——རྫ་ཚེ་རིང་བཀྲ་ཤིས།
༡༽ ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀློང་། །
བརྡ་སྤྲོད་སྒྲོན་མེའི་འོད་ནུབ་ན། །
འཇིག་རྟེན་མུན་པ་གང་གིས་སེལ། །
བོད་མིའི་སྡོམ་ཐག་གང་གིས་བྱེད། །
༢༽ ཐོན་མིའི་ཉིན་བྱེད་སྔ་ནས་ཡལ། །
ས་པན་ཟླ་བའི་དཀྱིལ་འཁོར་ནུབ། །
མཁས་པའི་རྒྱུ་སྐར་ཉུང་བས་ན། །
འདྲེ་བྱའི་ཐན་སྐད་རི་ལུང་གང་། །
༣༽ བོད་ལ་ཆབ་སྲིད་གཅིག་གྱུར་མེད། །
ཆོལ་གསུམ་སྐད་ཀྱི་གཅིག་གྱུར་མེད། །
འོན་ཀྱང་བརྡ་སྤྲོད་ཡི་གེ་ཡིས། །
གངས་ཅན་ད་བར་བཟླུམས་པ་ཡིན། །
༤༽ འབྲུག་པས་ཆབ་སྲིད་མངོན་འདོད་ཆེད། །
བོད་ཡིག་བརྡ་སྤྲོད་རང་དགར་བསྒྱུར། །
རྫོང་ཁ་ཞེས་པ་གསར་དུ་བཟོས། །
བོད་ཡིག་མིང་ལ་ཆོས་ཡིག་ཟེར། །
༥༽ འོན་ཀྱང་དེ་ཡི་མཇུག་འབྲས་ལ། །
གཞོན་སྐྱེས་སྐད་ཡིག་ཁྲོམ་ར་བརླགས། །
བཀའ་བསྟན་གཞུང་དང་རྫོང་ཁ་ཡི། །
བར་ཐག་རིང་པས་སྦྱངས་འབྲས་ཞན། །
༦༽ སྐད་ཡིག་འཁོར་བསྐྱོད་ཁྱབ་ཁོངས་ལ། །
ཚད་ལས་བརྒལ་བའི་ཚད་བཀག་ཐེབས། །
དེ་ཡིས་གཞོན་སྐྱེས་ཕལ་མོ་ཆེ། །
དབྱིན་ཅིའི་སྐད་ཡིག་ཉམ་དམའ་ཞིང་། །
༧༽ རང་གི་སྐད་ཡིག་མི་ཤེས་པའི། །
ཕུང་གསུམ་སྲིད་པ་བར་དོ་རུ། །
མྱ་ངན་ལམ་གོལ་འཁྱམ་བཞིན་པ། །
ཁོ་བོས་སྔར་ནས་ཚོར་བ་ཡིན། །
༨༽ འོན་ཀྱང་དེ་རིང་ཁར་རྩང་ལ། །
ཤེས་རིག་ལས་ཁུངས་ཀྱིས་བསྒྲིགས་ཤིང་། །
བོད་མིའི་ཆེད་དུ་བཟོས་སྐད་པའི། །
བརྡ་སྤྲོད་སྒྲོམ་གཞི་འཐོར་བ་ཡི། །
༩༽ ལྟས་ངན་འདྲེ་མོ་གཅེར་རྒྱུག་གིས། །
བོད་ཀྱི་སྐད་ཡིག་རིན་པོ་ཆེར། །
ཐན་དང་ལྟས་ངན་བཀྱེ་བ་མཐོང་། །
འདི་ལས་སྡུག་པ་ཅི་ཞིག་ཡོད། །
༡༠༽ ད་ལྟའི་དུས་ཀྱི་གཞོན་སྐྱེས་དག །
རང་གི་སྐད་ཡིག་མི་ཤེས་པ། །
མི་རེ་ངོ་རེ་ནས་བསམ་ན། །
ཧ་ཅང་ཚབས་ཆེན་ཡིན་མོད་ཀྱི། །
༡༡༽ འགོ་ན་ཡོད་པའི་སྒྲིག་འཛུགས་ཀྱིས། །
དབང་ཚད་འཆར་གཞི་ཡོད་པ་ཡིས། །
ལོག་པའི་འོབས་དོང་བཟོས་པ་དང་། །
བསྡུར་ན་ཕྱི་མ་རྫབ་ཆེན་ཡིན། །
༡༢༽ ཤིང་ནི་འཁྱོག་པོར་སྐྱེས་པ་བཞིན། །
ལམ་ལུགས་ངན་པ་བཟོས་ཟིན་ན། །
དེ་ལ་བསྒྱུར་དུ་མེད་པ་སྟེ། །
རིག་གཞུང་ཁ་བྲལ་ཆེན་པོ་ཡིན། །
༡༣༽ སྔར་མེད་དར་སྤེལ་མི་ནུས་པ། །
ནུས་པ་མེད་པས་ཅི་ཁག་སྟེ། །
སྔར་ཡོད་རྨང་ནས་གཏོར་བ་འདིར། །
སེམས་ཀྱི་གཏིང་ནས་ཚིག་པ་ཟ། །
༡༤༽ གོ་བདེའི་བསླབ་དེབ་རྩོམ་པ་དེ། །
ཁ་ཚ་དགོས་གཏུགས་བྱ་བ་ཡིན། །
ཁ་སྐད་རེ་གཉིས་བསྲེ་བ་ཡང་། །
གཡོལ་ཐབས་མེད་པ་བསམ་ཤེས་ཡོད། །
༡༥༽ བསླབ་དེབ་གོ་བདེར་སྒྱུར་བ་ལ། །
བརྡ་སྤྲོད་སྒྲོམ་གཞི་སྒྱུར་མི་དགོས། །
བ་ལས་འོ་མ་བཞོ་བ་ལ། །
ཕ་མ་བསད་ན་སྨྱོན་པ་ཡིན། །
༡༦༽ ས་གནས་རེ་ལ་ཡུལ་སྐད་ཡོད། །
དེ་ལ་དཔག་པའི་བརྡ་སྤྲོད་རེ། །
སྔོན་གྱི་མཁས་པས་མ་དྲན་མིན། །
འཕྲལ་གྱི་ཁེ་ཕན་མེད་པ་མིན། །
༡༧༽ རྟའུ་བ་ཡི་ལོག་སྐད་ནས། །
རྒྱལ་རོང་བ་ཡི་རོང་སྐད་ཚུན། །
