྱེ་དང་པོ་
མིང་གི་ངོ་བོ་སྟོན་པ་ཙམ་དང་ལས་བསྡོམས་ནང་འགོད་རྒྱུ་
ཙམ་ཡིན་ན་ལས་དེ་མིན་བོད་པའི་སྐད་ཡིག་དེ་མི་ཚེའི་ལོ་
རྒྱུས་ནང་རྒྱུན་དུ་བེད་སྤྱོད་དགོས་པ་ཞིག་མིན་པ་ཡིན་ནམ་།
གཟའ་མཇུག་སློབ་གྲྭ་ཟེར་ན་གཟའ་སྤེན་པ་དང་ཉི་མ་གཉིས་ལ་ཟེར་གྱི་ཡོད། ནུབ་གླིང་སོགས་ན་ལས་ཀའི་སྤྱི་མཚུངས་ཐོག་ཉིན་དེ་གཉིས་ལ་གུང་སེང་ཡིན་ཙང་ཁོམ་པ་མང་པའི་དུས་རེད། གཞན་ཡུལ་སོང་ཙང་དེ་ལས་དྲག་པའི་ཐབས་ཤེས་ཡོད་མ་རེད། དེ་འདྲ་ཅིག་ཡོད་ན་དགའ་འོས་པའི་གནས་རེད་མ་གཏོགས་ཡུལ་འགའ་ན་བོད་ཡིག་དང་བོད་སྐད་མགོ་འབུད་ས་ཡོད་མ་རེད་དོ།།
དེབ་འདི་ཨ་རི་ནས་དབུ་འབྱེད་བྱ་འཆར་ཡོད་རེད།
ད་རེས་དེབ་འདི་རྒྱ་གར་ནང་བྲེལ་བ་ཚུབ་ཚུབ་ཀྱིས་དབུ་འབྱེད་བྱེད་པ་ལ་དམིགས་བསལ་དགོས་པ་ག་རེ་ཡོད་དམ།