ཨ་ནུ་ཐང་བསོད་ནམས།
༡༽ དྲང་བདེན་ནི་རང་དབང་དང་ཐོབ་ཐང་གི་དོ་བདག་ཡིན།
དྲང་བདེན་མེད་ན་རང་དབང་དང་ཐོབ་ཐང་རྩོད་བྱེད་ཀྱི་རྩ་བ་བརླགས་པས་རང་དབང་འཐབ་རྩོད་པ་སུ་ཞིག་ལ་མཚོན་ན་དྲང་བདེན་ནི་ཚེ་སྲོག་ཡིན། དེར་བརྟེན། བོད་ལ་བྱམས་སེམས་ཅན་གྱི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ཚབ་ཏུ་དྲང་བདེན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་པ་ཡིན་ན། དེས་ཕྱིའི་གཉའ་གནོན་དང་བཙན་འཛུལ་ཉུང་དུ་གཏོང་ཐུབ་པ་མ་ཟད། ཆོས་རྫུན་མཁན་དང་མི་སེར་སྤེལ་མཁན་གྱི་གཡོ་འོག་ཏུ་ཚུད་རྒྱུ་ཉུང་དུ་འགྲོ་ཞིང་སྦྱིན་བརྟེན་གྱི་བསམ་བློ་ཆུང་དུ་འགྲོ་ངེས་རེད། ཡིན་ཏེ། ལས་དོན་གང་ཞིག་བསྒྲུབ་ཀྱང་དྲང་བདེན་གྱི་ཐོག་ནས་ཐག་གཅོད་བྱེད་པའི་བསམ་བློ་ཡོད་ན། གནད་དོན་ཅི་ཞིག་ལ་འཕྲད་ཀྱང་འོས་དང་མི་འོས་པ་ལ་བལྟས་ནས་ཐག་གཅོད་བྱེད་ཅིང་། དགྲ་གཉེན་གྱི་དབྱེ་བ་གསལ་བོ་ངོས་ཟིན་ངེས་རེད། དེ་ལྟར་བྱས་ཚེ་དོན་མེད་དུ་གཞན་ཞིག་གི་ལག་ནས་དངོས་རྫས་མི་ལེན་ཞིང་། ལེན་ཡང་དྲང་བདེན་གྱིས་དྲིན་གསོ་དང་གཉིས་ཕན་གྱི་ལམ་དུ་འགྲོ་ངེས་རེད། དེ་བཞིན་གཞན་ལ་དོན་མེད་ཀྱི་རོགས་སྐྱོར་དང་བཟོད་སྒོམ་མི་བྱེད་ཅིང་། བྱེད་འོས་དང་མི་འོས་པའི་དེ་ཉིད་དྲང་བདེན་གྱི་རྒྱ་མ་ལ་བཞག་ནས་རྒྱུས་ལོན་བྱེད་པ་མ་ཟད། རང་ཉིད་ལ་གནོད་པ་བྱེད་མཁན་དང་། མགོ་སྐོར་གཏོང་མཁན་ལ་སྙིང་རྗེ་མི་བྱེད་པ་དྲང་བདེན་གྱི་ལན་འདེབས་བྱེད་ངེས་རེད།
དེ་ལྟར་མ་བྱས་པ་ངན་པ་ལ་སྙིང་རྗེ་སྒོམ་པ་ཡིན་ན་ཉེས་ཅན་རྣམས་ལང་ཤོར་དུ་བཏང་བས་ཡུལ་དེའི་སྤྱི་ཚོགས་ཧྲིལ་བོ་ལ་ཕུགས་རྒྱང་རིང་པོ་རུ་ཕན་ལས་གནོད་དུ་འགྱུར་བས། ནུབ་ཕྱོགས་པ་ལྟར་ཉེས་ཅན་དེ་དྲང་བདེན་གྱི་ས་ལ་ཁྲིད་དགོས་ཞེས་སྐད་འབོད་བྱེད་ངེས་རེད། ཁོང་ཚོས་གནད་དོན་ལྷག་སྐབས་ག་དུས་ཡིན་ཡང་ཉེས་ཅན་པ་དྲང་བདེན་གྱི་ས་ལ་ཁྲིད་དགོས་ཞེས་ནས་གཟུངས་སྔགས་བཞིན་འདོན་གྱི་ཡོད་ལ། གཟུངས་སྔགས་དེའི་ནང་དོན་ནི་ཉེས་ཅན་ལ་ཉེས་པ་དང་འཚམས་པའི་ཉེས་ཆད་གཅོད་དགོས་པའི་དོན་རེད། དེ་ལྟར་མ་གནང་བར་སྙིང་རྗེ་ཆེ་མདོག་གིས་བཟོད་སྒོམ་གནང་བ་ཡིན་ན་དྲང་བདེན་མ་ཡིན་པ་ཆགས་པས་ཁོང་ཚོས་དེ་ལྟར་འབད་ཀྱང་། བོད་པ་ཚོས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་གྱུར་ཅིག་ཅེས་སྙིང་རྗེ་ཡི་ས་ལ་འགོད་ཐབས་ལས་དྲང་བདེན་གྱི་ས་ལ་འགོད་ཐབས་བརྩོན་གྱི་མེད། དྲང་བདེན་གྱི་ས་ལ་བརྩོན་ན་སྦྱིན་བདག་འཚོལ་མཁན་དང་། སྐུ་དབང་ཚོའི་ཁེ་ཕན་དང་མི་མཐུན་པས་རེད།
བོད་མི་ཚོས་ཀྱང་ནུབ་མི་ལྟར་དྲང་བདེན་གྱི་ཆེད་དུ་འཐབ་རྩོད་བྱེད་དགོས་པ་ལས། སྙིང་རྗེ་ཡི་ཆེད་དུ་འཐབ་རྩོད་བྱེད་པ་ཡིན་ན་ཕར་ལ་སྤྲད་ཡ་ལས་ཅི་ཡང་ཐོབ་ཡ་མེད་ཅིང་། ཡོད་པའི་ས་ཆ་དང་བདག་དབང་མཐའ་དག་གཞན་ལ་སྤྲད་ཟིན་པའམ། ཤོར་ཟིན་པས་ད་ནི་རང་ལུས་ལས་གཞན་ལ་སྤྲད་ཡ་མེད་པས་ཅི་ཞིག་སྤྲོད་ངེས་ཡིན། གལ་སྲིད་རང་ལུས་ཀྱང་གཞན་ལ་སྤྲད་པ་ཡིན་ན། རང་དབང་གི་ཆེད་དུ་འཐབ་རྩོད་བྱེད་དགོས་མེད་ལ། ས་ཆ་དང་བདག་དབང་། འགྲོ་བ་མིའི་ཐོབ་ཐང་ནི་དེ་བས་འཐབ་རྩོད་བྱེད་ཡུལ་ལས་ལྡོག་སྟེ། བློས་གཏོང་བྱེད་ཡུལ་དང་། ནོར་རྫས་ནི་སྦྱིན་པ་གཏོང་བྱེད་དུ་ཆགས་པས། དེ་འདྲའི་མི་རིགས་ཤིག་ལ་ཅི་ཡང་ཐོབ་རྒྱུའི་ཚབ་ཏུ་བརླགས་བྱེད་ཀྱི་རྩ་བ་རེད།