ཆོལ་གསུམ་སྤྱི་དང་བྱེ་བྲག་ལ། །
ཡུལ་སྐད་དེ་ཙམ་མང་པོ་ཡོད། །
༡༨༽ ས་གནས་གནས་སྟངས་ཁར་ཁྱེར་ནས། །
རེ་རེའི་ལམ་རེ་བསྙེགས་གྱུར་ན །
བོད་ཀྱི་བརྡ་སྤྲོད་རིན་པོ་ཆེ། །
ཀྱེ་མ་སུ་ཡིས་འཛིན་པར་འགྱུར། །
༡༩༽ སྔ་མ་སྔོན་གྱི་དུས་ཤིག་ལ། །
འབྲུག་པའི་རྫོང་ཁ་དཔེར་བླངས་ནས། །
ལ་དྭགས་ཡུལ་སྐད་ཡི་གེར་བྲིས། །
དེ་ལ་མང་པོས་དགག་པ་བྱས། །
༢༠༽ དེ་རིང་བོད་མིའི་ཆེས་མཐོའི་གཞུང་། །
ད་དུང་ཤེས་རིག་ལས་ཁུངས་ལོ། །
མགོ་བོ་གསེར་སྐུས་བཅག་པ་དང་། །
རྡོ་ལུས་བཅག་ལ་ཁྱད་པར་མེད། །
༢༡༽ ཤེས་རིག་ལས་བྱེད་རྫ་མ་མགོར། །
ཨ་རླུང་ཚང་གི་མདོ་འཛིན་པས། །
སྔོན་འགྲོ་འཛིན་གྲྭ་དང་པོ་གཉིས། །
དམིགས་བཀར་ཟུར་འཇོག་བྱས་ནས་སུ། །
༢༢༽ སློབ་དེབ་གཉིས་པའི་ནང་གསེས་ཐད། །
དམིགས་བཀར་དྲི་བརྩད་བྱེད་པའི་སྐབས། །
རྒྱུ་མཚན་ཏིལ་ཙམ་མེད་པ་དང་། །
ངོ་ཚ་ཤིག་ཙམ་མེད་པ་ཡིས། །
༢༣༽ ཁ་ཡིས་ཟ་མ་ཟ་བ་ལ། །
ལྟག་པ་བསྐོར་བའི་ལན་ཞིག་བཏབ། །
བཤད་མཁན་གདོང་བ་མ་དམར་གོང་། །
ཉན་མཁན་ཚ་བེར་བྱེད་པ་བྱུང་། །
༢༤༽ བསྒོ་བ་རྣར་གཟོན་བྱེད་པ་དང་། །
བསམ་ཚུལ་རྩིས་མེད་གཏོང་བ་གཉིས། །
མང་གཙོ་འཁྲེབ་ཏོ་ཆགས་རྟགས་ཡིན། །
ནོར་འཁྲུལ་ནང་གི་ནོར་འཁྲུལ་ཡིན། །
༢༥༽ འབྲེལ་མེད་ལན་གྱིས་དུས་ཚོད་སྐྱེལ། །
རྫུན་གྱི་ལན་འདེབས་ཐོགས་མེད་བྱེད། །
ད་དུང་འཇིགས་ཞུམ་མེད་པ་འདིས། །
རྒྱ་གཞུང་ཕྱི་མགྲིན་དྲན་ལ་ཁད། །
༢༦༽ སེམས་ཀྱི་རྨ་ཁ་སྔར་ལས་ཟབ། །
སྡུག་གི་ན་བུན་སྔར་ལས་འཐིབས། །
ཀྱེ་མ་ས་མཐའི་བོད་ཕྲུག་དག །
དུས་འདིར་སྐྱེས་པ་བསོད་དེ་སྐམ། །
༢༧༽ མདོར་ན་རྩ་བའི་བརྡ་སྤྲོད་གཞུང་། །
བོད་སྐད་ཡི་གེའི་ཆོས་ཉིད་གཤིས། །
སྲོག་གི་རྩ་གནད་གཅོད་པ་འདི། །
ནག་ཉེས་ནང་གི་ནག་ཉེས་ཡིན། །
༢༨༽ གུང་ཁྲན་གཞུང་གིས་བརྒྱ་ཡིག་གཏུབ། །
ལྔ་སྟོང་ལོ་ཡི་རིག་གཞུང་བསྣུབས། །
འབྲུག་པ་གཞུང་གིས་བོད་ཡིག་བསྒྱུར། །
སྐད་དང་ཆོས་རིག་ཡ་བྲལ་བྱས། །
༢༩༽ ཤེས་རིག་ཚང་གིས་བརྡ་སྤྲོད་བསྒྱུར། །
སོ་སོར་རྒྱུ་མཚན་བགྲོ་བ་གང་། །
ནག་ཉེས་ཆེ་ཤོས་ཁྲམ་པ་ཡིན། །
བཤད་རྒྱུ་ཁྲམ་པ་མང་ཤོས་ཡིན། །
༣༠༽ མཁས་པ་རྣམས་ཀྱིས་ལྕེ་ཟོར་དང་། །
སྔགས་པ་རྣམས་ཀྱིས་གཏོར་ཟོར་དང་། །
ཚེ་ཟོར་ཉུང་ཟོར་ཐུན་ཟོར་སོགས། །
བོད་ཡིག་བསྣུབ་མཁན་རྣམས་ལ་རྒྱོབས། །
༣༡༽ གསར་འགོད་རྣམས་ཀྱིས་ཁ་ཟོར་རྒྱོབས། །
བུད་མེད་རྣམས་ཀྱིས་ཐུ་ཟོར་རྒྱོབས། །
སྐད་འཕྲིན་ཚོགས་པ་ལ་སོགས་པའི། །
དྲ་དམངས་རྣམས་ཀྱིས་མཆན་ཟོར་རྒྱོབས། །
༣༢༽ གཤེད་མ་གཙོ་བོ་རྣམས་ལ་རྒྱོབས། །
གཙོ་བོ་དབང་ཆེན་རྣམས་ལ་རྒྱོབས། །
དབང་ཆེན་ལག་རིང་རྣམས་ལ་རྒྱོབས། །
ལག་རིང་བློ་ཐུང་རྣམས་ལ་རྒྱོབས། །
༣༣༽ རྒྱུན་དུ་ཁོང་ཁྲོ་ལངས་པ་ཉུང་། །
ཁ་ངན་ངན་སྨྲས་དེ་བས་ཉུང་། །
དེ་རིང་དྲན་ཚད་ཁ་ནས་བཤད། །
