ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༥ པ་ལེགས་གྲུབ་བྱུང་བ།
༄༅།། འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༡ ནས་ ༡༣ བར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་ཀོ་ལོ་ར་ཌོ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཀོ་ལོ་ར་ཌོ་མངའ་སྡེའི་རྒྱལ་ས་སྦོལ་ཌར་ན་རོ་པ་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༥ ལྷན་ཚོགས་གནང་རྗེས་ལྷན་ཚོགས་སྐབས་གྲོས་གཞི་དོན་ཚན་སོ་སོའི་གྲོས་ཆོད་ཁག་གཤམ་གསལ་ལྟར་གཏན་འབེབས་ཞུས་འདུག
སྔོན་གླེང་།
ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༡ ནས་ ༡༣ བར་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༥ པ་དེ་བཞིན་ཀོ་ལོ་ར་ཌོ་བོད་རིགས་སྤྱི་མཐུན་ཚོགས་པས་མཐུན་འགྱུར་ནར་གཏོང་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གོ་སྒྲིག་འོག་ཀོ་ལོ་ར་ཌོ་མངའ་ཁུལ་སྦོལ་ཌར་ན་རོ་པ་གཙུག་ལག་སློབ་གཉེར་ཁང་དུ་བསྐོང་ཚོགས་གནང་ཡོད། ཚོགས་ཆེན་ཐོག་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ ༢༡ ནས་ཚོགས་གཙོ་དང་རྒྱུན་ལས་བསྡོམས་མི་གྲངས་ ༤༠ ཐམ་པ་དངོས་སུ་ཚོགས་བཅར་ཐུབ་པ་བྱུང་ཡོད། ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་ཚོགས་བཞུགས་ཀྱིས་ལྷོ་བྱང་ཨ་རིའི་སྤྱི་འཐུས་རྣམ་གཉིས་དང་། དཔལ་འབྱོར་ལས་ཁུངས་ཀྱི་གྲངས་ཐོ་ཚན་པའི་འགན་འཛིན་བདེ་ཆེན་མཚོ་མོ། བྱང་ཨ་རིའི་ཁུལ་གྱི་གཞུང་འཛིན་མ་ཡིན་པའི་སྒྲིག་འཛུགས་ཏེ། བོད་ཀྱི་ཐེབས་རྩའི་རྒྱུན་ལས་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། སྤྱི་ཟུར་བསྟན་ཆོས་རྒྱ་མཚོ་ལགས། བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་པདྨ་ཡོ་ཀོ་དང་དབུ་རྒྱན་འབའ་སྡེ་ཚང་བཅས་ཀྱང་ཚོགས་བཞུགས་གནང་ཡོད།
ཉིན་དང་པོའི་ལས་རིམ་ནང་ཀོ་ལོ་ར་ཌོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་ཕེབས་བསུའི་འཚམས་འདྲི་དང་། དོན་གཅོད་སྤེན་པ་ཚེ་རིང་གིས་ཉིན་གསུམ་གྱི་ལས་རིམ་ངོ་སྤྲོད། ལྷོ་བྱང་ཨ་མི་རི་ཀའི་སྤྱི་འཐུས་ཕྱག་མཛོད་ཚང་པདྨ་ལགས་དང་ཚེ་དབང་རིག་ འཛིན་ལགས། སྐུ་མགྲོན་གཙོ་བོ་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་བཅས་ནས་ཚོགས་འདུ་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་། དེ་རྗེས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་སོ་སོའི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས།