བླ་སྤྲུལ་ཚོའམ་སྦྱིན་བདག་འཚོལ་མཁན་ཞིག་ལ་མཚོན་ན་གཞན་ནས་ལེན་ཡ་ལས་ཚུར་ལ་དེ་ཙམ་སྤྲད་ཡ་མེད་པས། བྱམས་དང་སྙིང་རྗེ་གླེང་ནས་རང་ཉིད་ཀྱི་སྙན་གྲགས་དང་དཔལ་འབྱོར། གོ་གནས་སོགས་འཐབ་རྩོད་བྱེད་དགོས་པས། དེ་ལྟར་བྱེད་པ་ཁོང་ཚོའི་ལས་དོན་ཡིན་ཡང་། མི་རིགས་ཤིག་ལ་མཚོན་ན། བྱམས་དང་སྙིང་རྗེ་ཟེར་བ་ནི་འགྱེལ་ས་ནས་ལངས་པར་འགོོག་རྐྱེན་གཏོང་བྱེད་ཡིན། བོད་པའི་མི་རྣམས་ཀྱིས་ག་དུས་ཡིན་ཡང་བྱམས་སྙིང་རྗེ་གླེང་ཁུལ་བྱས་ཀྱང་། དེས་བོད་པ་ཚོ་སྐྱོབ་པ་ལྟ་ཅི། དེ་ལས་ལྡོག་སྟེ་ད་ལྟ་བོད་འདི་འཇིག་རྟེན་སྒང་དུ་གནས་ཐུབ་མིན་གྱི་ཚད་ལ་སླེབས་ཡོད། ད་དུང་ཡང་སྦྱིན་བདག་འཚོལ་མཁན་དག་གི་གཡོ་འོག་ཏུ་ཚུད་ནས་བྱམས་སྙིང་རྗེ་གླེང་ཞིང་། དེ་ལས་ལྷག་ཅིག་མེད་པར་སྙམ་ཚེ། འགྱེལ་ཐོག་ཏུ་རྡོག་བརྫིས་ལས་རང་རྐང་སྟེང་བསྐྱར་ལངས་བྱེད་པའི་ལས་དོན་ཞིག་ཏུ་ཡེ་ནས་ཆགས་མེད།
ཁྱེད་ཀྱིས་གཞན་ལ་བྱམས་དང་སྙིང་རྗེ་བསྒོམས་ཀྱང་གཞན་གྱིས་ཁྱེད་ལ་དེ་ལྟར་གནང་དཀའ་བ་མ་ཟད། ལྷག་པར་དུ་ཐོབ་ཐང་དོན་གཉེར་བ་ཞིག་དང་། ས་ཆ་ཡོད་པའི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ལ་མཚོན་ན། བྱམས་དང་སྙིང་རྗེ་ནི་འདོར་བྱ་ལས་ལེན་བྱ་དེ་ཙམ་མིན། ཡིན་ཏེ། རྒྱལ་ཁབ་གཞན་གྱིས་ཁྱེད་ཀྱི་བྱམས་དང་སྙིང་རྗེ་ལ་ལྟོས་ནས་བཙན་འཛུལ་དང་མི་སེར་སྤེལ་རྒྱུ་མཚམས་འཇོག་མི་བྱེད་པའི་ཁར། དེས་ཕ་རོལ་བོ་སྐྱག་ལང་དུ་བཏང་བས་བཙན་འཛུལ་དང་དབང་ཡོད་སྔར་ལས་བྱེད་ངེས་རེད། ཨེ་བདེན་སྙམ་ན་འཛམ་གླིང་གི་ལོ་རྒྱུས་ལ་ཐོག་ལ་གཟིགས་དང་། བཙན་འཛུལ་མཁན་གྱི་རྒྱལ་ཁབ་ཀུན་གྱིས་ཕ་རོལ་བོ་སེམས་བཟང་ཅན་དང་སྙིང་རྗེ་ཅན་ལ་བསྒོམས་ནས་བཙན་འཛུལ་དང་གཉའ་གནོན་བྱེད་རྒྱུ་མཚམས་ཆད་མེད།
བཙན་འཛུལ་བྱེད་མཁན་རྣམས་ཀྱང་སྙིང་རྗེ་ཅན་ཞིག་མིན་པས་ཁོང་ཚོས་དེ་ལྟར་གཞན་ལ་བཙན་འཛུལ་དང་། དབང་སྒྱུར་བྱེད་ཐུབ་པ་ནི་རང་གི་འཛོན་ཐང་དང་ནུས་པ། ཐབས་ཇུས་དང་དཔའ་མཛངས་སུ་སེམས་ནས་དགའ་བ་སྒོམ་གྱི་ཡོད། མ་ཟད་མི་རིགས་གཞན་གྱིས་ཀྱང་ཁོང་ཚོའི་དཔའ་མཛངས་ལ་རིན་ཐང་སྤྲོད་པ་ལས། སྐྱོན་དུ་ལྟ་མཁན་ཉུང་ཉུང་རེད། དེ་བཞིན་དེང་སྐབས་རྒྱལ་ཁབ་ཀྱི་དབུ་ཁྲིད་མང་པོས་དཔལ་འབྱོར་གྱི་ཁེ་ཕན་ཆེད་དུ་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་བདག་གཞན་བཙོང་བཞིན་ཡོད་ཀྱང་། གཞན་པ་ལྟ་ཅི། ཐ་ན་ཡར་རྒྱས་ཆེ་བའི་ནུབ་མི་ཡིན་ཡང་མང་པོ་ཞིག་གིས་ཁོང་ཚོའི་དབུ་ཁྲིད་དག་ནི་མི་ངན་མིན་ཞིང་། དེ་ལྟར་གནང་དགོས་པའང་ང་ཚོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་གྱི་ཆེད་དུ་རེད་ཅེས་སྨྲ་བཞིན་ཡོད།
དཔེར་ན། ༡༠༣༨ ལོར་རང་གི་ཁེ་ཕན་གྱི་ཆེད་དུ་ཧྥ་རན་སི་དང་དབྱིན་ཇིས་ཆེ་ཁི་སི་ལོ་ཝ་ཁི་འཇར་མན་གྱི་ཆ་ཤས་ཡིན་པ་ངོས་ལེན་བྱས་ཡོད། གནས་ཚུལ་དེས་ཆེ་ཁིའི་མི་མང་ལ་བཟོད་མེད་ཀྱི་སྡུག་བསྔལ་སྤྲད་ཅིང་རང་མྱོང་ལ་ཞུགས་ནས་ཆེ་ཁིའི་སྲིད་གཞུང་གིས་བོད་དོན་ལ་ལྷད་མེད་ཀྱིས་རྒྱབ་སྐྱོར་བྱས་ཡོད་ཀྱང་། ཆེ་ཁིའི་གཞུང་འཛིན་གསར་བས་དཔལ་འབྱོར་གྱི་ཁེ་ཕན་ཆེད་དུ་སྔོན་གྱི་མྱོང་བ་བརྗེད་དེ། བོད་དང་ཐེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་འཛིན་གྱིས་དེ་དོན་ལ་རྒྱབ་སྐྱོར་མི་བྱེད་རྒྱུའི་ཁས་ལེན་གནང་ཡོད། མ་ཟད་ཉེ་ཆར་ཆེ་ཁིའི་སྲིད་འཛིན་པེ་ཅིང་དུ་ཞི་ཅིན་ཕིན་དང་ཐུག་འཕྲད་ཀྱིས་དེ་དག་ལག་ལེན་གནང་རྒྱུའི་ཁས་ལེན་དང་། ཡོ་རོབ་མཐུན་ཚོགས་ཀྱིས་ཀྱང་རྒྱ་ནག་ལ་མཐོང་ཆེན་ visa མི་དགོས་པ་གནང་རྒྱུའི་འབོད་སྐུལ་ཞུས་འདུག