དགེ་སྡིག་གང་ཡོད་ཀ་ཁར་བསྔོ། །
༣༤༽ བསམ་བློ་གཅིག་ཏུ་མཐུན་པ་ཡི། །
གྲོགས་པོ་ཡོད་ན་ཡོད་རན་ཡིན། །
གཏམ་འདི་བདེན་པ་འདུག་སྙམ་ན། །
གཅིག་ནས་གཅིག་ཏུ་སྤེལ་བར་མཛོད། །
ཞེས་པ་འདི་ཡང་། མི་ཚེ་འདིར་བོད་ཀྱི་སྐད་ཡིག་ལ་ལྡོག་ཏུ་མི་བཏུབ་པའི་ཞེན་ཁོག་གི་ནད་ངན་གྱིས་སྙིང་ཁ་དྲག་ཏུ་གཟིར་བའི་འབྲོག་རྒན་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བྲེལ་ཟིངས་སྟོང་གི་བར་གསེང་ནས་དབུགས་ཐོག་གཅིག་ཏུ་བཅོས་མིན་གྱི་སེམས་ཚོར་ཁ་རུ་ཕྱུངས་པའོ།།
སྤྱི་ལོ་༢༠༡༦ སྤྱི་ཟླ་༧ ཚེས་༢༩ ལའོ།།
(ཡིག་ནོར་མཆིས་ངེས།)
བོད་བརྒྱུད་ནང་ཆོས་མཐུན་སྒྲིལ་མེད།
གསེར་རྟ་གཏོར་ན་དགའ་མཁན་མང་།
ཐ་ན་རྙིང་མ་ཡིན་མདོག་གིས།
གུང་ཁྲན་ཏང་ལ་གཞོགས་འདེགས་བྱེད།
སྐྱོན་གང་ཡོད་གསལ་ཁ་སྟོན་ན་ལེགས། རྒྱུག་པ་ལེབ་བརྡུང་མ་བྱས་ན་ལེགས།
མཁན་པོ་ཚེ་བཀྲ་ལགས། ཤེས་རིག་གིས་ག་རེ་བཟོས་འདུག། སྐྱོན་ཆ་དེ་ཚོ་གསལ་ཙམ་གསུངས་དང་། ངས་སློབ་དེབ་དེ་མཐོང་མ་སོང་། གལ་ཏེ་ཁོ་ཚོས་ལག་རྩེད་རྩེས་འདུག་ན། དེ་ནས་མཆན་ཟོར་རྩོམ་ཟོར་ཚང་མ་ཡོད་ད་།
བོད་ཡིག་ཤེས་མཁན་དངུལ་རྗེས་སྙེགས།།
མི་ཤེས་བླུན་པོས་ཀློག་དེབ་བསྒྲིགས།།
བར་མ་བར་གྱི་བྱིས་པ་ཚོའི།།
ཕ་སྐད་དགུན་གྱི་ཁུ་བྱུག་རེད།།
སེམས་ཤུགས་ཅན་ཚོས་འཇོན་མདོག་བྱས།།
སྐུ་ངོ་ཚོས་ཀྱང་རོགས་འདེགས་མཛད།།
ཤེས་ཡོན་མེད་པའི་ཨུ་ཚུགས་ཀྱིས།།
བྱས་འབྲས་ར་མ་ལུག་གི་མགོ།།
མ་བྱས་བ་ལས་བྱས་བ་དགའ།།
བྱས་བ་ཚགས་ཚུད་མིན་པ་ཡིས།།
འགྲོ་སོང་འཐོལ་བ་མིན་ནམ་སྙམ།།
དུས་ཚོད་འཕྲོ་བརླག་ཡིན་འགྲོ་ཨང་།།
བོད་ཀྱི་བརྡ་སྤྲོད་མི་མཁྱེན་པའི།།
སྐད་བརྡ་རིག་པ་མ་སྦྱངས་བའི།།
ཤེས་རིག་ཚང་གི་སྐུ་ངོ་ཚོས།།
ཆོག་མཆན་གནང་ལུགས་ཨ་རེ་མཚར།།
གཟའ་མཇུག་སློབ་གཟའ་ཡིས་ཟིན།།
ཉི་ཟླའི་འཁོར་སྐྱོད་འགག་སོང་ལོ།།
མུན་པ་ཟ་བའི་མི་རིགས་འདིར།།
འོད་ཀྱི་ཟས་སྐལ་ཆད་སོང་ལོ།།
ཤེས་རིག་ལས་ཁུངས་ཀྱིས་བསྒྲིགས་པའི་དེབ་དེ་ངེས་པར་དུ་བསྐྱར་བཅོས་གནང་གི་ཡག་གི་རེད། གནའ་ནས་ད་ལྟ་བར་གྱི་རང་རིགས་མཁས་དབང་མང་པོས་མགྲིན་གཅིག་ཏུ། སྔོན་མ་ཡི་གེ་ཡིས་སྐད་ལ་ཞབས་ཞུ་བསྒྲུབ་པ་རེད། ད་ལྟ་སྐད་ཀྱིས་ཡི་གེར་ཞབས་ཞུ་བསྒྲུབ་དགོས་ཞེས་ཡང་ཡང་གསུང་བ་དེ་ཚོ་ཆུ་ནང་ལ་རྡོ་གཡུགས་ནང་བཞིན་བྱས་ན་ཡག་པོ་ཡོད་པ་མ་རེད། མདོར་ན་རྒན་གཞོན་དབྱེ་བ་མེད་པ། ཆོལ་ཁ་དང་ཆོས་བརྒྱུད་དབྱེ་བ་མེད་པ་ཚང་མས་ཡི་གེ་དང་བསྟུན་གང་ཐུབ་གནང་རྒྱུ་ནི། བོད་མི་རིགས་འདི་ཤི་དང་གསོན་གྱི་སྲོག་རྩ་ལ་ཐུག་ཡོད་པ་ཤེས་དགོས།།
