བསྟན་འཛིན་རབ་དགའ།
གཅིག འབྲེལ་ཡོད་ཚོའི་གནང་སྟངས་འདི་རེད།
བྱང་ཨ་རིའི་གཟའ་མཇུག་སློབ་དེབ་ལས་སྔོན་འགྲོའི་སློབ་དེབ་ལ་ཤོག་ངོས་ ༢༡༩ དང་། འཛིན་གྲྭ་དང་པོའི་སློབ་དེབ་ལ་ཤོག་ངོས་ ༢༣༨ འཛིན་གྲྭ་གཉིས་པའི་སློབ་དེབ་ལ་ཤོག་ངོས་ ༡༥༢ ཡོད་པ་བཅས་ཚང་མ་ཞིབ་ཚགས་པོས་ཐེངས་གཅིག་བཀླགས་པ་ཡིན། ཨ་ཁ་བསམ་པ་ཞིག་བྱུང་། ལོ་གཅིག་གི་དུས་ཡུན་རིང་ཚོད་ལྟ་ཡིན་ནའང་འདྲ། སྐད་ཡིག་གཉིས་པའི་ངོ་བོ་ནས་བསྒྲིགས་ཡོད་ནའང་འདྲ། གང་ལྟར་སློབ་དེབ་འདི་ཚད་ལྡན་ཅིག་མ་རེད།
སློབ་དེབ་ཀྱི་ཆེད་བརྗོད་སོགས་སུ་སྤྱི་ལོ་ ༢༠༡༢ ཟླ་ ༩ པའི་ནང་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་གི་སློབ་དགེ་ཚོའི་ཚོགས་ཆེན་གྱི་གྲོས་ཆོད་དང་། ༢༠༡༤ ཟླ་ ༨ པར་ཨ་རིའི་རྒྱལ་སར་བསྡུས་པའི་ཚོགས་འདུའི་དགོངས་དོན་ཟེར་བ་དེ་ཚོ་སློབ་དེབ་ཚད་ལྡན་ཞིག་སྒྲིག་རྒྱུ་དེ་ཡིན་ངེས་ལས། ཚད་ལྡན་མིན་པ་གླེང་གཞི་ཅན་ཞིག་སྒྲིག་པའི་དགོངས་དོན་ནི་ཡིན་རྒྱུ་མ་རེད་དེ། ད་ལྟ་སྤྱི་ཚོགས་ནང་བཀྲམས་པའི་སློབ་དེབ་འདི་གསུམ་ནི་ཚད་ལྡན་ཅིག་མ་རེད། ངེས་པར་དུ་ཕྱིར་བསྡུ་དང་དེའི་ཚབ་ལ་ཚད་ལྡན་ཅིག་འགྲེམས་སྤེལ་ཐུབ་དགོས་པའི་ཚོད་རེད། ཤེས་རིག་ལས་ཁུངས་ཀྱིས་སྒྲུབ་ཐུབ་ན་འདི་སྒྲུབ་དགོས་པ་རེད། དེ་མིན་ང་ཚོར་བསམ་ཚུལ་འབྱོར་མ་སོང་ཞེས་ཡུས་བཤད་ནས་སྡོད་རྒྱུ་ཤེས་རིག་ལས་ཁུངས་ཀྱི་ལས་ཀ་མ་རེད།
སློབ་དེབ་འདི་དག་བཀླགས་ནས་ད་ལྟའི་བཀའ་ཤག་དང་། ད་ལྟའི་ཤེས་རིག་ལས་ཁུངས། ད་ལྟའི་སློབ་དེབ་འདི་རྩོམ་སྒྲིག་བྱེད་པོ། ལྷག་པར་དུ་བསྐྱར་ཞིབ་རྩོམ་སྒྲིག་འགན་ཁུར་བ་བཅས་ནས་བོད་རྒྱ་ཆེའི་མི་མང་དང་། སྒོས་སུ་བྱང་ཨ་རིའི་མི་མང་ལ་མཐོང་ཆུང་དང་ཁྱད་གསོད་བྱས་འདུག་སྙམ་པ་ཡིད་ལ་ཡང་ཡང་འཁོར་བར་བྱས།
གཅིག་བྱས་ན། བསམ་བཞིན་མིན་པའང་སྲིད། གང་ལྟར་ད་ལྟའི་སློབ་དེབ་འདི་དག་ལ་རྒྱུ་མཚན་ཉི་ཚེ་བ་ག་ཚད་བགྲངས་ཀྱང་། གླེང་གཞི་ཅན་འདི་ལས་འདའ་འགྲོ་ས་ཞིག་མཐོང་མ་སོང་། ཤེས་རིག་ལས་ཁུངས་ལ་ཐད་ཀར་བསམ་ཚུལ་ཞུ་མཁན་མ་བྱུང་བ་དེ་ལ་རྒྱུ་མཚན་དང་འགྲེལ་བཤད་མང་པོ་དགོས་པ་མ་རེད། ལས་ཀ་འདི་འདྲ་བྱེད་མཁན་དག་གིས་བསམ་ཚུལ་ལ་བདག་སྤྲོད་ཡག་པོ་ཞིག་བྱེད་པའི་རེ་བ་མེད་ནས་མ་ཞུས་པ་ཡིན་རྒྱུ་རེད་དྲན། མ་གཞི་ནས་ཤེས་རིག་ལས་ཁུངས་ཀྱིས་སྔོན་དུས་དང་དེང་དུས་བསྡུར་ནས་ད་ཆ་རང་ཉིད་ ངོས་འཛིན་གྱི་ཚད་གང་དུ་ཡོད་པ་ཙམ་ནི་ཤེས་དགོས་པ་རེད། ད་ལྟ་དེ་ཤེས་ནས་བསམ་ཚུལ་ཡོད་ན་ཤེས་རིག་ལ་ཐད་ཀར་སྤྲོད་རོགས་ལབ་པ་ནི་ཡག་པོ་རེད། འདི་ནི་ཤེས་རིག་ལས་ཁུངས་ཀྱིས་རང་ཉིད་དང་འབྲེལ་ཡོད་མང་ཚོགས་ལ་སྣེ་ཁྲིད་ཡག་པོ་བྱེད་ཐུབ་ཀྱི་མེད་པའི་དཔེ་མཚོན་ཞིག་དང་། མང་ཚོགས་ཀྱིས་ཤེས་རིག་ལས་ཁུངས་ལ་སྣེ་ཁྲིད་བྱེད་ཀྱིན་པའི་དཔེ་མཚོན་ཞིག་ཀྱང་རེད།
ཡང་། དྲ་ལམ་གྱི་གླེང་སྟངས་ལ་ཉན་པ་དང་། ཡི་གེ་དེ་ཚོ་བཀླགས་ན། ཕལ་མོ་ཆེ་བས་ཤེས་རིག་ལས་ཁུངས་དང་། འབྲེལ་ཡོད་རྩོམ་སྒྲིག་པ་དག་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་དང་བྱེད་ཀྱིན་འདུག དོན་དངོས་སུ་སློབ་དེབ་འདི་དག་གླེང་གཞི་ཅན་ཆགས་པ་ཅིས་ཉེས་སམ་ཞེས་གནད་དོན་གྱི་ཐག་ཉེར་འདྲི་བར་ཆས་ན། རྩོམ་སྒྲིག་བྱེད་པོ་སྣང་གསལ་བསྟན་འཛིན་ནོར་བུ་ཟེར་བ་དེ་གཙོ་བོ་རེད། དེ་ནས་ཤེས་རིག་གི་བསྐྱར་ཞིབ་རྩོམ་སྒྲིག་འགན་ཁུར་བ་བྱ་གཞུང་དཔལ་ལྡན་རྡོ་རྗེ་ཟེར་བ་དེ་རེད། ཁོང་གཉིས་ཀྱིའང་ལྷག་བསམ་ལ་སྐྱོན་མེད་དུ་ཆུག་ཀྱང་། ཤེས་ཚད་ཀྱིས་ལྕོགས་མིན་དབང་གིས་སློབ་དེབ་འདི་དག་གླེང་གཞི་ཅན་ཞིག་ལས་སྒྲིག་མ་ཐུབ་པ་རེད་འདོད། བོད་ཡིག་ཚད་ལྡན་མི་ཤེས་མཁན་གཉིས་ལས་ཀ་གཅིག་ལ་འཐམས་ཉེས་བྱུང་ནས་གླེང་གཞི་ཅན་གྱི་ཐོན་རྫས་འདི་བསྐྲུན་པ་རེད། གླེང་གཞི་ཅན་འདི་སུས་བྱས་པ་རེད་ཅེས་མཛུབ་མོ་འཛུགས་དགོས་ན། ཁོ་རང་གཉིས་ལ་མཛུབ་མོ་དང་པོ་དེ་འཛུགས་དགོས་པར་མཐོང་གི་ཡོད། འདི་ལྟར་བཤད་ན། ཁོང་གཉིས་ལ་དམའ་ཕབ་པ་ལྟ་བུ་ཆགས་ཀྱི་འདུག་སྟེ། དངོས་ཡོད་གནས་སྟངས་ཀྱི་ཐག་ཉེ་ལ་བཅར་ན་ཡས་ལ་བབས་པའི་རྩམ་པ་འདི་རེད།
དེ་ནས་ང་ཚོས་སློབ་དེབ་ཀྱི་སྔོན་གླེང་སོགས་ལ་བལྟས་ན། གླེང་གཞི་ཅན་གྱི་སློབ་དེབ་དག་ལ་ཤེས་རིག་ལས་ཁུངས་ཀྱིས་ཆེད་བརྗོད་སྤེལ་བའི་ནང་། ༢༠༡༢ ལོའི་ཟླ་ ༥ པ་ནས་ནུབ་ཕྱོགས་ཡུལ་གྲུ་ཁག་གི་བོད་ཕྲུག་ཚོས་སྐད་ཡིག་དང་རིག་གཞུང་། ལེགས་བྱང་བཅས་རྒྱུད་འཛིན་ཐུབ་པའི་ཆེད་ཡིན་པའི་ལས་གཞི་མགོ་བཙུགས་ཡོད་པ་དང་། ལས་གཞི་དེའི་ཆ་ཤས་གཅིག་བྱང་ཨ་རིའི་སློབ་དེབ་འདི་དག་ཡིན་པ་དང་། འདི་དག་ཨ་རི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་འགན་ཁུར་འོག་རྩོམ་སྒྲིག་བྱས་སྐོར་གསལ་པོར་འཁོད་འདུག འདིས་ཤེས་རིག་ལས་ཁུངས་ལ་འགན་ཞིག་ཡོད་འདུག་པ་བསྟན་ཡོད་ནའང་། མིང་ཙམ་གྱི་འགན་ཙམ་ལས་ཁུར་མེད་པ་གླེང་གཞི་ཅན་གྱི་སློབ་དེབ་ན་གསལ་བ་འདི་རེད། བསམ་ཚུལ་སྤེལ་མཁན་ཚོས་ཤེས་རིག་ལས་ཁུངས་ལ་ཐད་ཀར་བསམ་ཚུལ་ཕུལ་གྱི་མེད་པའི་གནད་ཀ་གཅིག་འདི་ཡང་རེད།