དེ་བཞིན་ཨ་རིས་ཀྱང་ལོ་ལྔའི་སྔོན་དུ་ཏུར་ཁ་ལ་དམག་རོགས་བྱས་ཏེ་ཁིར་སྒྲི་ཡི་ PKK ཚོགས་པ་ལ་གནམ་ཐོག་ནས་འབར་རྫས་གཡུགས་ནས་རྒོལ་བ་མ་ཟད། འཇིགས་སྐུལ་དྲག་སྤྱོད་པ་ལ་བརྩིས་ཤིང་ཚོགས་པ་དེའི་མགོ་གཙོ་ཨ་རྡོའི་ལ་ད་དུང་ཡང་ཏུར་ཁ་ཡི་བཙོན་ཁང་དུ་ཡོད། འོན་ཀྱང་། དེང་སྐབས་ ISIS ལ་དམག་འཐབ་བྱེད་པ་ལ་ཁིར་སྒྲི་ཡི་ཚོགས་པ་དེ་ཨ་རི་ལ་དགོས་མཁོ་ཆགས་ཤིང་ཆགས་དགོས་དོན་ཡང་། ཁིར་སྒྲི་དང་ཨ་རི་གཉིས་ཀྱི་དགྲ་བོ་གཅིག་པ་ཆགས་པས་དགྲ་བོས་དགྲ་བོ་ལ་གཉེན་ཉེ་བཟོ་བའི་གནས་ཚུལ་བྱུང་བ་རེད།
ད་ལྟ་ཨ་རི་ལ་འགྱུར་བ་ཕྱིན་ཏེ་ཁིར་སྒྲི་ཚོགས་པ་དེ་འཇིགས་སྐུལ་བའི་ཐོ་གཞུང་ནས་ཕྱིར་འཐེན་བྱས་པ་མ་ཟད། ཁོང་ཚོ་ལ་དཔུང་རོགས་ཀྱིས་མཚོན་ཆ་དང་སྦྱོང་བརྡར་སྤྲད་དེ། ISIS ལ་འཐབ་ཏུ་འཇུག་བཞིན་ཡོད། གནས་ཚུལ་དེས་ཨ་རི་དང་ཏུར་ཁ་ཡི་འབྲེལ་བ་ལ་དཀའ་ངལ་འཕྲད་ཀྱིན་ཡོད། རྒྱུ་མཚན་ནི། ཏུར་ཁའི་དམིགས་ཡུལ་ཨ་གསའ་སྒྲི་རྩ་མེད་བཟོ་རྒྱུ་དང་། ཨ་རིའི་དམིགས་ཡུལ་ ISIS མེད་པ་བཟོ་རྒྱུ་ཡིན་པ་མ་ཟད། ཏུར་ཁས་ཁིར་སྒྲི་མི་རིགས་ལ་རྒྱལ་ཁབ་ཅིག་སྤྲོད་འདོད་མེད་པས་ཁིར་སྒྲི་ཡི་ཚོགས་པ་དེ་ ISIS ལྟར་འཇིགས་སྐུལ་བ་ལ་ངོས་འཛིན་བྱེད་ཀྱིན་ཡོད་པས་རེད།
༢༽ སྐྱག་ལང་གཏོང་རྒྱུ་ནི་མིའི་ཆག་སྒོའི་རྩ་བ་ཡིན།
གཉའ་གནོན་མྱོང་མཁན་ཚོས་བཙན་འཛུལ་མཁན་ལ་ཕམ་ཁ་སྤྲོད་མ་ཐུབ་པ་ཡིན་ན། ནམ་ཡང་ནོར་འཁྲུལ་ངོས་ལེན་མི་བྱེད་པ་དེས་གསལ་བཤད་གནང་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། མི་རྣམས་ཀྱིས་དུད་འགྲོ་ཅི་འདོད་དུ་བཀོལ་སྤྱོད་བཏང་ཞིང་། ཐ་ན་ཤ་ཁྲག་ལ་སོགས་པ་ཟ་ཞིང་སྤྱོད་བཞིན་ཡོད་ཀྱང་། དུད་འགྲོ་ལ་གླེན་ལྐུགས་ཟེར་ནས་མཐོང་ཆུང་གཏོང་མཁན་མང་བ་ལས། སྙིང་རྗེ་སྒོམ་ནས་དུད་འགྲོ་ལ་རང་དབང་སྤྲོད་མཁན་དཀོན་པ་འདིས་འགྲོ་བ་མིའི་གཤིས་ལུགས་ལ་འགྲེལ་བཤད་ཡག་པོ་གནང་ཡོད།
མི་ཟེར་བ་འདི་བཀག་འགོག་མ་བྱས་པར་བཏང་ན་བཏང་ཚོད་མེད་ཅིང་། དེས་གཞན་གྱི་བདག་དབང་ཡོད་ཚད་འཕྲོག་པར་མ་ཟད། ཐ་ན་གཞན་གྱི་འགྲོ་འདུག་ཉལ་གསུམ་ཀུན་ལ་སྟངས་འཛིན་བྱེད་མཁན་ཞིག་དང་། གཞན་གྱི་མི་ཚེ་ཇི་འདོད་བཞིན་དུ་རང་གི་དགོས་མཁོ་དང་། བདེ་སྡུག་གི་ཆེད་དུ་བཀོལ་མཁན་ཞིག་རེད། དེར་བརྟེན། མི་འདི་སྐྱག་ལང་དུ་གཏོང་མི་ཉན་ཞིང་། ངན་པ་ལང་ཤོར་དུ་དེ་བས་གཏོང་མི་ཉན་པ་གསལ་བཤད་གནང་ཡོད། བྱས་པ་ཡིན་ན། སྤྱོད་ངན་དེ་དག་རང་གི་འཇོན་ཐང་དང་རིག་འཕྲུལ་དུ་རློམས་ནས་རང་ཉིད་ལ་ཐུགས་རྗེ་ལེགས་འབུལ་ཞུ་བ་ལས། བཀོལ་སྤྱོད་བྱེད་ཡུལ་གྱི་ཕ་རོལ་བ་ལ་གཏང་རག་གི་ཚབ་ཏུ་རྟུལ་བོར་ལྟ་ངེས་རེད།