མཁན་པོ་ཚེ་བཀྲའི་རྩོམ་ཡིག་བཀླགས་རྗེས། ཀུན་གླེང་ནང་གི་དྲི་བ་དྲི་ལན་དེ་ལ་དོ་སྣང་བྱས་པ་ཡིན། དཔེ་མཚོན་ཡིག་འབྲུ་ཁ་ཤས་འཆར་ངོས་སུ་གསལ་བ་དང་། ངས་མཁན་པོ་ཚེ་བཀྲ་ལགས་ཀྱིས་མི་བཤད་བཀའ་མེད་དུ་གྱུར་ཡོད་པ་ད་གཟོད་རྟོགས། ས་དགོས་ས་ལ་མ་བརྒྱབས། མི་དགོས་ས་ལ་བརྒྱབས་པ་སོགས་ཀྱིས་མཚོན། གང་ལྟར་བོད་ཀྱི་སྐད་བརྡ་རིག་པ་རྩ་མེད་བཟོ་འགོ་བརྩམས་འདུག། མ་ཟད་སློབ་དེབ་བསྒྲིགས་ཟིན་མདོག་གིས་ཚོན་རིས་དང་ཡིག་འབྲུ་མཛེས་ཉམས་ཅན་འདྲ་བཟོས་ནས་ཤེས་རིག་ལས་ཁུངས་ཀྱི་དངུལ་ཆུད་ཟོས་སུ་བཏང་ནས་གཟི་བརྗིད་ཁོག་སྟོང་གི་ངོ་རིས་དེ་མངོན་འདུག། གང་ལྟར་བསམ་པ་མ་དག་པ་མིན་པའི་ཡིད་ཆེས་ཡོད་ཀྱང་། ལག་ལེན་ལ་བླུན་པོས་ལས་ཀ་རང་ལས་འདུག། བུ་གླེན་པས་ཕ་ཡིས་ཀླད་པ་བཅོམ་ཟེར་བ་ལྟར་ཆགས་འདུག་པས། ཕ་སྐད་ལ་དུངས་བ་ཡོད་པ་ཚོས་གཟིགས་དང་ལྟད་མོ་འདུག། ད་དུང་ཤེས་རིག་མགྲིན་ཚབ་པ་དེས་བོད་སྐད་གཙང་མའི་ཆེད་དུ་དེ་ལྟར་བཟོས་ཟེར། ཧཧཧ
(འདས་པ་)ངས་སློབ་གྲྭར་ཕྱིན་པ་ཡིན།( མ་འོངས་པ) ང་སྒྲུང་དེབ་བཀླག་གི་ཡིན་་་་འདི་འདྲ་ཡང་བྲིས་འདུག།
གཟའ་མཇུག་སློབ་དེབ་དེ་གཟའ་རོ་དག་དག་གི་ལག་ལ་ཤོར་ཡིན་ས་རེད། ད་རུང་སློབ་ཕྲུག་ཚོ་གཟའ་རོ་བཟོ་འདོད་ཡིན་ས་རེད། དེ་འདྲ་ད་དཔེ་མ་རེད་པས། མི་ལོ་ལྔ་བཅུ་ལྷག་རིང་བླ་མ་དང་མི་མང་ལ
་དབུ་སྐོར་ཞུས་ནས་ཡོང་པ་རེད། ད་དུང་འདི་འདྲ་རེད། ད་གང་དྲག
གཟའ་མཇུག་སློབ་དེབ་དེ་གཟའ་རོ་དག་དག་གི་ལག་ལ་ཤོར་ཡིན་ས་རེད། ད་རུང་སློབ་ཕྲུག་ཚོ་གཟའ་རོ་བཟོ་འདོད་ཡིན་ས་རེད། དེ་འདྲ་ད་དཔེ་མ་རེད་པས། མི་ལོ་ལྔ་བཅུ་ལྷག་རིང་བླ་མ་དང་མི་མང་ལ
་དབུ་སྐོར་ཞུས་ནས་ཡོང་པ་རེད། ད་དུང་འདི་འདྲ་རེད།
རྩོམ་སྒྲིག་པ་སྣང་གསལ་བསྟན་འཛིན་ནོར་བུ་ཟེར་བ་ཁོང་གིས་བོད་ཡིག་དེ་ཙམ་ཡག་པོ་ཤེས་ཀྱི་མེད་པ་འདྲ། དེ་ནས་གཏན་འབེབས་བྱེད་མཁན་དེ་ཚོའང་ཁྱད་མཚར་རེད། སློབ་དེབ་འདི་འདྲ་ཞིག་བྱང་ཨ་རིའི་ནང་ལ་བཀྲམས་པ་ལས་མ་བཀྲམས་པ་དགའ་གི་རེད། སློབ་དེབ་ཟེར་དུས་ནོར་འཁྲུལ་མེད་པ་ཞིག་དགོས་པ་རེད། རྩོམ་སྒྲིག་པ་དང་ཤེས་རིག་ལས་ཁུངས་ཕྱོགས་གཉིས་ཀས་བྱང་ཨ་རིའི་མི་མང་ལ་ཁྱད་གསོད་དང་མཐོང་ཆུང་རེད་བསམ་པ་བྱུང་།
མཆན་གནང་མཁན་ཚོར་བཀའ་དྲིན་ཆེ་ཞུ།
སྔོན་མའི་རྣམ་དབྱེ་ཟེར་བ་འདི་ཚོ་མང་ཆེ་བ་སམ་ཀྲི་ཏའི་སྐད་དང་གཙོ་བོར་བསྟུན་ནས་བཟོས་བཞག་པ་ཡིན་ས་རེད། འདི་སམ་ཀྲི་ཏའི་སྐད་དང་རིག་གཞུང་ཡར་རྒྱས་གཏོང་བྱེད་རེད་མ་གཏོགས། བོད་སྐད་དྭངས་གཙང་ཡར་རྒྱས་གཏོང་བྱེད་ལ་ཕན་ཐོག་ཆེན་པོ་ཞིག་འདུག་གམ། དྲང་པོར་བཤད་ན་དེས་བོད་རང་གི་གཙང་མའི་མེས་སྐད་འཕེལ་རྒྱས་དང་ཡུན་གནས་ལ་ཕན་ཐོག་ཏིལ་འབྲུ་ཙམ་ཡང་མེད། མེད་པ་དངོས་སུ་མཐོང་ན་ཡང་ད་དུང་ཨུ་ཚུགས་བརྒྱབ་ནས་ཤི་འཐམ་རོ་འཐམ་བྱས་ན་དགོས་པ་ཆེན་པོ་ཞིག་ཡོད་དམ། བོད་ཕྲུག་ཤེས་འཇོན་ཅན་ཚོས་བོད་རང་གི་་ཡུལ་སྐད་ཁག་དང་གཙོ་བོར་བསྟུན་པའི་བོད་ཀྱི་ཡི་གེའི་འབྲི་སྲོལ་གསར་པ་ཞིག་གཏན་འབེབ་བྱ་དགོས་པའི་དུས་ལ་སླེབས་པ་རེད། །