ཉིན་རྒྱབ་ཨ་རི་དོན་ཁང་དང་ཨ་རི་བོད་ཀྱི་ཐེབས་རྩ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འབྲེལ་ ཡོད་སོ་སོས་སྒྲིག་འཛུགས་ཀྱི་ངོ་བོ་དང་ལས་དོན་བྱེད་ཕྱོགས་སྐོར་འགྲེལ་བཤད་དང་། ཉིན་གཉིས་པའི་ཉིན་རྒྱབ་དཔལ་འབྱོར་བཀའ་བློན་དབུས་པའི་ལས་བྱེད་བདེ་ཆེན་མཚོ་མོ་ལགས་ནས་དང་བླངས་དཔྱ་དངུལ་དང་འབྲེལ་བའི་ཟབ་སྦྱོང་གནང་། དུས་ཚོད་གཞན་རྣམས་སུ་འཆར་ལོའི་ནང་ཆབ་སྲིད་ཀྱི་ལས་དོན་བྱེད་ཕྱོགས་སྐོར་དང་། བོད་མི་རིགས་ཀྱི་ངོ་བོ་སྐད་ཡིག་དང་ཆོས། རིག་གཞུང་བཅས་པ་མི་ཉམས་རྒྱུན་འཛིན་དང་ཉམ་པ་སོར་ཆུད་ཡོང་སླད་གོ་བསྡུར་སྦྱང་བཤད་ལྷུག་པོ་གནང་འབྲས་སུ་གྲོས་གཞི་དོན་ཚན་སོ་སོའི་གྲོས་ཆོད་ཁག་གཤམ་གསལ་ལྟར་གཏན་འབེབས་ཞུས།
(གྲོས་གཞི་དོན་ཚན་དང་པོ།)
ཆབ་སྲིད་ཀྱི་ལས་དོན་བྱེད་ཕྱོགས་སྐོར།
གྲོས་ཆོད།
༡། བོད་ནང་རྒྱ་ནག་སྲིད་གཞུང་གིས་མནར་གཅོད་འོག་ཚེ་འདས་སུ་བསྒྱུར་པ་རྣམས་ལ་བསྔོ་བ་སྨོན་ལམ་དང་། དཀའ་སྡུག་མྱངས་དང་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་གཉིས་སྨན་དབུ་མའི་ལམ་དང་། བཀའ་སྤྱི་གཉིས་ཀྱི་སྔ་རྗེས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་ཀྱི་ལམ་སྟོན་ཡོད་པ་ལྟར། བཀའ་ཤག་གིས་ ༢༠༡༧ ལོ་དེ་ལས་འགུལ་གྱི་ལོ་གསལ་བསྒྲགས་གནང་དོན་བཞིན་ ༢༠༡༧ ལོར་ཨ་རི་གྲོང་ཁྱེར་ནིའུ་ཡོག་ཏུ་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་རྒྱུ།
༢། ལས་འགུལ་གྲ་སྒྲིག་ཚོགས་ཆུང་དུ་ལྷོ་བྱང་ཨ་རིིའི་སྤྱི་འཐུས་རྣམ་གཉིས་ཀྱི་གཙོ་འཛིན་འོག་ནིའུ་ཡོག་དང་ནིའུ་ཇར་སི། ཊོ་རོན་ཏོ། མི་ནི་སོ་ཌ། བྱང་ཀེ་ལེ་ཕོ་ནི་ཡ་བཅས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་རྣམས་བསྐོ་གཞག་གཏན་འབེབས་གནང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ནས་སྐབས་མཚམས་སོ་སོར་ལམ་སྟོན་དང་བཀའ་བསྡུར་གནང་རྒྱུ་གནང་། ཚོགས་ཆུང་དེས་དགོས་མཁོ་ལ་གཞིགས་པས་ཚོགས་ཆུང་གཞན་བསྐོ་འཛུགས་བྱ་རྒྱུའི་འགན་དབང་ཡང་ཡོད།
༣། དེ་བཞིན་ཕྱི་ལོ་ ༢༠༡༧ ལོར་བོད་དོན་ཞུ་གཏུགས་ལས་འགུལ་ཞིག་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་སྤེལ་རྒྱུ། དེའི་གོ་སྒྲིག་ཚོགས་ཆུང་རྗེས་སུ་གཏན་འབེབས་གནང་རྒྱུ་གནང་། ཞུ་གཏུགས་ལས་འགུལ་གཞན་ཞིག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་སྔར་ལས་གཞི་རྒྱ་ཆེ་བ་སྤེལ་རྒྱུ། བོད་རིགས་སྤྱི་མཐུན་ཚོགས་པ་སོ་སོའི་ས་ཁུལ་ནས་བོད་རིགས་གང་མང་མཉམ་བཞུགས་ཡོང་རྒྱུར་འབད་བརྩོན་བྱ་རྒྱུ།