ད་ལྟ་ལུང་པ་ཡོད་པའི་རྒྱལ་ཁབ་རྣམས་ཀྱིས་རང་གི་ཁེ་ཕན་ཆེད་དུ་མནའ་མཐུན་ནས་མནའ་མཐའ་སྒྲིག་ནས་རང་ཉིད་སྲུང་སྐྱོབ་བྱེད་ཀྱིན་ཡོད། གལ་སྲིད་རྒྱལ་ཁབ་སུ་ཞིག་གིས་དེ་ལྟར་མ་གནང་བ་ཡིན་ན་རང་གི་བདེ་འཇགས་རྒྱལ་ཁབ་གཞན་ལ་སྤྲད་པ་ཡིན་པས། རྒྱལ་ཁབ་གཞན་གྱིས་གོ་སྐབས་དམ་འཛིན་གྱིས་བཙན་འཛུལ་བྱེད་ངེས་རེད། ཡིན་ཏེ། རྒྱུ་ནོར་དང་རྩ་ཆེན་གྱི་ས་ཆ་གང་ཞིག་ཡིན་ཡང་། དེ་དག་སྲུང་སྐྱོབ་ཀྱི་དོ་སྣང་ཡག་པོ་ཞིག་མ་བྱས་ཤིང་། བྱམས་དང་སྙིང་རྗེ་བཤད་ནས་སྒོ་མོ་ཕྱེ་ནས་བཞག་པ་ཡིན་ན། རྐུན་མ་དང་ཇག་པ་ཡོང་ངེས་རེད། ཡོང་དགོས་ཏེ་རྒྱུ་དང་ས་ཆ་མི་མཁོ་མཁན་གྱི་མི་ཞིག་དཀོན་པ་མ་ཟད། མི་ཐམས་ཅད་དེ་ལྟར་ཚད་ལྡན་ཞིག་མིན་པས་རེད། མིན་དགོས་པའང་ཟས་གོས་དང་འགྲིམ་འགྲུལ། སློབ་སྦྱོང་དང་ལྟ་སྐོར། མཛའ་གྲོགས་སོགས་ལ་བརྟེན་དགོས་པས། དེ་དག་གི་ཆེད་དུ་ལས་དོན་མ་གཉེར་བར་འབད་མེད་ལྷུན་འགྲུབ་ཀྱིས་ཡོང་དུ་མེད་པས། དེ་ཡོང་ཆེད་དུ་སྔར་ནས་ད་བར་དུ་འཐབ་རྩོད་བྱེད་བཞིན་ཡོད་པས། བྱམས་དང་སྙིང་རྗེ་སྒོམ་ནས་རང་གི་འཐབ་རྩོད་བྱེད་མཚམས་བཞག་པ་ཡིན་ན། རང་ལ་ཡོད་པ་ཐམས་ཅད་གཞན་ལག་ཏུ་ཤོར་ངེས་རེད། དེ་ནི་སྤྲུལ་སྐུ་དང་སྦྱིན་འཚོལ་མཁན་པོ་ཚོས་གཞན་ནོར་འགུག་པའི་གཡོ་ཐབས་སུ་ལེགས་ཀྱང་། མི་རིགས་འཚོ་གནས་ལ་སེམས་ན་ཉེན་ཁའི་ལྟེ་བ་ཡིན།
སྦྱིན་འཚོལ་མཁན་པོ་ཚོས་ཀྱང་བྱམས་དང་སྙིང་རྗེ་གླེང་ཁུལ་བྱེད་ཀྱིན་ཡོད་ཀྱང་། ཁོང་ཚོ་རྒྱུ་དང་ས་ཆ་ལ་དུངས་པ་མ་ཟད། དགོན་པ་ག་ཚོད་དང་ས་ཆ་ག་ཚོད་ཐོབ་ཀྱང་། ཆོག་ཤེས་བསྟེན་ནས་འདུག་མཁན་མེད། མ་ཟད་བཟང་ཕྱོགས་ལ་ཆོག་ཤེས་བསྟེན་ན་མི་འོས་ཚུལ་གྱི་འགྲེལ་བཤད་ཁྲི་སྟོང་མང་པོ་གནང་བཞིན་ཡོད།
དགོན་པ་བརྒྱབ་པ་དང་སྦྱིན་བདག་འཚོལ་རྒྱུ་ནི་བཟང་ཕྱོགས་རེད་དམ། རང་ཉིད་ལས་མེད་ཡིན་པའི་སྒང་ལ་ད་དུང་ཡང་ལས་མེད་སྐྱེད་སྲིང་གནང་ཞིང་། མི་རྣམས་སྤྲང་པོ་རུ་བསྒྱུར་ན་བཟང་ཕྱོགས་རེད་དམ། བུད་མེད་ཁྲི་སྟོང་མང་པོས་ཁྱོ་ག་རྩ་མེད་བཟོས་ཤིང་། བུ་ཕྲུག་ཁྲི་སྟོང་མང་པོས་ཨ་ཕ་མེད་པ་བཟོས་ཁར། གྲངས་ཉུང་གི་སྒང་དུ་རིགས་རྒྱུད་གཅོད་ཅིང་དགོན་ནང་དུ་སྤྲུལ་གཡོག་བྱེད་དུ་བཅུག་ན་དགེ་བ་རེད་དམ།
ལས་རྒྱུ་འབྲས་དང་དྲང་བདེན་ཟེར་བ་ཁས་ལེན་མཁན་ཞིིག་ཡིན་ན། ཚེ་གང་སྤྲུལ་གཡོག་བྱེད་རྒྱུ་དང་། ལས་མེད་དུ་དགོན་པར་གནས་ཤིང་ཚེ་གང་གི་འཚོ་བ་སྦྱིན་བདག་ལ་བརྟེན་པ་ནི་དྲང་བདེན་མ་རེད་ལ། གཟུགས་དང་ལང་ཚོ། ལུས་སྟོབས་དར་བའི་ཕུང་བོ་འདི། རང་ཁ་གསོ་བྱེད་ཙམ་དུ་བེད་སྤྱོད་མ་བཏང་བ་ནི། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ལ་མཚོན་ན་ཧ་ཅང་གི་གྱོང་གུད་རེད། རང་གིས་གཞན་ཁ་གསོ་བ་ལྟ་ཅི། ཚེ་གང་གི་འཚོ་བ་གཞན་ལ་བརྟེན་པའི་ལམ་སྲོལ་བཏོད་པ་ནི་དྲང་བདེན་མ་རེད་ལ། འགྲོ་བ་མིའི་འཚོ་སྡོད་ཀྱི་ཆོས་ཉིད་དང་འགལ་བའི་ལམ་སྲོལ་ཞིག་ཏུ་མཐོང་།
ལམ་སྲོལ་དེ་མི་རིགས་ཤིག་ལ་མཚོན་ན་གྱོང་གུད་ཚབས་ཆེན་ཡིན་པ་མ་ཟད། གང་ཟག་སྒེར་བ་ཞིག་ལ་མཚོན་ན། གང་ཟག་དེ་ལ་ཚེ་གང་གཞན་རྟེན་གྱི་སྡུག་བསྔལ་མྱོང་བའི་དཀའ་ངལ་ཡོད་པ་མ་ཟད། ནམ་ཡང་རང་ཉིད་ལ་ཆོད་སེམས་དང་གདེང་ཚོད། སྤོབས་པ་སོགས་ཡང་དག་ཅིག་རྙེད་མི་ཐུབ་ཅིང་། གྲལ་རིམ་གྱི་དབྱེ་བ་ཆེ་བས་བྲན་གཡོག་གི་འདུ་ཤེས་ཆེ། ཡིན་ཏེ། ཚེ་གང་སྤྲུལ་བྲན་བྱེད་རྒྱུའི་གོམས་གཤིས་འཇགས་པས་དད་པ་དང་དག་སྣང་གི་རྒྱ་ལས་བརྒལ་མི་ཐུབ་ཅིང་། གནད་དོན་ཅི་ཞིག་བྱུང་ཡང་དགོན་བདག་སྤྲུལ་སྐུའི་གསུང་གི་རྒྱ་མ་ལ་བཞག་ནས་ཁྲིམས་ཐག་གཅོད་ཀྱིན་ཡོད། འོན་ཀྱང་། དགོན་པ་རེ་ལ་དགོན་བདག་སྤྲུལ་སྐུ་རེ་ཡོད་པས་དེ་དག་གིས་རང་གི་ཁེ་ཕན་གྱི་འཐབ་རྩོད་མ་འདྲ་བའི་དབང་གིས་སྣ་མཐུན་གྱི་སྤྲུལ་ཚོགས་མི་འདྲ་བས། རང་གི་ཁེ་ཕན་དང་མཐུན་པའི་གསུང་རེ་འབྱུང་ཕྱིར། སྤྲུལ་སྐུའི་དབང་སྒྱུར་འོག་ཏུ་ཡོད་པའི་བོད་པ་རྣམས་ནམ་ཡང་སྤྲུལ་སྐུའི་ཁེ་ཕན་གྱི་ཆེད་དུ་ནང་འཁྲུག་གི་འཐབ་རྩོད་འཇགས་མྱོང་མེད། དེ་ནི་དྲང་བདེན་མ་རེད། མིན་དགོས་དོན་ཡང་བོད་མི་རྣམས་ཀྱིས་སྤྲུལ་སྐུའི་གང་གསུངས་ལ་ཉན་ཏེ་སྤྲུལ་སྐུ་ཚོ་སྐྱག་ལང་གཏོང་རྒྱུ་མང་དྲགས་པས་རེད།