ང་མིག་མཐོང་བྱུང་ཟེར་ན་གང་ཟེར་བ་ཡིན་ནམ། དེ འདྲའི་བོད་སྐད་ད་ལྟ་བར་དུ་ཐོས་མ་མྱོང་ལ་མཐོང་ཡང་མྱོང་། ཤེས་རིག་ལས་ཁུངས་ནང་ལ་བོད་སྐད་དེ་འདྲ་སྐྱོན་གནང་གི་ཡོད་པ་འདྲ།
དང་པོ་རང་ནས་རྟགས་དང་རྟེན་འབྲེལ་ཕྱུགས་འདུག་གཟའ་འཇུག་སློབ་གྲ་ཟེར་བ་ནས་ལས་འདི་འདྲ་ཞིག་མ་རྟོགས་གང་ཡོང་།དབྱིན་སྐད་ནང་(week end school)
ཟེར་བ་དེ་བོད་སྐད་ལ་ཐད་བསྒྱུར་བྱས་པ་ཡིན་སྲིད་( week)ཟེར་བ་དེ་གཟའ་ལ་ངོས་
ངོས་འཛིན་གནང་གི་ཡོད་ན་ལས་དེ་མིན་
གཟའ་འཇུག་སློབ་གྲ་ཟེར་བ་ནས་སློབ་
དེབ་ཡང་དེ་འདྲ་བོ་ཞིག་བཟོས་པ་ཡིན་ས་རེད་འདུག་།
༅༅།བྱང་ཨ་རིའི་བོད་ཀྱི་སྐད་ཡིག་མ་བརླགས་པའི་ཆེད་གོ་བདེའི་ཀློག་དེབ་ཕྱོགས་བསྒྲིགས་གནང་བ་ལ་
མི་འདོད་པའི་ངན་སྐད་མང་པོ་ཞིག་བྱས་འདུག་ཀྱང་་་་དཀའ་ངལ་སེལ་ཐབས་ཀྱི་ཕན་གྲོགས་འདི་དང་འདི་
ཞེས་གང་ཡང་མི་འདུག་པས་་་་་མུག་རྦ་ལྡུར་རང་རེད་འདུག་་་་་་
ངས་སྔོན་མ་ནས་སྔོན་གྱི་མཁས་པས་བྲིས་པའི་ཡི་གེ་འབྲི་ལུགས་དང་བསྟུན་དགོས་ཞེས་བྲིས་ཤིང་། ད་ལྟར་སྐྱོན་བརྗོད་བྱེད་མཁན་ཀུན་རང་རང་སོ་སོ་ཡང་བོད་ཀྱི་སྔོན་བྱོན་མཁས་པ་རྣམས་ཀྱིས་བྲིས་པའི་ཡིག་དཔེ་དག་གི་རྗེས་སུ་འབྲང་བར་རེ་བ་བྱེད་དོ།
ོབོད་ནང་རྒྱ་མིའི་བོད་ཀྱི་སྐད་ཡིག་ལ་བཙན་གནོན་བཏང་བཙན་
བྱོལ་ནང་སློབ་དེབ་བརྡ་ཆད་བཟོ་སྟངས་ལ་བལྟས་ན་བོད་མི་མང་གི་
ལས་དབང་འདི་འདྲ་ཨ་ཡིན་ནམ་།
ཤེས་རིག་ལས་ཁུངས་ཀྱི་མིང་ཐོག་ནས་བཏོན་པའི་བྱང་ཨ་རིའི་བོད་ཡིག་སློབ་དེབ་ཟེར་བ་དེའི་ནང་གི་འདས་པ་དང་། མ་འོངས་པ། ད་ལྟ་བ་སོགས་ཀྱི་དཔེར་བརྗོད། དེ་བཞིན་ཤེས་རིག་ལས་ཁུངས་དང་། ཨ་རིའི་དོན་ལས་ཁུངས་ཀྱི་ལས་ཤོག་ཐོག་སྤེལ་བའི་སྔོན་གླེང་བཅས་འདྲ་དཔར་ཐོག་ཨ་རི་ནས་བཏང་འབྱོར་བྱུང་བ་ལ་བལྟས་པ་ཡིན། བསམ་བློ་ཇི་ཙམ་བཏང་ན་དེ་ཙམ་གྱིས་སྙིང་ན་བ་ཞིག་བྱུང་།
དངོས་འབྲེལ་བོད་ཀྱི་རིག་གཞུང་དང་། བོད་མི་མང་ཁ་བྲལ་གཏོང་བའི་ལས་དོན་ཤེས་རིག་ལས་ཁུངས་ནས་བྱེད་བཞིན་པ་ཚོར་བ་ཟབ་མོ་བྱུང་།
འགའ་ཞིག་གིས་མ་ཤེས་ནས་དེ་ལྟར་བཟོས་པ་ཡིན་པའི་བསམ་ཚུལ་ལམ་ཚོད་དཔག་བྱེད་བཞིན་འདུག་མོད། དོན་དངོས་ལ་གཏན་འབེབ་ཚོགས་མི་སུ་དང་སུ་རེད་འདུག་གཟིགས་དང་། མ་ཤེས་ནས་དེ་ལྟར་བཟོས་པ་མ་ཡིན་པར་ཤེས་བཞིན་ཆེད་དུ་དེ་ལྟར་བཟོས་པ་དེ་ཧ་ཅང་གསལ་པོ་རེད།
བསམ་ཚུལ་ཞིབ་ཙམ་ཞིག་གང་མགྱོགས་སྤེལ་འཆར་ཡོད་ལ།
རེ་བར་བོད་ཀྱི་སྐད་དང་ཡི་གེ་ལ་དུང་བ་ཡོད་ན་སློབ་དེབ་དེའི་ཡི་གེ་ཀློག་ཙམ་མ་ཡིན་པར་ཞིབ་གཟིགས་ཀྱིས་ཐུགས་ཁུར་ངེས་པར་གནང་རོགས་ཞུ་བ་ཡིན།
བོད་ཀྱི་རིག་གཞུང་ལ་དུང་པ་ཅན་ཚོས་གཟིགས་དང་། བྱང་ཨ་རིའི་བོད་ཡིག་སློབ་དེབ་གསར་པ་འདིར་འདུག་
http://bodyiglobjong.com//doe-books/text-books/na-Textbooks/class02.pdf
http://bodyiglobjong.com//doe-books/text-books/na-Textbooks/class01.pdf