བྱང་ཨ་རི་ཁུལ་དུ་གཟའ་མཇུག་སློབ་གྲྭ་ ༢༡ དང་། དགེ་རྒན་ ༡༡༥ སློབ་ཕྲུག་ཆིག་ཆིག་སྟོང་ལྷག་ཙམ་ཡོད་ཅེས་གསལ་འདུག བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་ཤོག་སྟེང་ཆེད་བརྗོད་ཤོག་བུ་གཅིག་དང་ཕྱེད་ཀ་ཅན་སྤེལ་འདུག་པ་དེའི་ནང་། ༼ཕྱིར་ལྟས་ཤིག་ལྟས་སྐབས༽ ༼ཉི་ཁྲི་ལྷག་ཏུ་འགྱུར་ཡོད་པ༽ ༼ཉེན་ཚབ༽ ༼རིག་གཞུང་ཁྲབ་སྟོན༽ ༼རྒྱལ་རབ་ལོ་རྒྱུས༽ ༼སློབ་མཚན༽ ༼ཡིད་ཆས༽ ༼བཀའ་དྲིན་བསམ་གྱི་མི་ཁྱབ་པ༽ཞེས་སོགས་ཡིག་ནོར་མང་པོ་སྤུངས་འདུག་པར་བལྟས་ན། བྱང་ཨ་རིའི་དོན་གཅོད་ཀྱི་འགན་ཁུར་འོག་ནས་འདི་བསྒྲིགས་པ་རེད་ཅེས་ན་ཡིད་ཆེས་པ་ཞིག་རེདལ། སློབ་དེབ་འདི་དག་གི་སྟེང་ན་འབྲེལ་ཡོད་དོན་གཅོད་དང་རྩོམ་སྒྲིག་བྱེད་པོ་སུ་ཡིན་ནའང་། འགན་ཡག་པོ་འཁྱེར་ནས་ལས་ཀ་བྱས་པའི་རྣམ་པ་མཐོང་རྒྱུ་མི་འདུག
ཡ་མཚན་པ་ཞིག་ནི། སློབ་དེབ་རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་ཟེར་བས་མགོ་བརྗོད་ཅིག་བྲིས་འདུག་པའི་ནང་། ༼སའི་གོ་ལའི་ཁྱིམ་ཚང་ཆེན་པོ་དེའི་ནང་༽ཞེས་ཁོ་རང་གིས་གོ་ལ་གཞན་པ་ཞིག་ནས་སའི་གོ་ལར་རྒྱང་ནས་བལྟས་པའི་ཚུལ་དང་བཅས་ཏེ། ༼ཕྲན་ནས་བོད་ཡིག་སློབ་དེབ་འདི་བརྒྱུད་དེ་སྲོལ་རྒྱུན་གྱི་ཤེས་བྱ་རྣམས་གང་ཐུབ་ཀྱིས་རྒྱུད་འཛིན་ཡོང་ཐབས་བྱས་པ་དང་ཆབས་ཅིག དེང་རབས་ཀྱི་སློབ་ཁྲིད་ཐབས་ལམ་འདྲ་མིན་ཞིག་བེད་སྤྱད་དེ་བོད་ཕྲུག་ཚོའི་ངོས་ནས་གོ་བདེ་བ་དང་། སྦྱོང་བདེ་བ། ཤེས་བདེ་བ་ཡོང་རྒྱུར་དམིགས་ནས་རྩོམ་སྒྲིག་བྱས་ཡོད༽ ཅེས་བཀོད་འདུག ཡིན་ནའང་། སློབ་དེབ་འདི་དག་གོ་བདེ་བ་དང་སྦྱོང་བདེ་བ་ཞིག་མ་རེད། གཤམ་ལ་སློབ་དེབ་རེ་རེ་བཞིན་གྱི་སྐྱོན་གནད་ཁག་ཅིག་དཔེ་མཚོན་དུ་བཀོད་ཡོད།
གཉིས། སློབ་དེབ་རེ་རེ་བའི་སྐྱོན་གནད་ཟུར་འདོན་གྱིས་བལྟ་བ།
སློབ་དེབ་འདི་དག་གི་ནང་དུ། ཡི་གེ་ཁྱད་མཚར་པོ་དེ་འདྲ་བཀོད་འདུག་པ་ཁ་སྐད་ཀྱི་འགྲོས་ཤིག་དང་ཐག་ཉེ་ཞིང་། བོད་ཕྲུག་ཚོས་བོད་སྐད་བཤད་པར་ཤིན་ཏུ་ནས་མཁོ་ཆེ་བ་ཞིག་ཡིན་ནི་དེ་དམིགས་བསལ་རེད། དེ་མིན་འགྲེལ་བཤད་བྱེད་དུ་མེད་པའི་མིང་བརྡ་དང་། ཡོངས་གྲགས་མ་ཡིན་པའི་ལུང་སྐད་བསྲེས་པ་སོགས་ར་ཐོན་ལུག་ཐོན་དུ་བྱས་འདུག་པ་སྐྱོན་གནད་ཅིག་ཏུ་མཐོང་སོང་། ལར་ནས་སློབ་དེབ་ཅིག་གི་ཡི་གེའི་དག་ཆ་དང་། དེ་བཞིན་སྤྱོད་སྒོའི་ཆ་གང་ནས་བལྟས་ནའང་། འགྲེལ་བཤད་རྒྱག་ཏུ་ཡོད་པ་དང་། རྒྱག་ཏུ་རུང་བའི་མིང་བརྡ་བཀོལ་སྤྱོད་བྱེད་པ་ནི་སློབ་དེབ་ཀྱི་རྨང་གཞིའི་རྩ་དོན་གཅིག་རེད། ལག་པར་གང་ཐེབས་སློབ་དེབ་ཏུ་བཀོད་བཞག་པ་ཡིན་ན། དེར་དགོས་ཕན་ལྷག་པོ་ཡོད་པར་མཐོང་མ་སོང་།
ཡིན་ནའང་། སློབ་དེབ་འདི་དག་གི་ཉེས་ཆ་འགེབས་སྲུང་བྱེད་པར་ཤ་ཐང་དུ་འབད་པ་དག་ལ་མཚོན་ན། ཞིབ་ཚགས་པོས་སྐྱོན་གླེང་བྱེད་མཁན་མ་བྱུང་བ་ནི་རླུང་རྟ་ཉི་ཚེ་བ་ཞིག་རྒྱུག་པ་ཆགས་ཡོད་པའང་སྲིད། གང་ལྟར་གཤམ་ནས་སྔོན་འགྲོའི་སློབ་དེབ་དང་། འཛིན་རིམ་དང་པོའི་སློབ་དེབ། གཉིས་པའི་སློབ་དེབ་བཅས་ལས་སྐྱོན་གནད་དཔེ་མཚོན་འགའ་ཁོལ་འདོན་བགྱིས་ཏེ། ཀློག་མཁན་རྣམས་ལ་སྤྱན་འབུལ་ཞིག་ཞུ།
གཤམ་གྱི་ཡི་གེ་འགའ་ཞིག་སློབ་ཕྲུག་ཚོར་གང་འདྲ་བྱས་ནས་འགྲེལ་བཤད་རྒྱག་དགོས་སམ། ཁག་པོ་རེད། འདིའི་སྐབས་སུ་ཀློག་གདངས་འཁྲིད་ཀྱི་ཡོད་པ་རེད་ཟེར་མདོག་ཁ་ཡང་། ཡི་གེ་འདི་དག་ཚིག་གྲོགས་དང་སྦྱར་ནས་སམ། རྐྱང་པའི་ངོ་བོ་ནས་འགྲེལ་བཤད་ཅིག་ཅིས་ཀྱང་དགོས་ཀྱི་ཡོད་པ་རེད། གལ་སྲིད་འདི་དག་ཚིག་མཛོད་དུ་ཡོད་པ་མ་རེད་ཟེར་བ་དང་། རྒྱུན་དུ་བེད་སྤྱོད་ཡོད་པའི་བོད་ཡིག་མ་རེད་ལབ་པ་ཡིན་ན། སློབ་མ་ཚོའི་སེམས་ནང་ལ་ག་རེ་འཆར་གྱི་རེད། ལྷག་པར་དུ་ཕ་མའི་བརྒྱ་ཆ་བརྒྱད་ཅུ་བོད་སྐད་ཤེས་མཁན་དང་། བོད་ཡིག་འབྲི་ཀློག་གང་ལ་གང་འཚམ་ཤེས་མཁན་ཡིན་སྟབས། དེ་དག་གིས་འདི་དག་མཐོང་ན་ག་རེ་བསམ་སྲིད་དམ། འབྲེལ་ཡོད་ཚོར་མཚོན་ན། དྲི་བ་འདི་དག་ལའང་ལན་རེ་དགོས་ཀྱི་རེད།
༡༽ སྔོན་འགྲོའི་སློབ་དེབ་ལས་སྐྱོན་གནད་འགའ་་ཟུར་བཏོན།
དཀར་ཆག་ནང་། ༼བཟས་མཆོད༽་འབུལ་སྟངས། ཞེས་འདུག་པ་ནོར། ༼ཟས་མཆོད༽ཅེས་ན་དག
ཤོག་ངོས་ལྔ་པ་ན། བདག་བློའི་གཏི་མུག་མུན་པ་༼རབ་གསལ༽་ནས།། ཞེས་པ་ནོར། ༼རབ་བསལ༽་ནས་ཞེས་ན་དག
ཤོག་ངོས་ཉེར་གསུམ་ན། ༼འདི་ཀ་ལ་རེད༽ཅེས་ཡོད། དེ་བོད་སྐད་ཨེ་རེད།
ཤོག་ངོས་ཞེ་གཅིག་ན། ༼ང༽་ད་ར་འཐུང་གི་ཡོད། ཅེས་པ་ནོར་ ༼ངས༽ཞེས་ན་དག
ཤོག་ངོས་ཞེ་དགུ་ན། འདི་ཚོ་༼བ་དམ་༽རེད་ཅེས་པའི་༼བ་དམ༽་ཟེར་ན་བོད་བརྡ་ཨེ་རེད།
ཤོག་ངོས་ང་བདུན་ན། འདི་༼ལ༽ཛ་རེ་ཛོ་རེ་བཞག་འདུག ཛ་རེ་ཛོ་རེ་ཞེས་པ་ནི་རྣམ་པ་རེད་དམ་ཅ་དངོས་རེད།
ཤོག་ངོས་བརྒྱ་དང་དགུ་ན། ༼ང༽ཆུ་བཏུང་གི་ཡིན། ཞེས་པར་༼ངས་༽ཞེས་ན་དག
ཤོག་ངོས་བརྒྱ་དང་བཅུ་གསུམ་ན། བོད་སྐད་༼བརྒྱབ༽་ཟེར་བ་ནོར། བོད་སྐད་༼བཤད༽་ཅེས་ན་དག