༣༽ དགོན་པ་རྒྱག་རྒྱུ་ནི་དགོན་བདག་གི་ཁེ་ཕན་གཙོ་བཟུང་ལས་མི་མང་གི་ཁེ་ཕན་གཙོ་བོ་མིན།
དགོན་པ་རྣམས་ཀྱི་དམིགས་ཡུལ་གཙོ་བོ་ནི་དགོན་བདག་གི་གསུང་ལ་ཉན་ཡ་དེ་ཡིན་ཞིང་། དགོན་བདག་གི་ཐུགས་འདུན་གཙོ་བོ་ནི་གྲྭ་བ་རྣམས་ཀྱིས་རང་ཉིད་སངས་རྒྱས་བྱང་སེམས་གང་རུང་དུ་ལྟ་རྒྱུ་དེ་རེད། གལ་སྲིད་གྲྭ་བ་སུ་ཞིག་གིས་དགོན་བདག་ལ་དེ་ལྟར་ལྟ་རྒྱུའི་དཀའ་ངལ་འཕྲད་ཅིང་། ལྷག་པར་དུ་དགག་པ་བརྒྱབ་པ་ཡིན་ན། གནས་ལུགས་ལ་མི་ལྟ་བར་དགོན་བདག་གིས་གྲྭ་བ་དེའི་མགོ་མཇུག་བར་གསུམ་དུ་ཞིབ་འཇུག་གཏིང་ཟབ་བྱས་ནས། དེ་ལྟར་བྱེད་དགོས་པའི་རྒྱབ་ལྗོངས་དང་སློབ་སྦྱོང་གི་བྱེད་ཕྱོགས་སོགས་ལ་ཞིབ་འཇུག་བྱེད་ངེས་ཤིང་། གལ་སྲིད་ཁོས་གྲྭ་བ་དེའི་སློབ་གཉེར་བྱེད་ཕྱོགས་ལས་ཁོང་གི་ལྟ་གྲུབ་ལ་ཤུགས་རྐྱེན་ཐེབས་ནས་དགོན་བདག་སངས་བྱང་དགྲ་བཅོམ་སོགས་ལ་ལྟ་རྒྱུའི་དཀའ་ངལ་འཕྲད་པ་རྟོགས་ཚེ། དེ་ལྟར་ཡང་བསྐྱར་མི་འོང་ཆེད་དུ་དགོན་པ་དེའི་སློབ་གཉེར་བྱེད་ཕྱོགས་དང་། སློབ་ཚན་ཀུན་ལ་འགྱུར་བ་གཏོང་ངེས་རེད། རྒྱུ་མཚན་ནི། དགོན་བདག་འདི་དག་གིས་མི་མང་དང་ལྷག་པར་དུ་རང་ཉིད་ཀྱི་མི་མང་ལ་ཁོ་རང་སྤྱིར་བཏང་གི་མི་ཞིག་ཡིན་པ་ཁས་ལེན་བྱེད་འདོད་མེད་པས་རེད།
དགོན་བདག་ལ་དད་པ་བྱེད་ཡ་ནི་དགོན་པའི་སློབ་གཉེར་དང་། སངས་རྒྱས་ལ་དད་པ་བྱེད་ཡ་ལས་ཀྱང་གལ་ཆེན་དུ་ལྟ་བས། དགོན་བདག་གིས་དགོན་པ་རྒྱག་དགོས་པ་ཆོས་ལུགས་ཀྱི་ཆེད་དུ་མིན་པར་དགོན་བདག་གི་ཆེད་དུ་ཡིན་པ་གསལ་བོ་བསྟན་འདུག འོན་ཀྱང་། ཁོང་ཚོས་དགོན་པ་རྒྱག་དགོས་དོན་སེམས་ཅན་གྱི་བདེ་སྐྱིད། བོད་དང་འཛམ་གླིང་གི་བདེ་སྐྱིད། ཆོས་ལུགས་འཕེལ་རྒྱས་ཀྱི་ཆེད་དུ་ཡིན་ཚུལ་སྒྲུབ་པ་མ་ཟད། ཆོས་ལུགས་འཕེལ་རྒྱས་གཏོང་དགོས་པའང་སེམས་ཅན་དང་། ཡང་སྒོས་དད་ལྡན་མང་ཚོགས་ཚོའི་ཆེད་དུ་ཡིན་པ་ལས་དགོན་བདག་རང་ཉིད་ཀྱི་ཆེད་དུ་ཡིན་པ་ནམ་ཡང་ངོས་ལེན་བྱེད་ཀྱིན་མེད། གལ་སྲིད་དེ་དག་སེམས་ཅན་གྱི་ཆེད་དུ་ཡིན་ན། འཁོར་གྱི་དང་པོ་གྲྭ་བ་དང་དད་ལྡན་མང་ཚོགས་ཚོ་སྤྱང་པོ་ཆགས་རྒྱུ་ལ་བཀག་འགོག་བྱེད་དགོས་དོན་ཅི་ཡིན་ནམ། ཐ་ན་དགོན་བདག་གི་གསུང་ལ་རྒོལ་བ་ལྟ་ཅི་དོགས་འདྲི་ཙམ་ཡང་བྱེད་དུ་མི་འཇུག་པའི་གནད་དོོན་འདི་ཅི་ཡིན་ནམ།
དེ་ནི་སྲིད་དབང་གཅིག་བསྡུ་རིང་ལུགས་པའི་ལམ་ལུགས་དང་གཉིས་སུ་མ་མཆིས་ཤིང་། ཁོང་ཚོས་མི་མང་གི་འགྲོ་འདུག་ཉལ་གསུམ་དང་སློབ་སྦྱོང་བྱེད་ཕྱོགས་སོགས་ལ་སྟངས་འཛིན་བྱེད་ཅིང་། བྱེད་དགོས་དོན་ཡང་མི་མང་གི་ཆེད་དུ་ཡིན་པ་ལས། རང་ཉིད་ཀྱི་ཆེད་དུ་ཡིན་པ་ངོས་ལེན་ནམ་ཡང་བྱེད་ཀྱིན་མེད། དེ་བཞིན་དགོན་བདག་གམ་རྩ་བའི་བླ་མའི་གསུང་དང་མི་མཐུན་མཁན་ཞིག་བྱུང་ཚེ། དེ་ནི་བསྟན་པ་དང་འགྲོ་བར་གནོད་པ་སྐྱེལ་མཁན་གྱི་ཉེས་མིང་འོག་ནས་རྩ་མེད་བཟོ་ཐབས་བྱེད་པ་མ་ཟད། ཕྱིན་ཆད་དེ་ལྟར་མི་འབྱུང་ཆེད་དོགས་ཟོན་ནན་མོ་བྱེད་ཀྱིན་ཡོད།