༤། ལས་འགུལ་དེའི་འགྲོ་གྲོན་ཆེད་དཔལ་འབྱོར་འདུ་འགོད་གནང་ཕྱོགས་ཐད་ལྷོ་བྱང་ཨ་རིིའི་སྤྱི་འཐུས་རྣམ་གཉིས་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ནས་བོད་རིགས་སྤྱི་མཐུན་ཚོགས་པ་སོ་སོའི་མི་འབོར་ལ་གཞིགས་ཏེ་ས་བོན་མ་དངུལ་བསྡུ་རུབ་གནང་རྒྱུ།
༥། ད་ལྟའི་ཆར་ཨ་རིའི་སྲིད་འཛིན་གསར་པ་འོས་འདེམས་ཟིན་པར་བརྟེན་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་འཚམས་འདྲི་དང་། ཨ་རིིའི་མི་སེར་ཡིན་པའི་ཆ་ནས་ US Tibet Policy Act དགོངས་དོན་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བ་མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་གང་མྱུར་མཇལ་འཕྲད་ཡོང་བའི་ཞུ་སྙན་ཞིག་འབུལ་རྒྱུ།
༦། ས་གནས་སོ་སོར་རྒྱ་རིགས་འབྲེལ་མཐུད་མུ་མཐུད་གནང་ཐོག བོད་རྒྱ་མཛའ་འབྲེལ་ཚོགས་པ་གསར་འཛུགས་གནང་ཐབས་གནང་རྒྱུ། དེ་འབྲེལ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ལས་ཁང་གིས་རྒྱ་ཡིག་ཡིག་ཆ་དང་། དེབ་རིགས་ཐབས་ཤེས། ལས་འཁུར་ཞུ་ཕྱོགས་ཀྱི་ལམ་སྟོན་ཡིག་ཆ་སོགས་ས་གནས་སོ་སོར་འབུལ་རྒྱུ།
༧། ས་གནས་སོ་སོར་སྔར་ཡོད་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་སླར་གསོ་དང་སྔར་མེད་གསར་འཛུགས་གནང་རྒྱུ།
(གྲོས་གཞི་དོན་ཚན་གཉིས་པ།)
བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་ཉམ་གོང་སྤེལ་དང་ཉམ་པ་སོར་ཆུད་སྐོར།
གྲོས་ཆོད།
༡། ཚོགས་ཆེན་འདི་ཐོག་ནས་གཟའ་མཇུག་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་སོ་སོའི་ནང་འགན་འཁུར་དགེ་རྒན་རྣམས་ལ་ཡིད་རངས་བསྔགས་བརྗོད་དང་ལེགས་གསོ་ཞུ་རྒྱུ།
༢། བྱང་ཨ་རིའི་གཟའ་མཇུག་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་གི་ནང་ཡོད་བཞིན་པའི་བོད་དགེ་རྣམས་ལ་བྱིས་པའི་ཁམས་དང་མོས་པར་མཐུན་པའི་སློབ་འཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་གནང་ཐབས་གནང་རྒྱུ།
༣། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བྱང་ཨ་རིའི་ནང་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞིག་སྐྱབས་འཇུག་བཀྲིན་བསྩལ་གནང་ཡོང་བའི་མཚན་འཁོད་སྙན་ཞུ་འབུལ་རྒྱུ།
༤། བོད་ཁྱིམ་དབྱར་སེང་སློབ་གྲྭའི་སྐབས་སློབ་ཕྲུག་རྣམས་ཀྱི་གྲངས་ཚད་ལ་གཞིགས་པས་ལྟ་རྟོགས་གནང་མཁན་དགེ་རྒན་མང་དུ་གཏང་ ཐབས་ཡོང་བའི་སྐོར་འབྲེལ་ལམ་ཞུ་རྒྱུ་གནང་།