འདི་བོད་ཡིག་སློབ་དེབ་ཞིག་རེད་མི་འདུག ད་དུང་བོད་ཀྱི་ཁ་སྐད་སློབ་དེབ་ཞིག་ཀྱང་རེད་མི་འདུག
འདི་འདྲའི་ཁ་སྐད་ཞིག་བོད་ལ་མེད། བྱང་ཨ་རི་ན་ཡོད་ན་ལས་བོད་ལ་མེད་ཐག་ཆོད་རེད། གང་ཟག་གསུམ་པར་སྦྱར་བའི་མིང་ཚབ་གང་ཟག་གཉིས་པར་སྦྱར་འདུག་པས་དེ་འདྲའི་སྐད་ཞིག་གང་ན་ཡོད་མ་ཤེས།
སློབ་དེབ་དེའི་མིང་ནོར་བ་འདྲ། བོད་ཡིག་སློབ་དེབ་འདི་འདྲ་ཞིག་ཡོད་མི་སྲིད།
བོད་ཀྱི་ཁ་སྐད་སློབ་དེབ་ཞེས་བྲིས་ན་འོ་ཙམ་རེད་མོད། འདི་ནི་བོད་ཀྱི་ཡུལ་ལུང་སུ་ཡི་ཁ་སྐད་རེད་མི་འདུག
བོད་ཀྱི་ཕ་སྐད་དང་ཡི་གེར་དུང་བ་ཡོད་མཁན་རྣམས་ཀྱིས་ཞིབ་གཟིགས་གནང་ནས་བསམ་ཚུལ་བརྗོད་རྒྱུ་ཧ་ཅང་གལ་ཆེ། རིག་གནས་གསར་བརྗེ་སྐབས་བོད་ཡིག་བཅོས་བསྒྱུར་བྱས་པ་བོད་ཀྱི་མཁས་པ་དཔའ་བོ་བསམ་ཡོད་ཚོས་གང་གནང་ཡོད་པ་ཡིད་ལ་སེམས་བཞིན་འདིའི་རྒྱབ་ལྗོངས་ལ་དཔྱད་ཞིབ་ཟབས་མོ་བྱེད་པའི་དུས་ལ་སླེབས་འདུག
་་་་་་་་་བོད་ཕྲུག་ཤེས་འཇོན་ཅན་ཚོས་བོད་རང་གི་་ཡུལ་སྐད་ཁག་དང་གཙོ་བོར་བསྟུན་པའི་བོད་ཀྱི་ཡི་གེའི་འབྲི་སྲོལ་གསར་པ་ཞིག་གཏན་འབེབ་བྱ་དགོས་པའི་དུས་ལ་སླེབས་པ་རེད། །་་་་་་ ཟེར།
བཙན་བྱོལ་སྤྱི་ཚོགས་ནང་གནས་ཡུལ་རྒྱལ་ཁབ་ཀྱིི་
སྐད་ཡིག་ལ་དཔེ་བླང་ནས་མཁས་པ་ཚོའི་བོད་ཡིག་གསར་
བཟོ་དང་བོད་ནང་རྒྱ་ནག་གི་བཙན་གནོན་འོག་བོད་ཡིག་གསར་བཟོ་བརྒྱུད་བོད་ཀྱི་ཆོས་རྒྱལ་གོང་མ་དང་ཐུན་
མིའི་སྐུ་ངལ་འབད་བརྩོན་གནང་བའི་བོད་མི་རིགས་ཀྱིས་
བླ་སྲོག་བོད་ཀྱི་སྐད་ཡིག་དེ་དག་ནུས་མེད་དུ་ནམ་ཡང་གཏོང་མི་ཉན་པའི་འབོད་བསྐུལ་ཞུ་འདོད་བྱུང་།
སློབ་མའི་ཆེད་དུ་སློབ་དེབ་བཟོ་བ་ནི་གསལ་བསྒྲགས་འབྲི་བ་དང་གཏན་ནས་མི་མཚུངས། ནག་ནོག་གིས་མ་གོས་པའི་བྱིས་པའི་སེམས་ཁམས་ལ་ཐོག་མ་ཉིད་ནས་ནོར་འཁྲུལ་གྱི་ནག་ནོག་བགོས་ཚར་ན། དེ་ནི་བསུབ་ཏུ་མེད་པ་ལྟ་བུ་ཞིག་ཡིན། ང་སློབ་ཆུང་དུ་ཡོད་པའི་སྐབས་སུ། དགེ་རྒན་གྱིས་གཟབ་ནན་གནང་བ་ནི། གང་བསླབས་པ་དེ་ནོར་འཁྲུལ་མེད་པ་ཞིག་གནང་རྒྱུ་དེ་རེད།
བཙན་བྱོལ་འདིར་རྟ་ལམ་བོང་བུས་བཀག་སྟེ་ནོར་འཁྲུལ་རྐྱང་བསླབས་པ་དང་། ད་དུང་ཡང་མུ་མཐུད་ནས་འདི་ལྟར་གནང་དོན་ཅི་ཡིན་ནམ། ཚང་མ་ལྐུགས་པ་རྐྱང་བཟོ་འདོད་ཡོད་དམ། ཡང་ན། བྱིས་པ་དང་བོད་ཀྱི་ཤེས་རིག་གཉིས་ལ་མཐོང་ཆུང་བྱས་པ་ཡིན་ནམ། གང་ལྟར། སྙིང་ཁམས་ཅན་ཤ་སྟག་རེད་སྙམ། མི་ཤེས་ན་མི་ཤེས་ཞེས་ཤོད་དང་། ཤེས་མཁན་མང་། རྒྱ་གར་ན་ཡོད་ལ། ཕྱི་རྒྱལ་དུའང་ཡོད། ད་ཐེངས་ནོར་འཁྲུལ་འདི་ལྟ་བུ་རང་དགར་མི་གཏོང་ཐག་ཆོད་ཡིན། གང་མགྱོགས་ཡོ་བསྲང་མ་གནང་ཚེ། རེ་རེ་བཞིན་ཐེར་འདོན་བྱས་ཏེ་དེ་མིན་འདི་མིན་ཞིག་མ་བྱས་ན་ང་བུ་མིན།
རྩོམ་ཡིག་འདི་བྲིས་པར་རྫ་ཚེ་ལ་བསྟོད་བསྔགས་ལན་སྟོང་འབུལ།།།།།