ཚོང་ཁང་གང་དུ་ཕྱེས་ན་ཡུལ་དེའི་མི་མང་ལ་ཕན་ཐོགས་ཡོད་པར་སྒྲུབ་པ་བཞིན་དགོན་པ་གང་དུ་བརྒྱབ་ཀྱང་གནས་བབ་ལ་བལྟས་ནས་ཡུལ་དེའི་མི་མང་ལ་ཕན་ཐོགས་ཡོད་ཚུལ་སྒྲུབ་ཀྱིན་ཡོད། བོད་མིར་འཕྲད་སྐབས་བོད་པར་ཕན་ཚུལ་དང་། དབྱིན་མིར་ཐུག་སྐབས་དབྱིན་མིར་ཕན་ཚུལ། རྒྱ་མིར་ཐུག་སྐབས་རྒྱ་ལ་ཕན་ཚུལ་སོགས་ཀྱི་སྒྲུབ་བྱེད་སྣ་ཚོགས་བཏང་བ་ལས། དོན་དངོས་སྦ་གསང་བྱེད་ཀྱིན་ཡོད། དོན་དངོས་ནི་ཚོང་ཁང་ཕྱེ་ན་གཙོ་བོའི་ཚོང་བདག་གི་ཁེ་ཕན་ལ་གཙོ་བོར་དམིགས་པ་བཞིན་དགོན་པ་བརྒྱབ་ཀྱང་གཙོ་བོའི་དགོན་བདག་ལ་ཕན་གྱི་ཡོད། འོན་ཀྱང་། ཚོང་བདག་དང་ལྷག་པར་དུ་དགོན་བདག་ཚོས་དོན་དངོས་དེ་ངོས་ལེན་བྱེད་ཀྱིན་མེད། རྒྱུ་མཚན་ནི། ང་ཚོའི་མི་འདིར་མགོ་སྐོར་མ་བཏང་བར་དྲང་མོ་བཤད་ན་ངོས་ལེན་བྱེད་མཁན་དཀོན་པས་རེད། ཚོང་བདག་དང་ཆབ་སྲིད་པ། ལྷག་པར་དུ་ཆོས་དཔོན་ཚོས་འགྲོ་བ་མིའི་ཞན་ཆ་དེ་རྟོགས་ཏེ། ཞན་ཆ་དེ་བེད་སྤྱོད་བཏང་ཏེ་མི་རྣམས་གཡོ་འགུག་བྱས་པ་རེད།
དོན་དངོས་དགོན་པ་རྒྱག་དགོས་པ་དང་སྲིད་དབང་བཙུགས་དགོས་པ་ནི་མི་མང་གི་ཆེད་དུ་མིན་པར་རང་ཉིད་ཀྱི་ཆེད་དུ་ཡིན་ཡང་། དེ་དག་ངོས་ལེན་གཏན་ནས་མེད་པར་སེམས་ཅན་དང་མི་མང་གི་ཆེད་དུ་ཁོ་ན་ཡིན་ཚུལ་སྨྲ་བ་ནི་སྐུ་དབང་ལམ་ལུགས་ཀྱི་ཁྱད་ཆོས་ཀྱི་གཙོ་བོ་དེ་རེད། ཁོང་ཚོས་དུས་རྒྱུན་བྱམས་དང་སྙིང་རྗེ། ལྷག་བསམ་གླེང་གི་ཡོད་ཀྱང་ཐ་ན་ཁོང་ཚོ་དང་ལྟ་གྲུབ་མི་མཐུན་མཁན་དང་། ལྷག་པར་དུ་དགག་པ་རྒྱག་མཁན་ཞིག་བྱུང་ཚེ་བཟོད་སྒོམ་བྱེད་ཐུབ་ཀྱི་མེད་པ་ནི། ཁོང་ཚོའི་བཟོས་པའི་ལྟ་གྲུབ་ལ་རང་གིས་འགལ་ཟླ་བཏང་ཕྱིན། བྱམས་བརྩེ་ནི་རང་དོན་སྒྲུབ་བྱེད་ཀྱི་ཐབས་ཇུས་ཤིག་ཡིན་པ་གསལ་བོ་བསྟན་ཡོད། ཡིན་ཏེ། དགོན་བདག་དང་དབང་འཛིན་པ་ཚོས་དེ་ལྟར་ཉམས་ལེན་ཡག་པོ་ཞིག་སྟར་གྱིན་མེད་པས་ཡིན།
དགོན་བདག་དང་དབང་བདག་ལ་དགག་པ་རྒྱག་མཁན་དང་ལྟ་བ་མི་མཐུན་མཁན་ཞིག་བྱུང་ཚེ་དེ་ནི་དགོན་བདག་གི་ཁེ་ཕན་དང་དབང་བདག་ཁོ་ནའི་ཁེ་ཕན་ལ་གནོད་ཀྱིན་ཡོད་ཀྱང་། ཁོང་ཚོས་དོན་དངོས་ལ་ངོས་ལེན་གཏན་ནས་མི་བྱེད་པ། སེམས་ཅན་དང་སྤྱི་ཚོགས་ཧྲིལ་བོ་ལ་གནོད་ཀྱི་ཡོད་པ་འགྲེལ་བར་མ་ཟད། སྤྱི་ཚོགས་ཧྲིལ་བོ་དང་དབང་བདག་གཉིས་དབྱེར་མེད་དུ་ཨུ་ཚུགས་ཀྱིས་འགྲེལ་གྱིན་ཡོད། མ་ཟད་དགོན་བདག་དང་དབང་བདག་གི་བཀའ་ནི་སྤྱི་ཚོགས་དང་སེམས་ཅན་གྱི་ཁེ་ཕན་ཡིན་ལ། དེ་དང་མི་མཐུན་མཁན་ནི་སྤྱི་ཚོགས་ཧྲིལ་བོའི་ཁེ་ཕན་ལ་གནོད་པའི་ལོག་ལྟ་ཅན་དུ་གང་ཐུབ་ཀྱིས་བསྒྲུབ་ནས། དབང་བདག་གི་གསུང་དང་འགལ་མཁན་སུ་ཞིག་བྱུང་ཡང་གང་ཐུབ་ཀྱིས་གནོད་ཤུགས་སྤྲད་ནས་ཐར་བར་གཏོང་གི་མེད། དེ་ནི་དབང་བདག་གི་དབང་ཤུགས་ལ་བརྟེན་ནས་སྤྱི་ཚོགས་སྐྱོང་བ་ཡིན་ཕྱིན་སྐུ་དབང་ལམ་ལུགས་རེད། གང་དུ་སྐུ་དབང་ལམ་ལུགས་ཡོད་ན། དེ་ནི་སྨྲ་བརྗོད་ཀྱི་རང་དབང་ཉུང་ལ། གང་དུ་སྨྲ་བརྗོད་ཀྱི་རང་དབང་ཉུང་ན། དེར་གསར་བཏོད་དང་ཡར་རྒྱས་ཀྱི་ནུས་པ་ཞན་ཁར། དུས་དང་མཐུན་པའི་གོམ་པ་སྤོ་མི་ཐུབ་པས་གཉའ་གནོན་དང་དབང་ཡོད་ཀྱི་སྡུག་བསྔལ་ལྕི་བས་མི་རིགས་ཤིག་ལ་མཚོན་ན་འགྱེལ་ས་ནས་ལངས་མི་ཐུབ་པའི་རྩ་བར་འཁུམས།།
http://www.bbc.com/news/world-middle-east-29685118
http://edition.cnn.com/2014/10/28/world/meast/syria-isis-prisoners-watson/index.html?hpt=hp_t1