ཤོག་ངོས་བརྒྱ་དང་གྱ་དྲུག་ན། ༼རྦ་ཆུ༽ཞེས་པའི་དོན་ཅི་རེད། རྦབ་ཆུ་ཟེར་འདོད་ཡིན་འདྲ།
༢༽ འཛིན་རིམ་དང་པོའི་སློབ་དེབ་ལས་སྐྱོན་གནད་འགའ་ཟུར་བཏོན།
གཤམ་གྱི་ཡི་གེ་འདི་དག་ལ་འགྲེལ་བཤད་ཇི་ལྟར་རྒྱག་དགོས་རེད། འདི་ཡང་གནད་འགག་ཅིག་རེད། ཡི་གེ་འགའ་ཤས་ལ་ཡ་ར་ལ་ཝ་ཡི་འདོགས་ཅན་དང་སྔོན་རྗེས་གང་སྦྱར་ཡང་དོན་མི་སྟོན་པ་འདི་འདྲ་སློབ་ཕྲུག་ཚོར་འགྲེལ་བརྗོད་ཀྱི་ལམ་སྟོན་དཔེར་ན། རྐི་ཡི་དོན་ནི་ xxx འདི་རེད་ཟེར་བ་ཞིག་དང་། ལྒི་ཡི་དོན་ནི་ xxx འདི་རེད་ཅེས་པ་ཞིག་དགོས་པ་དང་། དེ་ནས་རིམ་པས་ཚིག་གྲོགས་སྦྱར་བའི་འགྲེལ་བརྗོད་བཅས་བརྒྱུད་ནས་མིང་བརྡའི་ཚོགས་ངོ་འཕྲོད་པ་དགོས་པ་ཡིན་པར་འདོད།
ཤོག་ངོས་གསུམ་པ་ན། ༼རྐི་༽ ༼ལྐི་༽ ༼སྐི་༽ ༼ལྐེ་༽
ཤོག་ངོས་ལྔ་པ་ན། ༼རྒི་༽ ༼ལྒི་༽ ༼ལྒུ་༽ ༼ལྒེ་༽ ༼ལྒོ༽
ཤོག་ངོས་བདུན་པ་ན། ༼རྔི་༽ ༼ལྔི་༽ ༼སྔི་༽ ༼ལྔུ་༽ ༼ལྔེ་༽ ༼ལྔོ༽ ༼སྔེ༽
ཤོག་ངོས་བཅུ་གཅིག་ན། ༼ལྗུ་༽ ༼ལྗེ་༽
ཤོག་ངོས་བཅོ་ལྔ་ན། ༼རྣི་༽ ༼སྣི་༽ ༼རྣེ༽
ཤོག་ངོས་ཉེར་གཅིག་ན། ༼ལྤི་༽ ༼ལྤུ་༽ ༼ལྤེ་༽ ༼ལྤོ༽
ཤོག་ངོས་ཉེར་བདུན་ན། ༼སྩི༽ ༼སྩུ༽
ཤོག་ངོས་ང་གཅིག་ན། ༼ཀླི་༽ ༼བླི་༽ ༼བླེ༽
ཤོག་ངོས་ང་གཉིས་ན། ༼སླི༽ ༼ཟླི་༽ ༼རླེ་༽ ༼ཟླེ་༽
ཤོག་ངོས་རེ་གསུམ་ན། ༼རྒྱི་༽ ༼རྒྱེ༽
ཤོག་ངོས་བརྒྱ་དང་ཞེ་བཞི་ན། ༼རྐྱེབ༽
ཤོག་ངོས་བརྒྱ་དང་ང་བརྒྱད་ན། ༼རྫིམ༽ ༼སླེམ༽
༣༽ འཛིན་རིམ་གཉིས་པའི་སློབ་དེབ་ལས་སྐྱོན་གནད་ཟུར་བཏོན།
དཀར་ཆག་ནང་ན། ༼སྦལ་བ་ནས་གནམ་མཐོང་༽ ཞེས་པ་ནོར། སྦལ་བ་ཡིས་སམ་སྦལ་བས་ཞེས་ན་དག
རུས་སྦལ་གིས་གནམ་ལ་འཕུར་བ། ཞེས་པ་ནོར། རུས་སྦལ་གནམ་ལ་འཕུར་བ་ཞེས་ན་དག
ཤོག་ངོས་ཞེ་གསུམ་ན། བཤད། བཤད་། བཤད་། ཅེས་དུས་གསུམ་གྱི་བྱ་ཚིག་བཀོད་འདུག ད་ལྟ་བ་༼ཤོད༽་ཡིན་དགོས།
ཤོག་ངོས་ཞེ་ལྔ་ན། ༼ང་ཁ་པར་གཏང་གི་ཡིན༽ ༼ང་ལས་ཀ་བྱ་གི་ཡིན། ༽སོགས་འདུག
ཤོག་ངོས་ཞེ་དྲུག་ན། ༼ང་སྒྲུང་དེབ་བཀླགས་ཀི་ཡིན༽ ༼ང་ཇ་བཏུང་གི་ཡིན།༽ ༼ཁྱེད་རང་གཉིས་ཉལ་གྱི་རེད༽སོགས་འདུག
ཤོག་ངོས་ཞེ་བདུན་ན། ༼ཁོང་ཁ་ལག་ཟ་གི་འདུག༽སོགས་འདུག
ཤོག་ངོས་ལྔ་བཅུ་ན། ༼ངས་ཨ་རིར་བསྡད་པ་ཡིན༽ཞེས་པ་ནོར། ང་ཨ་རིར་བསྡད་པ་ཡིན།
ཤོག་ངོས་ང་གཉིས་ན། ༼ང་གཉིད་ཁུག་གི་རེད།༽སོགས་འདུག
ཤོག་ངོས་ང་གསུམ་ན། ༼ང་མིག་མཐོང་གི་འདུག༽ སོགས་འདུག
ཤོག་ངོས་ང་བཞི་ན། ༼ང་མིག་མཐོང་བྱུང་༽སོགས་འདུག
ཀློག་མཁན་ཚོས་གཟིགས་དཔྱད་གནང་སོགས། གཙོ་ཆེ་དཔྱད་གཞིའི་ཆེད་དུ་འབུལ་ལམ་ཞུས་པ་ལགས་སོ།།
བོད་སྐད་ཡིག་མི་ཤེས་མཁན་དང་གསར་འགོད་གསར་བསྒྲགས་ལ་དགའ་བའི་སྲིད་སྐྱོང་གི་ཕྱག་ལས་འདི་ལས་ལྷག་པ་ཞིག་ཡོང་རྒྱུ་མེད། ད་ལྟའི་གཟའ་མཇུག་གི་ཀློག་དེབ་དེ་ཚོད་ལྟ་ཚུལ་དུ་ཡིན་ན་གསར་བསྒྲགས་དེ་འདྲ་བྱེད་དགོས་ཡག་ག་རེ་ཡོད་རེད། ཁུ་སིམ་སིམ་ལ་ཀློག་དེབ་སྤུས་དག་གཅིག་སྒྲིག་ནས་དེ་གནས་གསར་བསྒྲགས་བྱས་ན་འགྲིག་གི་རེད་པ།
ང་ཚོའི་སྲིད་སྐྱོང་ལ་དཔེ་དེབ་གསར་པ་ག་རེ་སྤྲད་ནའང་དེ་ལ་དཔྱད་ཞིབ་མེད་པར་གསར་འགོད་པའི་མདུན་ལ་དོན་རྒྱུ་བྱུང་ན་ཆོངས་རྐྱང་ཡིན་ས་རེད། ད་ལྟ་གཞི་ལས་སེང་གེ་བཀའ་ཤག་འགོ་བཙུགས་པ་རེད་པ། ཁྱབ་བསྒྲགས་བྱེད་ཡག་ལ་བྲེལ་བ་ག་རེ་ཡོད་རེད། འོང་རྒྱུའི་ལོ་གཅིག་གཉིས་ནང་བསྐྱར་ཞིབ་དང་ཚོད་ལྟ་བྱས་ནས་ཚད་ལྡན་གྱི་ཀློག་དེབ་གཅིག་ཡོངས་བསྒྲགས་སྤེལ་ན་མི་བཟང་ངམ།
བསྟན་འཛིན་རབ་དགའ་ནས་གཟའ་མཇུག་གི་ཀློག་དེབ་དེ་ལ་དཔྱད་ཞིབ་གང་ལེགས་གནང་འདུག་པ་ཐུགས་རྗེ་ཆེ་ཞུ། ཤེས་རིག་ལས་ཁུངས་ནས་ཁོང་གི་བསམ་འཆར་དེ་ཚོ་བདག་པོ་རྒྱབ་པའི་རེ་བ་ཡོད། ཡིན་ཅིག་མིན་གཉིས་ཤེས་རིག་ལས་ཁུངས་རང་ལ་བསམ་འཆར་བསྐུར་དགོས་ཨེ་ཡོད། ཡོན་ཏན་ཁྱི་ཡི་ཁ་ནས་ལེན་ཞེས་པ་ལྟར། ཤེས་ལས་ཀྱི་ལས་བྱེད་ཚོ་དྲ་རྒྱ་ལྟ་ཡི་ཡོད་ན་རབ་དགས་བཏོན་པའི་བསམ་ཚུལ་དེ་དག་ལ་ཐུགས་ཞིབ་གནང་རོགས།
ཀློག་དེབ་དེ་བསྐྱར་ཞིབ་ཐེངས་འགའ་མ་སོང་བར་སྐུ་མཁྱེན་སྲིད་སྐྱོང་ནས་དབུ་འབྱེད་མ་གནང་རོགས། རྒྱ་གཞུང་ལ་ངོ་ཚ་རོགས་རེད། བོད་ཀྱི་རིག་གཞུང་རྒྱས་རྩབ་རལ་གཏོང་གི་འདུག་ཅེས་ང་ཚོས་སྡུག་སྐད་རྒྱབ་ཀྱང་། བྱེས་སུ་ང་ཚོ་བོད་སྐད་ཡིག་གི་མདོག་སྐྱ་དེ་ལས་མེད་ན་དངོས་གནས་ངོ་ཚ་ལེ་རེད། ཐུགས་རྗ་ཆེ།
བསྟན་འཛིན་རབ་དགའ་ལགས་ཀྱིས་བསམ་ཚུལ་བཏོན་པ་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་། དགའ་བསུ་ཡོད། ངའི་བསམ་ཚུལ་དང་གཅིག་མཚུངས་ཡིན།
དཔྱད་བརྗོད་ཡག་པོ་ཞིག་སྤེལ་འདུག་སྟེ། གཅིག་བརྗེད་འདུག
འགན་གཙོ་བོ་ཞིག་གཏན་འབེབས་ཚོགས་ཆུང་ལ་ཡོད་པ་རེད། གཏན་འབེབས་ཚོགས་ཆུང་གིས་གཏན་ལ་ཕབ་རྗེས་དེབ་སྒྲིག་པ་པོས་མི་བསྒྲིགས་རང་བསྒྲིགས་རེད། གཞན་ཞིག་ཤེས་རིག་གི་ལས་བྱེད་ཟུར་བ་ཆུང་ཚེ་རིང་གིས་དེབ་དེ་ལ་རྒྱབ་སྐྱོར་གྱི་སྐད་ཆ་རྫབ་ཆེན་ཞིག་བཤད་པ་ཡོད་ལ་ཐུགས་སྣང་བྱུང་མི་འདུག
སྙིང་འཕར་ནས་མུ་མཐུད་ཀློག་ཐུབ་མ་སོང་། དགོངས་དག
སྐྱོན་འཛུགས་ཕྱེད་ཀ་བདེན་ཡང་། ཕྱེད་ཀ་མི་བདེན།