གོང་དུ་རྩོམ་ཡིག་སྤེལ་ཚོར་ཡི་རང་ཡོད་མོད། སློབ་དེབ་ལ་བཤད་ས་ན་རང་གིས་གད་སྙིགས་མང་པོ་གཏོར་བཞག དེ་ཚོ་གཙང་དག་བྱས་ན་བཟང་། ལར་བོད་སྐད་མི་ཤེས་པའི་བྱིས་པ་འགའི་ཆེད་དུ་བོད་ཀྱི་ཁ་སྐད་སྦྱོང་དེབ་ཅིག་བཟོས་པར་རྙོག་ཟིང་དེ་འདྲ་དགོས་དོན་ཡོད་ན།
རྒྱུ་མཚན་མ་ཤེས་གོང་མེ་མདའ་འཕེན་གྱི་དམག་མི་དེ་ནི་ཐ་དམག་མི་ཚད་མཐོ་དམན་ག་འདྲ་ཞིག་ཡིན་མིན་སོམས་ཤིག
ད་རེས་ཤེས་རིག་ལྷན་ཁང་ནས་བསྐྱར་བཅོས་མ་བྱས་བར་དུ་ངོ་རྒོལ་ཡོད།
སྔ་མ་སྔོན་གྱི་དུས་ཤིག་ལ། །
འབྲུག་པའི་རྫོང་ཁ་དཔེར་བླངས་ནས། །
ལ་དྭགས་ཡུལ་སྐད་ཡི་གེར་བྲིས། །
དེ་ལ་མང་པོས་དགག་པ་བྱས། །
ལ་དྭགས་པས་འབྲུག་པ་ནས་དཔེ་བླངས་ནས། ཁ་སྐད་དུ་བྲིས་པ་ཞིག་གཏན་ནས་མ་ཡིན། སློབ་སྦྱོང་དཔེ་ཆར་ལྟ་མ་མྱོང་བ་ཞིག་གིས་ཁ་ནས་གང་འཐོན་པ་དེ་ཡི་གེར་འབྲི་ན། གོ་སླ། འོན་ཀྱང་སློབ་སྦྱོང་ཡོད་པའི་རྟགས་སུ་ས་པཎ་སོགས་ཀྱིས་བྲིས་པའི་ཡི་དཔེའི་རྗེས་སུ་འབྲང་དགོས། ཐེངས། དགོང་དྲོ། འདང། ངོ་མ། ཞེ་སའི་ལགས་ལ་སོགས་པ་མ་དག་རྒྱུནའབྱམས་སུ་སོང་བ་དག་ཡིག་སྐད་དུ་ཡི་གེ་དག་པར་ཁས་ལེན་ནམ།
ཆོལ་གསུམ་སྐད་ཀྱི་གཅིག་གྱུར་མེད། །ཅེས་པ་ཆོལ་ཁ་གསུམ་ཞེས་པ་དེ་ཡི་གེ་དག་འདུག་གམ། སོག་པོས་བོད་ལ་དབང་སྒྱུར་བའི་སྐབས་སུ་སོག་པོ་ཞིག་གིས། ཕྱོགས་ཁག ཅེས་པ་ལེགས་པར་འབྲི་མ་ཐུབ་པར་ཆོལ་ཁ་ཆགས། ལ་དྭགས་པ་ཞིག་གིས་ཁ་འཆལ་ཆོལ་ཞིག་ལ་ཆོལ་ཁ་ཟེར་རོ་སྙམ།
བོད་ཡིགབོད་མཁས་པས་བྲིས་པ་ལྟར་་དག་པར་འདོད་མཁན་དག་གིས་གནས་ཚུལ་འདི་མཁྱེན་དགོས་ཏེ། ཕལ་ཆེར་ལོ་ངོ་ཙམ་སྔོན་དུ། ལ་དྭགས་མི་མངས་ལ་ཞབས་ཏོག་ཞུ་བ་པོ་སེཀ་མོལ་དབང་ཕྱུག་གིས་ལ་དྭགས་གླེའི་རྒྱ་སྐོར་གྱི་ཕལ་སྐད་དུ་བྲིས་པའི། ལ་དྭགས་མེ་ལོང་། ཞེས་པའི་དུས་དེབ་ཅིག་༧གོང་ས་སྐྱབས་མགོན་མཆོག་ལ་ཕུལ་པ་ན། ༧གོང་ས་སྐྱབས་མགོན་མཆོག་གིས་འདི་ལ་གོ་རྒྱུ་ཞིག་གང་ཡང་མི་འདུག ཅེས་གསུངས་པའི་ལན་དུ། དབང་ཕྱུག་གིས། ང་ཚོ་ལ་རེད་མ་རེད། ཟེར་བ་ལ་ཡང་གོ་རྒྱུ་མི་འདུག ཅེས་པ་ཐོས་པ་ཙམ་ཡིན། བདེན་མིན་མི་ཤེས་སོ།
མཁས་པའི་མཁས་རྩལ་འདོན་ས་སློབ་དེབ་མིན་།
མཁས་པའི་ཉམས་མྱོང་བསོག་ས་སློབ་དེབ་མིན་།
མཁས་པའི་ལྟོ་གོས་འཚོལ་ས་སློབ་དེབ་མིན་།
མཁས་པའི་མིང་གྲགས་བཟོ་ས་སློབ་དེབ་མིན་།
་་་་་་་་སོག་པོ་ཞིག་གིས། ཕྱོགས་ཁག ཅེས་པ་ལེགས་པར་འབྲི་མ་ཐུབ་པར་ཆོལ་ཁ་ཆགས། ་་་་་་་་ འདི་བདེན་འདྲ་འདུག ངས་སོག་པོ་ངོ་ཤེས་ཚོར་ཆོལ་ཁ་ཞེས་པ་སོག་སྐད་དུ་ཡོད་དམ། ཞེས་དྲིས་དུས་དེ་ལྟར་མེད་ཅེས་ལན་འདེབས།
དེ་ལྟར་ན། སོག་སྐད་ཡོད་པ་ཨ་ཅོར་དང་། ཨམ་ཆི་གཉིས་ལས། ཆོལ་ཁ་ཞེས་པ་འདི་ཕྱོགས་ཁག་གི་མ་དག་རྒྱན་འབྱམས་སུ་སོང་བའི་བོད་སྐད་ཅིག་ཡིན་པ་རེད། འདིས། བོད་སྤྱི་སྐད་ཁ་སྐད་ཀློག་དེབ་ཅིག་ངེས་པར་དགོས་ཀྱང་། དེའི་དག་ཆ་འབྲི་སྟངས་ལ་བསམ་བློ་མང་པོ་བཏང་ནས་གཏན་འབེབས་བྱེད་དགོས་སོ་སྙམ་ལགས།། །།
སིག་པོའི་སྐད་ཕྲེ་ཝན་ཕྲེ་ཀྱག་།