གུང་ཏང་གིས་གློགས་བརྙན་དང་སྒྱུ་རྩལ་ལས་རིགས་ཡོངས་ལ་དབང་བསྒྱུར་རྗེས་སུ། ཡོད་ཚད་ཏང་གིས་བཀའ་དྲིན་དུ་སྒོམ་པའི་བོད་པ་ཨ་ནུ་ཐང་ལྟ་བུ་ཡང་བེད་སྤྱོད་གཏོང་ནུས་ཀྱི་ཡོད། དགོན་བདག་རྣམས་ཀྱིས་བྱམས་པ་དང་བརྩེ་བ་རྐྱང་བཤད་པ་དང་དེ་ལྟར་དུ་འགྲོ་དགོས་སྟབས། རིགས་པས་ཕུད་འདེད་དང་འཕྲུལ་ཆས་ཀྱི་ཞིབ་གཤེར་གང་གི་སྐབས་སུ་ཡང་གུང་ཏང་ནང་བཞིན་མི་ཤིའི་གྲངས་འབོར་ལ་ཀླད་ཀོར་རྫོགས་མཐའ་མེད་པ་སྣོན་དགོས་ཡོང་གི་མེད། དཔེར་ན་ལྷ་དབང་ཕྱུག་ཆེན་པོའི་བཀོད་ཇུས་སུ་མི་རྣམས་བྱུང་བར་འདོད་པའི་རྒྱ་གར་ནི་འདིས་དཔེ་མཚོན་གསལ་ཤོས་ཡིན།
ཡིན་སྲིད།
ཨ་ལས་དྲང་བདེན་དགོས་བྱམས་དང་སྙིང་རྗེ་མི་དགོས་ན་ཨ་རི་ལ་སོང། དེ་ན་དང་པོ་འདུག་གཉིས་པ་མི་འདུག མ་ཟད་རྒྱ་གར་ལ་བསྡད་དུས་ཀྱི་རྒྱག་གཏམ་འདི་ཚོ་བཤད་ས་ཡོད་མེད་དེ། བྱམས་སྙིང་དང་ཕན་སེམས་སྤུ་ཙམ་མེད་པའི་ཨ་རིའི་དྲང་བདེན་གྱི་དྲོ་བ་སྐྱུར་མོ་དེ་མྱོང་ན་ཧ་གོ་གི་རེད།
འོན་ཀྱང་ཐོངས་ཆེན་ཐོབ་ཁག་པོ་རེད། འོ་རེད་རྒྱག་གཏམ་དེ་ཚོ་བཤད་རྒྱུ་མ་གཏོགས་ཅིག་བྱས་ན་ལས་དབང་ལ་མེད་འགྲོ།
དེང་སང་དགོན་པ་ཁག་ཅིག་ཏུ་མི་སྐྱ་ཁག་གིས་དགོན་དཔོན་བྱེད་དེ་རང་གི་བཟའ་མི་བུ་ཕྲུག་གསོ་བ། བུ་ཕྲུག་གི་ཆེད་དུ་དགོན་རྒྱུ་བཏང་སྟེ་ཁང་པ་དང་། ས་གཞི་ཉོ་བ། བུ་ཕྲུག་རྣམས་ཕྱི་རྒྱལ་ཁག་དང་སློབ་ཆེན་སོགས་སུ་བཏང་སྟེ་འགྲོ་སོང་ཕང་མེད་སྤྲད་པ། མདོར་ན་མི་སྐྱ་ཞིག་གིས་དགོན་དཔོན་བྱས་ཡོད་ན། དེ་ནི་བཀོར་བདག་དང་ཟ་འདྲི་རང་ཡིན། དགེ་འདུན་པ་རྣམས་ལ་ཕན་ཐུབ་གཏན་ནས་མེད།
ལྷ་མོས་གོང་དུ་འདེབས་པའི་མཆན་བུ་དེ་དང་ཨ་ནུས་བཤད་པའི་སྐད་ཆ་གཉིས་ལ་འབྲེལ་བ་ག་རེ་འདུག་འབྲེལ་བཤད་ཅིག་ཡིན་ད།
ཡོད་ཚད་ཤོར་ཟིན་པ་དང་བསྐྱལ་ཟིན་པས་ད་ནི་བྱམས་སྙིང་རྗེ་ཆེ་མདོག་གིས་སྤམ་རྫུ་བྱེད་རྒྱུ་ལས་ཅི་ཞིག་ལྷག་ཡོད། དྲང་བདེན་ལ་གཡོལ་འགྲོ་ལ་ངོ་དགའ་སྤྲེལ་ལད་ཀྱིས་མགོ་འབུལ་ལུས་འབུལ་ནི་མཆོག་གྱུར་རེད།
ཨ་ནུ་ཐང་ལ་བཀའ་དྲིན་ཆེ། འདི་ནས་དུས་རབས་ཀྱི་དྲི་བ་ཞིག་གི་སྒོ་འབྱེད་འདུག ལུང་རིགས་མྱོང་གསུམ་གྱི་ལམ་ནས་ལན་འདེབས་ཡོང་དགོས་པ་ལས་སྡིག་དམོད་ཀྱིས་མི་ཡོང་བས། ཆོས་པ་ཚོས་ཤུགས་རྒྱག་རན་འདུག
རྟོག་སད་གཟུར་གནས་པ་ཨ་ནུ་ལགས་ལ་བཀའ་དྲིན་ཆེ་ཞུ་གི་ཡོད། རྨོངས་པ་སད་པའི་གཏམ
མང་ཙམ་བྱུང་བ་འདི་རྟེན་འབྲེལ་རེད།
ཧ་ཧ་ཧ་ཧ་་་ད་དཀོན་མཆོག་གསུམ་་་ཁ་ཁར་འདུག་རོགས་་གད་མོ་རྐུབ་ནས་ཤོར་ཡོང་གིན་འདུག་་
སྒེར་གཅོད་པ་དག་གི་བསམ་བློའི་གཞི་རྩ་དེ་འདྲའི་ཐོག་ནས་བསླེབས་པ་གསལ་བོ་རེད། སྤྱིར་བཏང་རྒྱལ་ཁབ་འཛུགས་པ་ཞེས་བ་མི་བསོད་ཁྲག་སྤྱོར་ཁོ་ན་མ་ཡིན་པར། ནང་བཅུད་ཀྱི་ཤེས་རིག་དང། ཞི་འདེ། འདྲ་མཉམ་སོགས་ཀྱང་ཡིན་པས། སྒེར་གཅོད་པ་དག་ནི་འབྲེལ་ཐག་འདི་ལ་རྨོངས་ནས། ཁོ་ཚོ་ནི་དུས་དང་རྣམ་པ་ཀུན་ཏུ་འབངས་མི་དག་གིས་འཐད་མིན་དང་ཞེ་འདོད་ཡོད་མེད་ལ་མ་ལྟོས་བར། རང་ནི་དུས་དང་རྣམ་པ་ཀུན་དུ་ཆེས་མཐོ་པོ་དང། བཀའ་གཏོང་མཁན་དང། ཐམས་ཅད་ཤེས་མཁན། ཤི་གསོན་གྱི་དབང་ཆ་ཐམས་ཅད་ཁོའི་ལག་ཏུ་ཡོད་སྙམ་པ་དང། མི་དམངས་དག་ནི་བླུན་པོ་དང། ཆུ་སྣ་ཁར་ཁྲིད། བྱིས་བ་ལྟ་བུ་རེད་སྙམ་པའི་སེམས་ཀྱི་འཁྱེར་སྟངས་ཞིག་ཏན་ཏན་ཡོད་པ་རེད། ཁོ་ཚོས་མི་ཤེས་བ་ནི། ཁོ་ཚོའི་དབང་ཆ་ཐམས་ཅད་དོན་གྱི་ཡོང་ས་ནི་མི་དམངས་ཡིན་པ་དེ་མ་ཤེས་བ་དེ་རེད།