ད་བོད་ཕྲུག་ཚོར་དབྱིན་འཇི་བ་ཚོར་བོད་ཡིག་སློབ་སྟངས་བསླབ་ཀྱི་ཡིན་ཟེར། རྗེས་སུ་ནུབ་བསྡོད་བོད་ཕྲུག་ཚོས་མགོ་སེར་བ་ཚོའི་བོད་སྐད་རྒྱབ་སྟངས་བཉཡས། རྒྱ་བལ་འབྲུག་གསུམ་དུ་སྡོད་མཁན་ཚོས་རོང་པའི་བོད་སྐད་རྒྱབ་སྟངས་བྱས་གཞིས་སྡོད་བོད་མི་ཚོས་རྒྱ་སྐད་ཀྱི་སྒྲ་གདངས་ནང་བཞིན་བྱས་ནས་བོད་སྐད་བཤད་ནས་དོན་ལ་གཞིས་བྱེས་གཉིས་ཀྱི་བོད་སྐད་རྒྱབ་དུས་ཕན་ཚུན་གོ་བརྡ་མི་འཕྲོད་ནས་སྐད་འགྱུར་འཚོལ་དགོས་ཐུག་ཡོང། ད་མང་པོ་མི་ལབ་ཡང་བཟང་སྤྱོད་མི་འདུག་ལབ་ཡོང། དེང་སང་སྐྱོན་འཛུག་བྱེད་ས་ཡོད་པ་མ་རེད་བཟང་སྤྱོད་དང་འགལ་འགྲོ་གི་ཡོད་རེད།
སྲིད་སྐྱོང་སློབ་བཟང་སངས་རྒྱས་ཀྱིས་གཟིགས་མོ་ལེའུ་དང་པོ་ཤར་གླིང་ཟླ་སྒྲོན་ནས་འགོ་བཙུགས་སོང་། བལྟད་མོ་ཆེ་ཙམ་བྱུང་སོང་། ད་དུང་དེསི་འཕྲོས་འཁྲབ་རྒྱུར་ལྷག་བསྡད་ཡོད། རིང་མིན་འཁྲབ་ངེས། གཟིགས་མོ་ལེའུ་གཉིས་པ་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་སློབ་དེབ་ནས་འགོ་བཙུགས་སོང་། བལྟད་མོ་འདི་ལས་ཆེ་བ་གང་དགོས། ད་གཟིགས་མོ་ལེའུ་གསུམ་པ་ཡང་འགོ་འཛུགས་གྲབས་ཡོད་ཐོས་འདུག།
བོད་པར་མགོ་སེར་གྱིས་ནང་ཆོས་སློབ་དགོས་རྗེས་ལ། བོད་པར་མགོ་སེར་གྱིས་བོད་སྐད་སློབ་བགྱི་རེད། གང་ཡིན་ཟེར་ན། བོད་པས་ངའི་ཡུལ་སྐད་དེ་སྤྱི་སྐད་བཟོ་བགྱིད་མི་འདུག བོད་པ་གཞན་གྱིས་བཟོས་པའི་སྤྱི་སྐད་དེ་ངས་ཤེས་འདོད་མེད་ཟེར་ནས་སྡོད་བགྱིད་རེད།
སྐྱོན་སྲུང་མཁན་གྱི་སྐྱོན་མ་རྟོགས་མཐོང་གི་མ་རེད་གང་ལགས་ཟེར་ན་
སྐྱོན་གཅིག་པོ་འཚོལ་གྱི་ཡོད་ཙང་འཇིག་རྟེན་ཁམས་ཀྱི་དངོས་པོ་ཐམས་
བཅས་སྐྱོན་གྱི་ཕུང་པོ་རེད་།
ཡོན་ཏན་སྲུང་མཁན་གྱི་ཡོན་ཏན་མ་རྟོགས་མཐོང་གི་མ་རེད་གང་ཡིན་ཟེར་ན་ཤེས་བྱ་ཐམས་བཅས་ཡོན་ཏན་གྱི་ཕུང་པོ་རེད་།
སྐྱོན་དང་ཡོན་ཏན་གཉིས་ཡང་འཇིད་ལྟས་ནས་སྐྱོན་ལ་
མཛུབ་མོ་འཛུགས་ཐུབ་ན་ཕོ་ཁྱོ་ག་རེད་ལ་རང་མིང་ངོ་
མ་བཀོད་དགོས་པ་ནི་ལྷག་བསམ་རེད་དེ་མིན་མིང་རྫུན་
འོག་དགེ་སྐྱོན་ཇི་ཙམ་གླེང་ཀྱང་ཆ་འཇོག་དང་བདག་
སྤྲོད་མེད་པ་ཡིག་སྙོགས་ལ་ངོས་འཛིན་ཞུ་ཡུལ་ཞིག་ཏུ་འགྲོ་སྲིད་པ་མ་རེད་དམ་།
དགེ་རྒན། ནམ་རྒྱུན་པཱ་ལགས་དང་ཨ་མ་ལགས་ཀྱི་མཉམ་དུ་བོད་སྐད་བརྒྱབ་ཀྱི་ཡོད་པས།
འདི་འདྲ་བྲིས་འདུག།
འདི་ལ་གཟིགས་ནས་དགོངས་ཚུལ་གསུངས་དང་། གསང་དང་མ་གསང་མི་འདུག། ། ཞབས་རྗེས་གང་ལ་སྤར་འདུག།། ཟེར་བ་དང་མཚུངས། སློབ་དེབ་སྒྲིག་་མཁན་གྱི་ཡོན་ཚད་འདི་ནས་མངོན་ཡོང་།།
རྒྱབ་སྐྱོར་བྱེད་མཁན་ཚོ་ལ་ཞུ་རྒྱུར། བཀབ་དང་མ་བཀབ་མི་འདུག།། རུལ་དྲི་ཕྱི་ནས་ཁ་སོང་།།
བསྟན་འཛིན་རབ་དགའ་ལགས་ཀྱིས་དཔྱད་ཞིབ་ངོ་སྤྲོད་ཡག་པོ་གནང་པར་བཀའ་དྲིན་ཆེ་ཞུ། དེབ་དེ་སྒྲིག་སྦྱོར་བ་གཉིས་དམིགས་བསལ་ཐེར་འདོན་བྱས་བར་དེ་ལས་ཀྱང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། དེ་འབྲེལ་གྱི་ལས་མི་ཚོར་ཞུ་འདོད་པ་ནི་རང་གི་བྱིས་བ་ཚོར་བོད་ཀྱི་སུམ་རྟགས་དང་བརྡ་སྤྲོད་ཀྱི་རྨང་གཞིའི་ཁྲིམས་དང་མ་འགལ་བའི་ཐོག་ནས་བོད་སྐད་ཡིག་གི་རྨང་གཞི་འཛུགས་ཐུབ་བྱེད་དགོས་བ་ལས། ཡུལ་ལུང་སོ་སོའི་ཕལ་སྐད་དང་དབྱིན་ཇིའི་སུམ་རྟགས་ཀྱི་འགྲོས་དང་མཐུན་པར་མི་རིགས་ཞིག་གི་སྐད་ཡིག་སློབ་དགོས་ན་མི་རིགས་དེའི་སྐད་ཡིག་ཉེན་ཁ་ཆེན་པོ་ནས་སྲུང་སྐྱོབས་མི་ཐུབ་པའི་ཉེན་ཁར་ཆེད་དུ་དེད་པ་གཅིག་མཚུངས་རེད་འདོད། རང་ཉིད་སློབ་དེབ་དེ་ལག་ལེན་བསྟར་ལ་ཉེ་སའི་ཕ་མ་ཞིག་ཡིན་པས་ཆ་ནས་གོང་བཀོད་སློབ་དེབ་དེ་གནས་སྐབས་ཕྱིར་བསྡུ་བྱེད་རོགས་གནང་ཞུ་རྒྱུ་ཡིན། གོང་གི་སློབ་དེབ་དེའི་ནང་བོད་ཀྱི་བརྡ་སྤྲོད་ཀྱི་ཁྱད་ཆོས་ཁག་གཞན་གྱི་སྐད་ཡིག་དང་མཚུངས་བསྡུར་བྱེད་ཐུབ་པ་རྣམས་ཆེད་དུ་ནུས་པ་མེད་པ་ཞིག་ཏུ་བཀོད་འདུག་པས་ཀྱང་ཡིན། ་མ་འོང་པར་བྱིས་བའི་སློབ་དེབ་ས་གནས་གང་ཞིག་གི་བྱིས་བ་སུ་ཞིག་གི་ཆེད་དུ་རྩོམ་སྒྲིག་གནང་དགོས་ན་ཡང་ཐུ་མིའི་བརྡ་སྤྲོད་གཞུང་ལུགས་དང་མཐུན་པ་ཞིག་བསྐྱར་བཅོས་གནང་རོགས་ཞེས་རེ་བསྐུལ་ཞུ།
དཀའ་ལས་སྐྱ་བས་བརྒྱབ་པའི། །བྱང་ཕྱོགས་ཨ་རིའི་སློབ་དེབ། །ངོ་སོ་བཟའ་རུས་འཁྱེར་ཕྱིར། །སྲིད་སྐྱོང་ཌཱ་རུས་དབུ་འབྱེད། །
དབུ་འབྱེད་གྲུབ་ལོང་མེད་པར། །སྐད་རུབ་དྲྭ་རུབ་བརྒྱབ་པས། །
ངོ་སོ་ཕ་རིའི་སྤང་རྒྱན། །ངོ་ཚ་རིན་གྱིས་ཉོས་སོང་། །
བློ་ལྡན་བསྟན་འཛིན་རབ་དགས། །རང་མཐོང་ང་རྒྱལ་ཅན་གྱི། །སྣང་གསལ་བསྟན་འཛིན་ནོར་བུ། །བུང་གུ་བུང་རྐྱང་བཏོན་སོང་།།
མི་འབྱོན་འབྱོན་མདོག་ཅན་གྱི། །ཤེས་རིག་ཚེ་རིང་བསམ་འགྲུབ། །སྲིད་སྐྱོང་བཀའ་བཀྱོན་ཕེབས་ན། །མཛུབ་མོ་ཁ་ལ་རྒྱུས་ཤིག །
བོད་སྐྱོབ་ལགས། དེ་བཞིན་ཨ་མདོ་བ་མཆན་པ་ཚོར་ཞུ་རྒྱུ།