༥། བྱང་ཨ་རིའི་ནང་མཐོ་རིམ་འགྲིམ་བཞིན་པ་དང་འགྲིམས་ཟིན་པ་རྣམས་ཀྱི་གཞོན་སྐྱེས་སློབ་མ་རྣམས་ལ་རྒྱ་གར་ནང་བོད་ཀྱི་སྐད་རིག་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བསྐྲུན་ཐབས་གནང་རྒྱུ།
༦། བྱང་ཨ་རིའི་ནང་ད་ཡོད་གཟའ་མཇུག་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཡོད་པ་རྣམས་ཡར་རྒྱས་གོང་སྤེལ་དང་། མེད་སའི་ས་ཁུལ་ཁག་ནང་བྱིས་པ་མང་ཉུང་ལ་མ་ལྟོས་པར་སློབ་གྲྭ་གསར་འཛུགས་ཡོང་ཐབས་གནང་རྒྱུ།
༧། མི་ནི་སོ་ཊར་མཐོ་སློབ་འགྲིམ་དང་འགྲིམས་ཟིན་པའི་རང་རིགས་གཞོན་སྐྱེས་རྣམས་ནས་འགན་འཁུར་ཆ་ཚང་བཞེས་ཐོག་ས་གནས་བྱིས་པ་ཆུང་བ་རྣམས་ལ་ལམ་སྟོན་ཞེས་པའི་མདུན་ལམ་དང་ཤེས་ཡོན་ལས་གཞི་ཞིག་ལག་བསྟར་ཞུ་བཞིན་ཡོད་པ་བོད་རིགས་སྤྱི་མཐུན་ཚོགས་པ་གཞན་རྣམས་ནས་དེ་ལྟ་བུའི་ལས་གཞི་དམིགས་དཔེར་བཟུང་ནས་ལག་བསྟར་སྤེལ་ཐབས་གནང་རྒྱུ།
༨། བྱང་ཨ་རིིའི་ས་ཁུལ་ཁག་བཞི་ཙམ་ནང་དབྱར་གསེང་སྐབས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆབ་སྲིད་བཅས་ཀྱི་སྐོར་དོན་གཅོད་ལས་ཁུངས་ཀྱིས་རྐང་འགན་འོག་བོད་ཀྱི་ཐེབས་རྩ་དང་ཆོས་ཚོགས། བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་ཤེས་ཡོན་གྱི་གོ་སྐབས་བསྐྲུན་རྒྱུ།
(གྲོས་གཞི་དོན་ཚན་གསུམ་པ།)
དཔལ་འབྱོར་འདུ་འགོད་སྐོར།
གྲོས་ཆོད།
༡། བྱང་ཨ་རི་ནང་བོད་དོན་ཆབ་སྲིད་དང་། བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཀྱི་ལས་དོན་རང་ཁ་རང་གསོ་ཡོང་ཐབས་སུ་བྱང་ཨ་རིའི་བོད་མི་རེ་རེས་ཟླ་རེར་ཨ་སྒོར་ལྔ་ལས་མི་ཉུང་བ་བློས་བཅད་ཞལ་འདེབས་བསྡུ་འབུལ་ཞུ་རྒྱུ་དང་། དེ་འབྲེལ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་གི་སྒྲིག་འཛུགས་ཁེ་མེད་ཚོགས་པ་ཞིག་ཁྲིམས་མཐུན་དེབ་སྐྱེལ་ཞུ་རྒྱུ།
༢། ལས་གཞི་འདིའི་གྲ་སྒྲིག་ཆེད་ཚོགས་ཆུང་ཞིག་དགོས་པར་དེའི་ཚོགས་མིར་ལྷོ་བྱང་སྤྱི་འཐུས་རྣམ་གཉིས་དང་། ཊོ་རོན་ཊོ་བོད་རིགས་སྤྱི་མཐུན་ཚོགས་པ། ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ། སེཨི་ཊལ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱི་ཚོགས་གཙོ་གསུམ་བཅས་བསྐོ་འཛུགས་གནང་། སྐུ་ཚབ་དོན་གཅོད་ལས་ཁུངས་ནས་དགོས་ངེས་མཐུན་འགྱུར་གནང་རྒྱུ།
༣། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་སོ་སོས་ལས་གཞི་དེའི་ས་བོན་མ་དངུལ་ཆེད་ཐེངས་གཅིག་ཨ་སྒོར་ ༥༠༠ རེ་བསྡུ་རྒྱུ་གནང།