སོག་ཞ་།
སོག་བཅིང་།
གཡང་གྲི་།
ཆོལ་ཁ་-དུམ་བུར་བགོས་པའི་དོན་།
ཧཧཧ བོད་མི་རིགས་ཀྱི་ལས་དབང་མགོ་འདྲེན་རིང་
ལུགས་མཁས་པའི་ཚོགས་།
ཞི་བའི་མི་མང་ཡ་རེ་ང་།
སོག་པོའི་འཐོམ་ཞ་བོད་མིའི་གྱོན་།
ཆོལ་ཁའི་གོ་དོན་དུམ་བུར་བཏང་།
བོད་འབངས་ཆིག་བསྒྲིལ་ཉམས་དུ་བཅུག་།
ཆོལ་ཁའི་ཐ་སྙད་དོར་མི་ཐུབ་།
སོག་ངན་གྱི་ཆབ་སྲིད་གཏིང་བརྣག་རེད་།
བོང་འབངས་འཐོམ་ནས་འཐོམ་ཞ་གྱོན་།
སོག་པོའི་ཆབ་སྲིད་ཀྱི་འཐོམ་ཞ་།
རྒྱ་ཡིའི་བཙན་གནོན་གྱི་གནོན་ཞ་།
བོད་མིའི་མགོ་ལ་ལྐོན་འདུག་།
༅༅། ང་ནི་ད་ལྟ་མི་ཡུལ་ས་མཐའི་གྲོང་ན་ཡོད། གཉེན་སྤུན་སུ་ཡང་མེད་པའི་གྲོང་སྡེ་ཞིག་ན་ཡོད།
བྱམས་ལྡན་ཕ་མ་ཅི་འདྲའི་དྲན་པ་ལ། ཕ་ཡུལ་གངས་ཅན་དེ་འདྲའི་དྲན་པ་ལ།
རྩ་བའི་བླ་མ་ཅི་འདྲའི་དྲན་པ་ལ། ཆོལ་གསུམ་སྤུན་ཟླ་དེ་འདྲའི་དྲན་པ་ལ།
སྔོན་བསགས་ལས་དབང་བཙན་པོའི་དྲན་དུ་བཅུག་
སློབ་བཟང་སངས་རྒྱས་སྲིད་སྐྱོང་ལ་ཐོག་མར་བསྡད་པའི་སྐབས་སུ་སྲིད་སྐྱོང་བྱ་དགའ་སྤྲོད་ཁོངས་ནས་བོད་ཡིག་རྒྱང་ཕུད་བཏང་སོང་།
ད་རེས་ཡང་བསྐྱར་མི་དབང་སྲིད་སྐྱོང་ཁོང་དང་། ཤེས་རིག་དྲུང་ཆེ་ངག་དབང་རབ་རྒྱས། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་འགྲུབ་གསུམ་གྱིས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་དངོས་སུ་དབུ་འབྱེད་གསལ་བསྒྲགས་གནང་བའི་སློབ་དེབ་དེ་བོད་ཕྱི་ནང་ཀུན་གྱི་བོད་ཡིག་ལ་སེམས་གཏིང་ནས་དུང་བ་ཡོད་མཁན་ཚོར་བློ་ཕམ་ཚད་མེད་སྐྱེ་བྱེད་ཅིག་ཆགས་སོང་།
གོང་རིམ་དུ་བཞུགས་མཁན་ཚོར་ད་དུང་གྲགས་འགུལ་ཅི་ཡང་མེད་ཚོད་ལ་བལྟས་ན། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་ཀྱི་རིན་ཐང་དང་དར་རྒུད་ལ་ཚོར་བ་གཏན་ནས་མེད་པ་འདྲ་ཨང་།
ཀ་ཞབས་ཀ་རྡོ་མེད་པའི་ཀ་ཁའི་སློབ་དེབ།།ཁ་ལ་གང་གོམས་བཤད་པའི་ཁ་སྐད་སློབ་དེབ།།ག་ལེར་བསམ་ན་ཀ་ཞབས་ཆུ་བཙུགས་འདྲ།།ང་དང་ཁྱོད་ཀྱི་བུ་ལ་ཕན་ལས་གནོད་སྲིད།།
དེ་སྔ་ས་སྐྱ་ལེགས་བཤད་དབྱིན་འགྱུར་མ་ཞིག་བཀླགས་པ་ཡིན། སྔོན་འགྲོའི་གཏམ་ཡག་པོ་ཞིག་བྲིས་འདུག དེ་འབྲི་མཁན་རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་རེད། དེ་ནས་ལེགས་བཤད་ཀྱི་འགྱུར་དང་མ་ཡིག་གཉིས་བཀླགས་རྗེས་དབྱིན་འགྱུར་གྱི་སྐྱོན་མི་ཉུང་བ་ཞིག་རྙེད་བྱུང་། རྒན་ཁོང་ནི་མཁས་བ་ཆེན་པོ་རེད། འོན་ཀྱང་བསྒྱུར་མཁན་གྱིས་གཞུང་གི་གོ་དོན་ཡག་པོ་ཞིག་རྟོགས་མི་འདུག རྗེས་ཕྱོགས་ཁོམ་པ་ཡོད་དུས་རེ་རེ་བཞིན་དྲ་ངོས་སུ་སྤེལ་རྩིས་ཡོད།
ངས་ མདང་ ཕྱིན་པ་ཡིན།
ངས་ དེ་རིང་ འགྲོ་བགྱིད་ ཡོད།
ངས་ སང་ཉིན་ འགྲོ་བགྱི་ ཡིན།
་
ཞེས་ཡིག་ཐོག་དགོས་འདུག་ཀྱང་།
་
ང་ མདང་ ཕྱིན་པ་ཡིན།
ང་ དེ་རིང་ འགྲོ་བགྱིད་ ཡོད།
ང་ སང་ཉིན་ འགྲོ་བགྱི་ ཡིན།
་
ངག་ཐོག་ཏུ་བབ་ས་འདི་རང་རེད་དོ།།