སྐད་ཡིག་ལ་སྒྱུར་བ་དང་། ཁ་གསབ། གསར་གཏོད་མེད་ན། སྐད་ཡིག་དེ་ཤི་རོ་ཞིག་རེད། ངེད་ཚོའི་སྐད་ཡིག་གི་ཁྱབ་ཁོངས་ནི་ཉིན་རེ་བཞིན་ཇེ་ཆུང་དུ་འགྲོ། ཁྱོད་སྐད་ཡིག་འདི་ལ་ངོ་མ་ཤ་ཚ་ན། སྐད་ཡིག་འདིའི་ཞན་ཆ་དེ་ལ་ཞིབ་འཇུག་ཡག་པོ་བྱས་ནས་དེ་དག་བཅོས་སྒྱུར་བྱེད་དགོས། དེ་མིན་སྔ་རྗེས་མ་གཏོགས་སྐད་ཡིག་འདི་གཡུག་དགོས་ཐུག ཁྱེད་མ་བརྗེད་ཨང་། སྔོན་མ་བོད་པ་ཚོར་བོད་ཀྱི་སྐད་ཡིག་བདག་པོ་མ་བརྒྱབ་ན་གཞན་ལམ་ཁ་མེད། ད་ལྟ་ངེད་ཚོར་རྒྱ་ཡིག་དང་། དབྱིན་ཇི། དེ་བཞིན་རྒྱ་གར་གྱི་སྐད་སོགས་གདམ་ཁ་གཞན་ཡོད་ལ། ལྟོ་གོས་ཀྱི་དབང་དུ་བཏང་ན། བོད་ཡིག་ལ་རེ་བ་དང་ཕན་ཐོགས་མེད། མི་ཞིག་གི་ལས་འགན་དང་པོ་དེ་སྐད་ཡིག་སྲུང་སྐྱོབ་མ་རེད། ལྟོ་གོས་ཐག་གཅོད་བྱེད་དགོས། བོད་ཡིག་གིས་བོད་མི་དམངས་ལ་ལྟོ་གོས་སྦྱིན་ཐུབ་ཀྱི་མེད། ལྟོ་གོས་ལ་རྒྱ་ཡིག་དང་དབྱིན་ཇི་བཀའ་དྲིན་ཆེ་བ་ཆགས་ཡོད།
ང་ཚོས་བོད་ཡིག་བདག་པོ་རྒྱག་དགོས་པ་དེ་བཞེན་ཆགས་དང་བོད་པ་ཡིན་པའི་ལ་རྒྱ་ཙམ་ལས་གཞན་བོད་ཡིག་མ་ཤེས་ན་ལྟོ་གོས་ལ་གྱོང་ལྟ་ཅི། དེའི་ཚབ་ལ་རྒྱ་ཡིག་དང་དབྱིན་ཇི་ཤེས་ན་ལྟོ་གོས་ལ་ནུས་པ་ཆེ་བ་ཡོད། བོད་ནང་ལ་འཚོ་བ་ལེགས་པ་དང་། སློབ་གསོ་ལེགས་པ། གོ་སྐབས་བཟང་བ་ཐོབ་པ་དེ་ཚོ་བོད་ཡིག་ཤེས་ཀྱི་མེད། རྒྱ་ཡིག་ཤིན་དུ་བྱང་བས་སོ། ཨ་རི་དང་རྒྱ་གར་ལ་ཡང་འཚོ་བ་བཟང་བ་དང་། མདུན་ལམ་ཆེ་བ་རྣམས་དབྱིན་ཇིའི་སྐད་ཡིག་གིས་སྤྲད་ཡོད།
དེ་ལ་བསམ་གཞིགས་བྱས་ནས་ལྐུགས་པའི་རང་རྟགས་མ་བསྟན་པར་སེམས་རྣལ་ལ་ཕབ་ནས་བོད་ཀྱི་སྐད་ཡིག་དེ་དུས་རབས་ཉེར་གཅིག་དང་། དེ་བཞིན་ཉེར་གཉིས། ཉེར་གསུམ་ལ་འཁྱོལ་ཐུབ་པའི་བསམ་བློ་བཏང་ནས་སྐད་ཡིག་དེའི་ཞན་ཆ་རྣམས་ལ་བསམ་གཞིགས་ནན་པོས་རྒྱ་ཡིག་དང་དབྱིན་ཇིའི་མཉམ་དུ་འདྲ་མཉམ་བཞུགས་ཐུབ་པའི་འབད་བརྩོན་བྱས་ན་ལེགས།
དབྱིན་ཇི་དང་རྒྱ་སྐད་ལ་བསྡུར་ན། བོད་ཡིག་ནི་ཕྲུ་གུ་ལོ་བརྒྱད་ཙམ་གྱི་ནུས་པ་ལས་མེད། ཚན་རིག་ལ་བོད་ཡིག་མི་འགྲོ། དཔལ་འབྱོར་ལ་བོད་ཡིག་མི་འགྲོ། ཆབ་སྲིད་ལ་བོད་ཡིག་མི་འགྲོ། འཚོ་ཐབས་ལ་བོད་ཡིག་མི་འགྲོ། ཆོས་ལ་ཡང་བོད་ཡིག་མི་འགྲོ། རྒྱུ་མཚན་ནི་བོད་པའི་ནང་ཆོས་བྱེད་མཁན་གྱི་རྒྱ་དང་ཕྱི་རྒྱལ་ཚོས་རྒྱ་སྐད་དང་དབྱིན་ཇིའི་ནང་ལ་བོད་པའི་ནང་ཆོས་སྦྱོང་བཞིན་ཡོད། ད་ཆ་རྫོང་གསར་མཁྱེན་བརྩེའི་བཀའ་དྲིན་གྱིས་བཀའ་བསྟན་རྣམས་དབྱིན་ཡིག་ལ་སྒྱུར་བཞིན་ཡོད་པ་དང་རིང་མིན་དེ་དག་དབྱིན་ཇིའི་ནང་ལ་འཐོན་རྒྱུ་སོང་ཙང་། བོད་ཡིག་གི་གོ་སྐབས་ཇེ་གཞན་དུ་སོང་ཟིན།
དེ་དག་བསམ་གཞིགས་ཀྱིས་བོད་ཡིག་ལ་ནུས་པ་གསར་པ་ཞིག་སྤྲོད་ཐུབ་ན་ལེགས། དེ་ལྟར་ཡོང་བར་ཕྱོགས་ལྷུང་དང་ལ་རྒྱ་སྐམ་པོའི་ཁྲོན་མའི་ནང་ལ་མ་བསྡད་པར་མིག་མཐོང་རྒྱ་ཆེ་བའི་རྒྱལ་སྤྱིའི་སྟེགས་བུའི་སྒང་ལ་ཕེབས་ཤོག་ཟེར་བ་ཡིན།
བོད་ནང་ལ་ང་ཚོ་བོད་པ་རྣམས་ལ་ངེས་པར་བོད་ཡིག་དགོས་པའི་ངེས་པ་མིན་འདུག རྒྱ་ཡིག་གིས་འཚོ་བ་དང་རང་མགོ་ཐོན་ཐུབ་ཀྱི་འདུག ང་ཚོར་ངེས་པར་དུ་སྤྱི་སྐད་ཅིག་ཀྱང་དགོས་པའི་ངེས་པ་མེད། བོད་ནང་ལ་རྒྱ་སྐད་དེ་སྤྱི་སྐད་ཡིན་པས་ན། ང་ཚོ་ཆོལ་གསུམ་དབར་ལ་རྒྱ་སྐད་བཤད་ན་དེས་སྤྱི་སྐད་ཀྱི་གོ་ཆོད་ཟིན།
བོད་ཕྱི་ལ་དབྱིན་ཇིའི་སྐད་ཡིག་གིས་གོ་ཆོད་ཟིན། ད་ཁྱོད་ང་ལ་ཤོད་དང་། བོད་སྐད་ཀྱི་ནུས་པ་དང་མེད་དུ་མི་རུང་བའི་ནུས་པ་གང་འདུག དྲི་བ་ཡིན།
ང་ཚོ་རང་གི་ཡུལ་སྐད་ལ་ལ་རྒྱ་དང་བཞེན་ཁོག་ཆེ་བས་སྤྱི་སྐད་ཟེར་ན་ལམ་གསེང་ལྷ་ས་བའི་སྐད་ལ་གོ་ནས་ཨ་མདོ་དང་ཁམས་པ་ཚོས་ད་བར་དེ་བཀག་གང་ཐུབ་བྱས་སོང་། ངས་བལྟས་ན་དེ་འགྲིགས་ཀྱི་འདུག ང་ཚོར་སྤྱི་སྐད་དགོས་མིན་འདུག བོད་ནང་ལ་རྒྱ་སྐད་ཡོད་ཡོད་པ་རེད། ཕྱི་རྒྱལ་ལ་དབྱིན་སྐད་འདུག བྱས་ཙང་ཁྱོད་ཚོ་སེམས་ཁྲལ་མ་བྱེད་ཨང་།
ང་ཚོ་ཆོལ་ཁ་གསུམ་གྱི་བོད་པ་རྣམས་ད་བར་མཐུན་སྒྲིལ་མེད་པ་འདི་སྤྱི་སྐད་མེད་ཙང་མ་རེད། ང་ཚོའི་དབར་ལ་ཡིད་ཆེས་དང་། གུས་ཞབས། རིགས་བཞེན་མེད་ཙང་རེད། སྤྱི་སྐད་དགོས་པའི་ལས་འགུལ་སྤེལ་ན་དེ་བས་ང་ཚོའི་ཐུན་མོང་གི་ཆིག་སྒྲིལ་སྐམ་པོ་དེར་གནོད་པ་ལས་ཕན་པ་མིན་འདུག
ད་དེ་ཙམ་ཡིན།
བསྟན་འཛིན་རབ་དགའ་ལགས་ཐུགས་རྗེ་ཆེ། རྒྱབ་སྐྱོར་ཡོད།།
བསྟན་འཛིན་རབ་དགའ་ལགས་ནས་དབྱེ་ཞིབ་ཡག་པོ་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
བྱང་ཨ་རིའི་གཟའ་མཇུག་སློབ་གྲྭ་ཁག་སློབ་དེབ་དེ་ཚད་ལྡན་ཞིག་སྒྲིག་མེད་པ་གསལ་པོ་རེད་ལ། བསྟན་པ་མགོ་ནས་བཤིག་ཟེར་པ་ལྟར་ཤེས་ལྷན་ནས་ཚད་ལྡན་མིན་པ་གླེང་གཞི་ཅན་ཞིག་སྒྲིག་འདུག་པ་བརྒྱུད་ལམ་ཁག་ནས་ཁས་ལེན་དང་དགོངས་སེལ་ཡང་ཐེངས་གཅིག་མིན་པར་ཞུས་སོང་། ད་ལྟ་དགོས་རྒྱུ་ནི་སྤྱི་ཚོགས་ནང་བཀྲམས་པའི་སློབ་དེབ་འདི་གསུམ་ངེས་པར་དུ་ཕྱིར་བསྡུ་དང་དེའི་ཚབ་ལ་ཚད་ལྡན་ཅིག་འགྲེམས་སྤེལ་ཐུབ་དགོས་པ་དེ་རེད། དེ་མ་ཡིན་པར་ཤེས་ལྷན་ལ་བསམ་ཚུལ་འབྱོར་མ་བྱུང་ཞེས་བཤད་བསྡད་ན་དག་དག་ཅིག་མ་རེད།
དེང་སང་བྱང་ཨ་རིའི་གཟའ་མཇུག་སློབ་དེབ་སྐོར་གྱི་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ་བཞིན་འདུག སྐུ་ཉིད་ཀྱི་དགོངས་ཚུལ་རྣམས་ཡིད་ལ་འཐད་པོ་བྱུང་བས་ཐུགས་རྗེ་ཆེ་ཞུ་བ་ལགས། བཀའ་དྲིན་ཆེ།