༤། བོད་མི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་དམིགས་ཚད་ཟིན་པ་ལྟར་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་སོ་སོའི་ནང་འབྱུང་འགྱུར་ལོ་ལྔའི་ནང་བོད་མི་བརྒྱ་ཆ་ ༩༥ ལྷག་གིས་འབུལ་ཐུབ་པར་བོད་རིགས་སྤྱི་མཐུན་ཚོགས་པ་སོ་སོས་འབད་བརྩོན་ཞུ་རྒྱུ།
༥། བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་མ་དངུལ་ལ་ཕན་པའི་བོད་རིགས་མིན་པའི་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ལག་དེབ་སྔོན་པོ་བརྒྱུད་ཞལ་འདེབས་གང་མང་བསྡུ་ཐུབ་པ་བྱ་རྒྱུ།
(གྲོས་གཞི་དོན་ཚན་བཞི་པ།)
སྤྱི་སྨན་དགོངས་འཆར་།
གྲོས་ཆོད།
༡། དོལ་རྒྱལ་རྗེས་འབྲང་པས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་སྐབས་ངོ་རྒོལ་བྱེད་རྒྱུ་ཤུགས་ཆུང་དུ་བཏང་ཡོད་ནའང་སྐུ་ཚབ་དོན་གཅོད་ལས་ཁུངས་དང་བོད་རིགས་སྤྱི་མཐུན་ཚོགས་པ་སོ་སོས་བློ་གཡེང་མ་གནང་བར་མུ་མཐུད་རྫི་གསང་དོད་པོའི་ངང་མུ་མཐུད་དོ་སྣང་གནང་དགོས།
༢། བླ་ཆེན་རྣམ་པ་བྱང་ཨ་རིའི་ཁུལ་དུ་ཕེབས་འཆར་ཡོད་ཚེ་བོད་རིགས་སྤྱི་མཐུན་ཚོགས་པ་སོ་སོར་གདན་འདྲེན་ཞུ་རྒྱུའི་གོ་སྐབས་ཡོང་ཐབས་སུ་ཨ་རི་དོན་ཁང་ནས་བླ་ཆེན་སོ་སོར་སྙན་སེང་གིས་ས་གནས་སོ་སོར་འབྲེལ་བ་ཞུ་རྒྱུ།
(གྲོས་གཞི་དོན་ཚན་ལྔ་པ།)
ཚོགས་ཆེན་ཐེངས་ ༡༦ འཚོགས་ཡུལ་དང་དུས་ཚོད་གཏན་འབེབས།
གྲོས་ཆོད།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༦ པ་དེ་ནིའུ་ཡོག་ཏུ་ནིའུ་ཡོག་དང་ནིའུ་ཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པས་འགྲོ་གྲོན་ནར་གཏོང་གིས་གོ་སྒྲིག་གནང་རྒྱུ་གནང་བཅས།།
ཨ་རིའི་དམིགས་བསལ་སྐུ་ཚབ་དང་དོན་གཅོད་གཅིག་ལྕོགས་གནང་མཁན་སྤེན་པ་ཚེ་རིང་ཟེར་བ་ཁོ་ལ་འཇོན་ཐང་དང་འཆར་གཞི་དཀྲ་མོ་གདའ། རྒྱབ་སྐྱོར་དང་ཡི་རངས་་་་་་་་་
་་་་་་་་ གྲོས་ཆོད།
༡། བྱང་ཨ་རི་ནང་བོད་དོན་ཆབ་སྲིད་དང་། བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཀྱི་ལས་དོན་རང་ཁ་རང་གསོ་ཡོང་ཐབས་སུ་བྱང་ཨ་རིའི་བོད་མི་རེ་རེས་ཟླ་རེར་ཨ་སྒོར་ལྔ་ལས་མི་ཉུང་བ་བློས་བཅད་ཞལ་འདེབས་བསྡུ་འབུལ་ཞུ་རྒྱུ་དང་། དེ་འབྲེལ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་གི་སྒྲིག་འཛུགས་ཁེ་མེད་ཚོགས་པ་ཞིག་ཁྲིམས་མཐུན་དེབ་སྐྱེལ་ཞུ་རྒྱུ། ་་་་་་་་
དཔྱ་དངུལ་ལས་འདི་བློ་ལ་བབས་པ་མི་འདུག་གམ། ལགས།