ཨ་རི་དོན་གཅོད་ཀྱིས་བྱང་ཨ་རི་ན་གཟའ་མཇུག་བོད་ཡིག་སློབ་གྲྭ་ 21 དགེ་རྒན་ 115 སློབ་ཕྲུག 1000 ལྷག་ཡོད་ཟེར། དེ་ཆ་སྙོམས་རྩིས་སྟངས་ལྟར་བྱས་ན། སློབ་གྲྭ་རེ་ལ་སློབ་ཕྲུག་ 47 ལྷག་དང་། དགེ་རྒན་ 5 རེ། སློབ་ཕྲུག་ 8 རེ་ལ་བོད་ཡིག་དགེ་རྒན་རེ་རེ་ཡོད་པ་ཞིག་ཆགས་འདུག དགེ་རྒན་གྱི་ཆ་རྐྱེན་ཡག་པོ་རེད། གལ་སྲིད་ད་དུང་ཡང་སློབ་ཕྲུག་ཚོའི་བོད་སྐད་དང་བོད་ཡིག་འབྲི་ཀློག་ཡག་པོ་ཡོང་གི་མེད་པ་ཡིན་ན། ད་ལྟའི་སློབ་དེབ་འདི་ཚོ་ལྟ་བུ་རེ་འཁྲིད་བསྡད་ནས་འཕྲོ་བརླག་བཏང་བ་ཡིན་སྲིད་པ་རེད།
དགྱ་བཟའ་ཀོང་ཇོ་ཟེར་བའི་དགྱ་མོ་དེས་ལྷ་ས་ནས་བརྡ་སྤྲོད་ལ་རྩ་ནས་རྨོངས་པའི་བོད་སྐད་འདི་འདྲ་བཤད་ཤེས་བ་དེ་ཡག་པོ་རེད།
ཡིན་ན་ཡང་།
གདོན་མའི་བོད་རིགས་ཚོའི་རྣ་བར་ནི་སྙན་པོ་མེད་པོ་དང་དག་པོ་ཞིག་རྩ་ནས་ཡོད་པ་མ་རེད།
མེད་རུང་། དགྱ་རིགས་དང་དགྱ་དགའ་ཚོ་ལ་ནི། འདི་ནི་སྐད་ཡིག་གསར་གཏོད་ཆེན་པོ་ཞིག་ཡིན་པའི་སྤོབས་པ་ལོས་ཡོད།
རྒྱལ་ཁབ་ཡོད་ནི་ཞིག་ཡིན་ན། རྒྱལ་ཁབ་དེའི་བརྡ་སྤྲོད་ཀྱི་སྲོགས་གཅོད་པར། དཔེ་ཆ་དང་ཚོགས་པ་བྱུང་ན། ཉེས་ཅན་བཙོན་རེད། དཔེ་ཆ་ཐལ་རེད།
མི་བདེན་པར་འདོད་ན། མཐོང་རྒྱ་ཆེ་ཙམ་བྱོས།
མཁྱེན་ཡངས་བསྟན་འཛིན་རབ་དགའ་མཆོག་ལ་འཚམས་འདྲི་དང་བཅས་ཞུ་རྒྱུར། གཟའ་མཇུག་སློབ་གྲྭའི་སློབ་དེབ་ཀྱི་གླེང་རྙོག་དེར་ང་རང་གི་སྒེར་ངོས་ནས་ཡོངས་གྲགས་ཐོག་གསལ་བཤད་ཅིག་ཞུ་རྒྱུར་འབད་བརྩོན་བྱས་ཡོད་ཀྱང་། ལས་དོན་དེ་ཤེས་རིག་ལས་ཁུངས་དང་། ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་། སློབ་དེབ་རྩོམ་སྒྲིག་པ་དང་ལས་རོགས། མེན་ན་སོ་ཊ་དང་ནེའུ་ཡོག་སོ་སོར་ཚོགས་པའི་བྱང་ཨ་རིའི་ནང་གི་བོད་ཡིག་དགེ་རྒན་འདུ་འཛོམས་ཀྱི་ཚོགས་འདུའི་དགོངས་དོན། ཤེས་རིག་ལས་ཁུངས་ཀྱི་བསྐྱར་ཞིབ་ཚོགས་ཆུང་བཅས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་ཡོད་སྟབས། ངས་གསལ་བཤད་དེ་མི་སྒེར་ཞིག་དང་འབྲེལ་ནས་ཞུ་ཐུབ་ཐབས་མེད་མོད། གང་ལྟར། ཁྱེད་ཀྱིས་ངའི་མིང་བཏོན་ནས་སྐྱོན་བརྗོད་བྱས་ཡོད་པར་བརྟེན། གོང་དུ་གསལ་བའི་གཞུང་སྒེར་གྱི་ལས་དོན་དང་ཐད་ཀར་འབྲེལ་བ་མེད་པའི་གནས་དོན་སྐོར་ཞིག་ལ་ངས་འབད་བརྩོན་ཞུས་ཆོག་སྙམ།
གོང་དུ་ཁྱེད་ཀྱིས་སྔོན་འགྲོ་སློབ་དེབ་ནང་གི་སྐྱོན་གནད་འགའ་བཏོན་པའི་ནང་དུ། འཇམ་དབྱངས་གང་བློ་མའི་”བདག་བློའི་གཏི་མུག་མུན་པ་རབ་གསལ་ནས་” ཞེས་པ་ནོར་འདུག་པས་བསལ་འབྲི་དགོས་ཚུལ་བརྗོད་པ་ནི་གྱ་ཚོམ་དུ་བཤད་པའི་གཏམ་ཡིན་ཏེ། དཔེར་ན་སྐྱོན་བསལ་ཞེས་པ་དག་ཡང་། མུན་པ་བསལ་ཞེས་ན་མི་དག་པ་མ་ཟད། གོ་རྒྱུ་གང་ཡང་མེད། དེ་ལས་མུན་པ་གསལ་ཞེས་འབྲི་དགོས་ལ། ལར་ནས་ད་ཕན་ངས་མཐོང་བའི་འཇམ་དབྱངས་གང་བློ་མའི་ནང་དུ་། གཏི་མུག་མུན་པ་རབ་གསལ་ནས་ཞེས་བྲིས་པ་ལས་རབ་བསལ་ནས་བྲིས་པ་ཞིག་མཐོང་མ་མྱོང་། མི་བདེན་ན་རབ་བསལ་ནས་བྲིས་པའི་གང་བློ་མ་གཞན་ཞིག་ཁྱེད་ལ་ཁྱེར་ཡོངས་རྒྱུ་ཡོད་དམ། དཀར་ཆག་ནང་གི་ཟས་མཆོད་ལ་བཟས་མཆོད་དང་། རྦབ་ཆུ་ལ་རྦ་ཆུ་བྲིས་པ་དག་ནོར་ཡིན་ཡང་སློབ་ཚན་དངོས་གཞི་ནང་ཟས་མཆོད་ལས་བཟས་མཆོད་བྲིས་མེད་མོད། འདི་དག་ཤེས་ནས་ནོར་བའམ་མ་ཤེས་ནས་ནོར་བ་གང་ལའང་ངོས་འཛིན་གྱི་མེད། ཡིན་ནའང་དཀར་ཆག་ནང་ནོར་ཚེ་ནོར་བ་རང་ལ་ངོས་འཛིན་རྒྱུ་ལས་ཅང་མེད།
ཡང་ཆུ་ཀ་ལ་དང་བ་དམ་ལྟ་བུར་བོད་ལ་ཡོངས་གྲགས་ཐོག་མིང་མེད། རྒྱ་བྲོ་མ་ལྟ་བུ་ཡོད་ཀྱང་དོན་ལ་གནས་པ་ཞིག་མིན། དེ་ལས་ཆུ་ཀ་ལ་དང་བ་དམ་ནི་དབུས་གཙང་ཁུལ་དུ་སྔ་མོ་ནས་བརྗོད་སྲོལ་ཡོད་པ་ཞིག་དང་བོད་ཡིག་གི་ཚིག་མཛོད་རེ་འགས་ནང་དུའང་ལྟ་རྒྱུ་ཡོད་པ་ཞིག་ཡིན། ལྷག་པར་དུ་ཨ་མདོའི་ཁུལ་དུ་དེ་གཉིས་ལ་རྒྱའི་སྐད་དོད་ཙི་ལན་ཧྲོས་དང་ཧྭ་ཧྲིན་ཡོངས་གྲགས་ཐོག་བརྗོད་ཀྱི་ཡོད་པ་ལས་བོད་མིང་འདི་ཡིན་ཟེར་བ་ཞིག་མེད།
ཡང་ཛ་རེ་ཛོ་རེ་ཟེར་ན་དངོས་པོ་རེད་དམ་རྣམ་པ་རེད་ཟེར་ནས་ཡ་མཚན་མཚན་བྱས་མོད། ཡིན་རྒྱུ་འདི་ལ་ཛ་རེ་ཛོ་རེར་བཞག་འདུག་ཟེར་བ་རེད།
དེ་ནས་བོད་ཡིག་སློབ་དེབ་འདིའི་གླེང་རྙོག་ཡོངས་སའི་རྩ་བ་ལྟ་བུ་ནི་ཁ་སྐད་སྦྱོང་བརྡར་གྱི་ཚན་པ་དེ་ཡིན། སྔོན་འགྲོའི་བོད་ཡིག་སློབ་དེབ་འདིའི་ནང་དུ་ཀློག་བསླབ་པ་དང་ཁ་སྐད་སྦྱོང་བརྡར་གཙོ་བོ་ཡིན་མོད། ཁ་སྐད་སྦྱོང་བརྡར་དེ་ནི་གཙོ་བོ་ཨ་རིའི་ནང་གི་དགེ་རྒན་དང་སློབ་ཕྲུག་གི་གནས་སྟངས་ལ་གང་ཐུབ་ཀྱིས་བསྟུན་ནས་བཟོས་པ་ཞིག་ཡིན་པ་མ་ཟད། བྱང་ཨ་རིའི་སྐབས་གཉིས་ཀྱི་ཚོགས་འདུའི་སྐབས་སྦྱངས་བཤད་བྱས་ཏེ་གཏན་འབེབས་བྱུང་བ་ཞིག་ཡིན། ལྷག་པར་དུ་ཤེས་རིག་ལས་ཁུངས་ཀྱི་བསྐྱར་ཞིབ་ཚོགས་ཆུང་ནས་དེབ་དེའི་འགོ་ནས་མཇུག་བར་དུ་ཉིན་བཞིའི་རིང་བསྐྱར་ཞིབ་བྱས་ཡོད། ཐོག་མའི་ཆར་སློབ་དེབ་དེ་དག་དེབ་གཟུགས་སུ་པར་བསྐྲུན་བྱ་རྒྱུ་མིན་པར་ཤེས་རིག་དྲ་རྒྱ་ནང་དུ་བཞག་སྟེ་འབྲེལ་ཡོད་སོ་སོས་ཕབ་ལེན་གྱིས་ལོ་གཅིག་རིང་ཚོད་ལྟ་བྱ་རྒྱུ་དང་། ལོ་གཅིག་རྗེས་ཡང་བསྐྱར་དགོངས་འཆར་ཁག་ཕྱོགས་བསྡོམས་ཀྱིས་དེབ་གཟུགས་སུ་པར་བསྐྲུན་བྱ་རྒྱུ་བྱས་ཡོད་པ་དེབ་དེའི་ཤེས་རིག་གི་ཆེད་བརྗོད་ནང་གསལ་པོ་བཀོད་ཡོད། དེ་ལྟར་ཡང་དེབ་དེ་གློ་བུར་དུ་དེབ་གཟུགས་སུ་པར་བསྐྲུན་བྱ་དགོས་ཐུག་པའི་རྒྱུ་མཚན་གང་ཡིན་ང་ལ་བཤད་རྒྱུ་གང་ཡང་མེད།
ཁ་སྐད་སྦྱོང་བརྡར་དེའི་ནང་གི་གནད་དོན་མང་པོ་ཞིག་གི་ཐོག་ལ་བསྐྱར་ཞིབ་ཚོགས་ཆུང་ནང་དུ་གླེང་སློང་བྱས་ཡོད་མོད། ཤེས་རིག་ལས་ཁུངས་ཀྱི་བསྐྱར་ཞིབ་ཚོགས་ཆུང་ནང་དུ་སློབ་དེབ་རྩོམ་སྒྲིག་པ་མཉམ་ཞུགས་མེད་སྟབས། རང་དགར་བཅོས་རྒྱུ་དང་གཏུབ་རྒྱུ་དེ་ལས་སླ་པོ་ཞིག་མིན། ལྷག་པར་དུ་ང་རང་སྒེར་ངོས་ནས་དང་ཤེས་རིག་ལས་ཁུངས་ངོས་ནས་བོད་ཀྱི་ཡུལ་ལུང་ཆ་ཚང་ལ་ཁྱབ་ཐུབ་པའི་ཁ་སྐད་སྤྱི་སྐད་ཅིག་བཟོ་ཐུབ་ཀྱི་མ་རེད་ལ། དེ་འདྲའི་སྤྱི་སྐད་བཟོ་ཐུབ་མཁན་ཞིག་བོད་ཕྱི་ནང་གཉིས་སུ་བྱུང་མྱོང་མེད་པ་མ་ཟད། ཁ་སྐད་དེ་འདྲ་ཞིག་བཟོ་ཐུབ་པའི་བརྡ་སྤྲོད་ཀྱི་མ་ལག་ཆ་ཚང་ཞིག་གང་ནས་ཡོང་ངམ། ཡིག་སྐད་ཡིན་ན་གནས་ཚུལ་ཐ་དད་རེད། ཡིག་སྐད་ཐོག་བོད་ཆོལ་ཁ་གསུམ་ལ་རྩོད་པ་ཞིག་ཡོང་དགོས་དོན་མེད། དངོས་ཡོད་ནི་བྱང་ཨ་རིའི་ས་གནས་ས་ཐོག་གི་གནས་སྟངས་ལ་བརྟེན་ནས་ཁ་སྐད་སྦྱོང་བརྡར་གྱི་ཚན་པ་ཞིག་བཞག་པ་སྔ་ཕྱིའི་ཚོགས་འདུ་ཁག་གི་གྲོས་ཆོད་ནས་གསལ་པོར་རྟོགས་ཐུབ།
དེ་ནས་ཀློག་བསླབ་པའི་སྐོར་ལ་ཉིད་ནས་ནང་དོན་མེད་པའི་ཡི་གེ་མང་པོ་ཞིག་བཞག་འདུག་པར་སྐྱོན་བརྗོད་བྱས་མོད། ཇི་སྐད་དུ། བསླབ་ལ་བརྩོན་པའི་གང་ཟག་གིས།། དང་པོར་ང་རོ་རྣམས་ལ་སྦྱང་།། ཞེས་པ་ལྟར། དང་པོ་ང་རོ་ལ་བསླབ་པའི་སྐབས་སུ་ཡི་གེ་རྐྱང་པ་དེ་ཚོས་དོན་ཅི་ཞིག་སྟོན་མིན་ལས་གཙོ་བོ་གནས་དང་། བྱེད་པ། རྩོལ་བ་གསུམ་གྱི་སྒྲའི་ང་རོ་རྣམས་ཕྲུ་གུར་སྐད་གསེང་མཐོན་པོས་བཀླག་ཏུ་བཅུག་སྟེ་གོམས་སུ་འཇུག་རྒྱུ་དེ་ཡིན། དེར་བརྟེན་སྐབས་འདིར་ཕྲུ་གུར་དོན་ཅི་ཞིག་སྟོན་མིན་ངོ་སྤྲོད་པ་ལས་ཁ་དང་། ལྕེ། མགྲིན་པ་སོགས་ཀྱི་ང་རོའི་སྦྱོང་བརྡར་མཐར་ཕྱིན་པ་ཞིག་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། གཅིག་ཏུ་ན་འདིའི་ནང་གི་ཡི་གེ་མང་པོ་ཞིག་ལ་དོན་སྟོན་རྒྱུ་མེད་ཀྱང་སྐྱོན་མེད། གང་ལྟར་ཁོང་ཚོར་ཡི་གེའི་ང་རོའི་སྦྱོང་བརྡར་ཞིག་ཐོབ་ན་འགྲིག་པ་ཡིན། དཔེར་ན། ང་ཚོས་ཕྲུ་གུར་གསལ་བྱེད་ཀྱི་ང་རོ་སློབ་པའི་སྐབས། ག་ ཅ་ ཏ་ ཐ་ ད་ པ་ བ་ མ་ ཙ་ ཛ་སོགས་ལ་གོ་དོན་ཞིག་སློབ་ཐུབ་ཐབས་མེད། དེ་ལྟར་ཡང་འདིའི་སྐོར་ལའང་བསྐྱར་ཞིབ་ཚོགས་ཆུང་ནང་དུ་གྲོས་བསྡུར་བྱས་བ་མ་ཟད། ཉུང་འཕྲི་གཏོང་དགོས་པའི་བསམ་ཚུལ་ང་རང་ཉིད་ནས་གླེང་མྱོང་ཡོད། གང་ལྟར་དཀའ་ངལ་ཆེ་ཤོས་ནི་སློབ་དེབ་རྩོམ་སྒྲིག་པ་མཉམ་ཞུགས་མེད་སྟབས། བགྲོ་གླེང་བྱེད་པའི་གཞི་རྩ་མང་པོ་ཞིག་ལ་ཐད་ཀར་ལན་རྒྱག་མཁན་མེད་པར་བརྟེན་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་ནས་རྩོམ་སྒྲིག་པ་རང་ཉིད་བསྐྱར་ཞིབ་ཚོགས་ཆུང་ནང་ཡོང་ཐུབ་ན་ལེགས་རབས་ཞུས་ཡོད་ཀྱང་། གནས་དོན་དེ་ལག་ལེན་ལ་འཁེལ་མི་ཐུབ་པའང་ང་ཚོས་གསལ་པོར་ཤེས་ཀྱི་ཡོད།
དེ་ལྟར་ཡང་ཉིད་ནས་གནད་དོན་གྱི་རྙོག་གླེང་གི་གཞི་རྩ་ལྟ་བུར་བདག་དང་རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་གཉིས་ལ་འཛུབ་མོ་འཛུགས་དགོས་ཚུལ་བཤད་པ་ནི་དྲང་བདེན་ཞིག་མིན་པ་མ་ཟད། དེའི་རྒྱབ་ལོགས་ཀྱི་ཀུན་སློང་ལའང་དོགས་པ་སྐྱེས་དགོས་པ་ཞིག་ཡིན། བསྐྱར་ཞིབ་ཚོགས་ཆུང་ནས་དེབ་དེ་ཚུར་འབྱོར་བ་དང་ཉིན་བཞིའི་རིང་ཤོག་ངོས་དང་པོ་ནས་བཟུང་སྟེ་གཅིག་གཅིག་གཉིས་གཉིས་བྱས་ནས་ལྟ་ཞིབ་བྱས་ཏེ་ཡོང་ཡོད་པ་ལས་ང་རང་གཅིག་པུས་གང་འདོད་འདོད་ཅིག་བྱེད་ས་མེད་པ་རེད། ལྷག་པར་དུ་ཁ་སྐད་སྦྱོང་བརྡར་གྱི་གནས་སྟངས་དེར་ངས་གང་ཡང་བྱེད་ཐུབ་ཐབས་མེད། ད་ལྟ་ཡིན་ནའང་ང་རང་སྒེར་གྱི་ངོས་ནས་གནད་དོན་དེར་གསལ་བཤད་བྱེད་ཐབས་མེད་པ་ཞིག་ཡིན། གང་ལྟར་ཡང་ང་སྒེར་གྱི་གསལ་བཤད་ཐུང་ཐུང་འདིས་ཉིད་དང་རྒྱ་ཆེའི་རྩོམ་པ་པོ་རྣམས་ལ་ཡིད་ཚིམ་པ་ཞིག་ཡོང་མི་ཐུབ་པ་ང་རང་གིས་གསལ་པོར་ཤེས་ཀྱི་ཡོད། མཐའ་མར་ཉིད་ཀྱི་བྱ་བཞག་རྣམས་ཡར་རྒྱས་ཡོང་བར་བདག་ནས་སྨོན་འདུན་ཞུ་རྒྱུ་བཅས། ཕྱི་ལོ་༢༠༡༦ ཟླ་ ༨ ཚེས་ ༥ ཉིན།
དྲ་ངོས་ནང་ཁ་དམག་མཚམས་བཞག་ནས་རྒྱུ་ཚན་དར་ནས་ཤེས་
རིག་ལྷན་ཁང་ལ་ཐད་ཀར་ཡིག་ཐོག་ཏུ་ཕུལ་རོགས་གནང་།
ཐུགས་རྗེའི་གཟིགས་།
ཧིན་སྐད་ཀྱི་ཆུ་ཀ་ལ། ལ། བོད་སྐད་དུ། ཝ་རྐ་དང་། དེའི་ཆུ་ལ། ཝ་ཆུ་ཟེར།
ཞེ་དྲག་གསུངས་འདུག་ཀྱང་ཁྱེད་རང་དེབ་འདི་བཟོ་བཅོས་གནང་བར་ཕེབས་རོགས་ཟེར་ནས་གདན་ཞུ་བྱས་ན་བྱེད་ཐུབ་མཁན་ཞིག་ནི་མིན་པ་རང་མདོག་གསལ་པོ་རེད་འདུག
པྰ་ལགས་འདི། ཕ་ལགས་ལ། བཅོས་དགོས།
བྱ་གཞུང་དཔལ་རྡོར་གྱིས་ཤེས་ལྷན་ནས་བཟོད་གསོལ་ཞེས་པ་དེའི་ཐོག་ཏུ་མི་འཇོག་པར། བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྩལ་དུ་གསོལ། ། ཞེས་པའི་དོན་མ་གོ་བའི་འགྲེལ་བཤད་དེ་གཅིག་པུས་རང་ཉིད་ཀྱི་སྤུས་ཚད་གསལ་པོ་སྟོན་སོང་།
ཨ་རིའི་སློབ་ཕྲུག་ཚོ་དང་དགེ་རྒན་སྐད་ར་མ་ལུག་བརྒྱབས་མཁན་ཚོའི་ཆེད་དུ་སློབ་དེབ་འདི་འདྲ་བསྒྲིགས་ཟེར། ལ་ལས་དེ་ཡང་བོད་སྐད་ཡིག་ལ་བཅོས་བསྒྱུར་ཡིན་ཟེར། ད་འོན་ན་སྤྲེའུ་དང་བྲག། སྦྲ། སོགས་ཀྱི་དག་ཆ་ཡང་བསྒྱུར་ཅིག། བག་དང་སྦ། སྤེའུ། ཟེར་མཁན་ཚོའི་ཆེད་དུ་ཁོ་ཚོའི་ཁ་སྐད་དང་བསྟུན་དགོས། ད་དུང་རྒྱ་བྱ་རྨ་བྱ་ཆུ་ཆུ་སོགས་ལ་འགྱུར་བ་གཏོང་དགོས། རྒྱལ་ཐང་པ་ཚོའི་ཆེད་དུ་། མིང་གཞི་མི་མངོན་པར་བཟོས་སྟེ། རྒྱ་ཡ། རྨ་ཡ། ཆུ་ཡ། སོགས་བཅོས་དགོས། ད་དུང་ནང་ཆེན་པ་ཚོའི་ཆེད་དུ། བྱམ་པ་མགོན་པོ་ལ། ཟམ་པ་མགོན་པོ་ཟེར་བཅོས་དགོས་ཁོ་ཚོའི་ཁ་སྐད་དང་ལོས་བསྟུན་དགོས། ངོ་མ་བྱས་ན་སྒྲ་ཉམས་འདིའི་རིགས་བཅོས་ནས་དག་པར་བསྒྲིགས་ཚེ། བོད་མི་རིགས་ཀྱི་གདོད་མའི་སྤྱི་སྐད་དེ་མངོན་གྱུར་ཡོང་བར་ངེས། ད་དུང་མདོག་ངན་ཤོས་དེ་དག་ཆ་ཙམ་མ་ཡིན་པར། ཚིག་སྦྱོར་ར་མ་ལུག་དེ་དང་དུས་གསུམ་བྱ་བྱེད་མིང་གི་དབྱེ་བ་འཆོལ་བ་དེ་ཚོ་རེད། འདི་ཚོ་བོད་སྐད་ཀྱི་ལག་དམར་བ་ཆགས་ཀྱིན་འདུག།
བྱ་གཞུང་དཔལ་རྡོར་ལགས། གསལ། ཞེས་པ་འདི་འོད་སྣང་མངོན་དུ་གྱུར་བ་དང་། རབ་གསལ་ཟེར་སྐབས་ཆེས་ཆེར་མངོན་དུ་གྱུར་བ། རིག་པ་གསལ་ཟེར་སྐབས་བློ་རིག་རྣོ་བའི་དོན་ལ་འཇུག་པ། སོགས་ཡོད་ལ།
མདོར་བསྡུས་ན་སྣང་བའི་རིགས་འབྱིན་པ་དང་། དོན་གོ་རྟོགས་འཆར་མྱོང་བྱུང་བ་ལ་འཇུག། མུན་པ་ནི་གྲུབ་ཙམ་ཉིད་ནས་རང་བཞིན་ནག་པོ་ཡིན་པའི་དེ་གསལ་རྒྱུ་ཞིག་ག་ལ་ཡོད། གོ་རྒྱུ་མེད། འདི་ནི་ཆུ་འབར་ཟེར་བཤད་པ་དང་མཚུངས། ཧཧཧ བསལ་བ་ནི་མེད་པར་བཟོས་པའི་དོན་རེད། བྱེད་མེད་ལས་ཚིག་སྐབས་སེལ་ཟེར་བ་དང་དོན་མཚུངས་རེད། ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། ངའི་བློའི་གཏི་མུག་གི་མུན་པ་དེ་རབ་ཏུ་བསལ་བ་སྟེ་མེད་པར་བཟོས་ནས་་་ཞེས་པའི་དོན་རེད། གང་བློ་མ་འགའ་ཤས་ནང་དུ་སེལ་ཟེར་འདུག་མོད། བྱ་བྱེད་ཐ་དད་མི་དད་གསལ་པོར་མ་མཁྱེན་པའི་ལན་ནོ། བསམ་བློ་ཐོངས། གཞན་ལའང་དྲིས། དཔྱད་ཞིབ་གནང་དང་གསལ་པོར་ཆགས་ཀྱི་རེད། རང་སྣང་འཁྲུལ་པ་ལ་ཨ་འཐས་མ་བྱེད། གང་ལྟར་ཁྱེད་རང་ཆང་མ་བཏུང་བར་རྭ་བཟི་བ་དེ་མཁྱེན་པར་་མཛོད།
སྐད་ཡིག་ལ་ཞབས་འདེགས་ཞུ་མཁན་དེ་དག་ལ་ངོ་མ་བཀའ་དྲིན་ཆེ་ཞུ་བ་ཡིན། གསར་གཏོད་དགོས་འདུག ང་ཚོར་གསར་གཏོང་གང་དགོས་ཞུས་ན། མིང་ཚིག་མང་པོ་ཞིག་བོད་སྐད་ལ་བཟོ་དགོས་འདུག དེ་ཡང་བཟོ་སྟངས་དེ་ཐད་སྒྱུར་མིན་པར་བོད་པ་རང་གི་བྲོ་བ་ཡོད་པ་དང་། ངག་ནས་བརྗོད་བདེ་བ་ཡིན་འདྲ་ཡིན་ན་ཅིས་ནས་ལེགས། དཔེར་ན། ངོ་དེབ་ཅེས་ཐད་བསྒྱུར་བྱས་པ་འདི་སྙན་པོ་མིན་འདུག དེ་ལས་མེ་ལོང་ལྟ་བུ་བསྒྱུར་ན་ལེགས། དེ་བཞིན་གློག་ཀླད་ལྟ་བུར། གློག་མཛོད་ཅེས་བསྒྱུར་ན་གཅིག་གློག་གི་ཀླད་པ་ཟེར་བ་རེད། གཅིག་ཤོས་གློག་གི་མཛོད་ཟེར་ན་མི་འགྲིགས་པ་མིན་འདུག
བྱ་གཞུང་དཔལ་རྡོར་ལགས། ཁྱེད་ཀྱི་སྙིང་ལ་འབྱུང་པོ་ཞིག་ཞུགས་མེད་ན་ནི་འདི་འདྲའི་སྐད་ཆ་བཤད་མི་སྲིད་པ་རེད།
ངས་ མདང་ ཕྱིན་པ་ཡིན།
ངས་ དེ་རིང་ འགྲོ་བགྱིད་ ཡོད།
ངས་ སང་ཉིན་ འགྲོ་བགྱི་ ཡིན།
་
ཞེས་ཡིག་ཐོག་དགོས་འདུག་ཀྱང་།
་
ང་ མདང་ ཕྱིན་པ་ཡིན།
ང་ དེ་རིང་ འགྲོ་བགྱིད་ ཡོད།
ང་ སང་ཉིན་ འགྲོ་བགྱི་ ཡིན།
་
ངག་ཐོག་ཏུ་བབ་ས་འདི་རང་རེད་དོ།།
དྲྭ་ཐག་འདི་གཉིས་ལ་ཚར་གཅིག་ཕེབས་དང་། བོད་ཀྱི་སྐད་ཡིག་ལ་ཕན་པའི་ཆ་གཅིག་འདུག་བསམ་པ་བྱུང་།
http://media.wix.com/ugd/948b9a_ae7f7ba086ee4884b678343fdf7393e5.pdf
http://media.wix.com/ugd/948b9a_566ad1ee326c4ed1ac95ef6f7e4e87eb.pdf
བྱ་གཞུང་དཔལ་རྡོར་གྱིས་ལན་འདེབས་བྱེད་སྟངས་ལ་བལྟས་པས། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་པ་ཚོར་ཐུན་མོང་བ་མ་ཡིན་པའི་ཨུ་ཚུགས་ཆེ་ཙམ་ཡོད་པར་མཐོང་སོང་། ཡིག་ནོར་སྤེལ་སྟངས་དང་འགྲེལ་ལོག་རྒྱག་སྟངས་ལ་བལྟས་པས། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་པ་ཚོའི་གནས་ཚད་ཀྱི་ཕ་རོལ་ཚུར་རོལ་གཉིས་ཀ་མཇལ་ཐུབ་སོང་། ཁྱེད་ཚོས་སློབ་དེབ་འདི་འདྲ་ཞིག་བསྒྲིགས་པར་ཐུགས་ཁག་མི་འདུག ང་ཚོས་བསམ་ཤེས་ཐུབ་པ་འདུག
http://www.tsanpo.com/recommend/19838.html
གསར་པ། གསར་བ། གསར་ཤོས།
དང་།
གསར་པ། གསར་ར། གསར་ཤོས། ཞེས་འབྲི་སྟངས་གཉིས་འོངས་དགོས།།
བོད་མི་ཚོ་འཛམ་གླིང་གི་ལུང་པ་མང་པོའི་ནང་ཁ་འཐོར་ནས་ཁྱིམ་ཚང་སྒེར་གྱི་
འཚོ་
གནས་ལ་འགན་སྲུང་བྱེད་བཞིན་པ་ནས་བོད་མི་ནང་ཁུལ་སྐད་བརྡ་
འཕྲོད་པའི་ཆེད་ཤེས་རིག་ལྷན་ཁང་ནས་ལས་སླ་བྱུས་གནང་བ་ཡིན་
སྲིད་དེ་མིན་བརྡ་སྤྲོད་རིག་པའི་གཞུང་དང་ཁ་བྲལ་བའི་བོད་ཀྱིས་སྐད་
ཡིག་གི་བོད་མིའི་སྐད་ཡིག་དང་འབྲེལ་བའི་རིག་གཞུང་ལ་ནམ་ཡང་
སྲུང་སྐྱོབས་མི་ཐུབ་པ་ནི་ལོང་བས་བལྟས་ཀྱང་ཁམས་སུམ་གྱི་དཔེ་ལྟར་
མ་རེད་དམ་???