གཞན་དོན་དཔྱད་ན་གསལ་བོ་ཡིན་ན་ཡང་། །མར་མེ་རང་རྩར་གསལ་བ་ཤིན་ཏུ་དཀའ། །རང་དོན་འཕྱུག་པ་མེད་ན་མཁས་པ་ཡིན། །ཕན་པར་སྨྲ་བ་བླ་མ་ཡིན་ཡང་དཀོན།།
ད་ལྟ་ནུབ་ཕྱོགས་སུ་སླེབས་ཟིན་པའི་བོད་རིགས་དག་གིས་བོད་པར་བདག་པའི་ཁོར་ཡུག་ཅིག་བསྐྲུན་ཐུབ་ཡོད་དམ། ཡང་ན་ག་དུས་ཐུབ་པའི་ཚོད་དཔག་བྱ་དགོས་སམ། ལམ་ཐག་རིང་མོ་ཞིག་ཡིན་རྒྱུ་རེད་སེམས་ཀྱི་འདུག
གཙོ་བོ་དཔལ་འབྱོར་རང་ཚུགས་དང་། མིའི་བསམ་བློ་ཡར་རྒྱས། མི་རིགས་ཟེར་བར་ལ་ཞེན་སོགས་ལ་རགས་ལས་པས། གང་ལྟར་ང་ཚོ་གཉིད་ལས་སད་པའི་རེ་བའི་སྐྱ་རེངས་ཤིག་འཆར་བཞིན་འདྲ་བོ་མཐོང་བར་དགའ་བ་སྒོམ་བཞིན་ཡོད། ཨ་ནུས་ཡག་པོ་བྲིས་འདུག་དགའ་ཡོད། ཡང་མང་པོ་ཞིག་ནས་ནུབ་ཕྱོགས་པའི་ལྟ་གོམས་ཀྱི་ཤུགས་རྐྱེན་ངོ་མ་རེའང་བླངས་ཐུབ་ཀྱིན་དེ་ཡག་པོ་རེད་བསམས།
ཅེ་ཁེའི་སྲིང་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་བྱེད་བཞིན་ཡོད་པ་དང་། གོང་ས་ཏ་ལའི་བླ་མ་ཕོ་བྲང་དཀར་པོའི་ནང་དུ་ཕེབས་རྗེས་ཕྱི་ཉིན་ཨ་རི་ཕོ་བྲང་དཀར་པོའི་སྲིད་གཞུང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་བཞིན་མེད་ཟེར་ནས་བསྒྲགས་གཏམ་སྤེལ་པ། ༢༠༠༩་ལོར་དན་མ་རྒྱལ་ཁབ་ཀྱིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་བྱས་པའི་བསྒྲགས་གཏམ་སྤེལ་བ།
ཟླ་ཤས་གོང་དུ་སྲིད་འཛིན་ཞིང་ཅན་ཕིན་རྒྱ་གར་ལ་བསླེབས་སྐབས་སུ་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་དགོས་ན་རྒྱ་གར་གཅིག་གི་སྲིད་ཇུས་ལ་ཡང་ངོས་ལེན་བྱ་དགོས་ཟེར་མཁན་བྱུང་བ་རེད། རིང་ནས་བོད་མི་རིགས་ལ་རྒྱབ་སྐྱོར་གནང་བསྡད་མཁན་རྒྱལ་ཁབ་ཁག་གིས་བོད་རྒྱ་ཁུངས་དང་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་བྱས་དགོས་ཐུག་པ་འདི་རྒྱ་ནག་གི་རྩ་ནས་དཔའ་འབྱོར་གྱི་ཁེ་ཕན་དང་ཚོང་འབྲེལ་ཁོ་ན་མ་རེད་འདོད།
རྡ་སའི་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་ནས་བོད་རང་བཙན་བརྩད་ཀྱི་མེད། ཁ་བྲལ་བ་མིན། ཀྲུང་ཧྭ་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་རང་སྐྱོང་བྱ་འདོད་ཡོད། དེ་ལ་རྒྱབ་སྐྱོར་བྱེད་རོགས་བྱོས་ཟེར་ནས་ནུབ་ཕྱོགས་རྒྱལ་ཁབ་ལ་སྙན་ཞུ་ཕུལ་བསྡད་པ་རེད།
ཅེ་ཁེའི་སྲིད་གཞུང་གིས་ཡུན་རིང་ཨུ་ཚུགས་བརྒྱབ་ནས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་མ་གནང་ནས་བཞུགས་པ་རེད། རྒྱ་ནག་གི་ཕྱོགས་ནས་ཚོང་འབྲེལ་གྱི་ཁེ་ཕན་མ་རེག་པ་དང་། རྡ་སའི་ཕྱོགས་ནས་དབུ་མའི་ལམ་གྱི་ལངས་ཕྱོགས་དང་འགལ་འོང་དུས་ཅེ་ཁེའི་གཙོ་བོ་གྱུར་པའི་རྒྱལ་ཁབ་དེ་དག་གིས་རྒྱ་ནག་གཅིག་གིས་སྲིད་ཇུས་ལ་ངོས་ལེན་དང་བོད་རྒྱ་ཁུངས་ཡིན་པར་ཁས་ལེན་མི་གནང་དཀའ་མེད་ཆགས་སོང་བ་རེད་འདོད།
མ་གཏོགས་རྡ་ས་ནས་རང་ཚུགས་སྲ་ཐག་ཐག་ཟིན་ནས་བསྡད་ཡོད་ན་རྒྱལ་ཁབ་དེ་དག་གིས་ཚོང་འབྲེལ་གྱི་ཁེ་ཕན་ཁོ་ནའི་ཆེད་དུ་བོད་རྒྱ་ཁུངས་ཡིན་པར་ཁས་ལེན་གྱི་མ་རེད་ལ་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་བྱས་ཀྱི་མ་རེད་འདོད། ཚོང་འབྲེལ་ཟེར་བ་འདི་ནི་ཕྱོགས་ཀའི་ངོས་ནས་ཡོང་དགོས་པའི་རྟེན་འབྲེལ་ཞིག་ཡིན་སྟབས་ནུབ་ཕྱོགས་པ་ཚོས་རྒྱ་ནག་ལ་ཚོང་འབྲེལ་མ་བརྟེན་ཐབས་མེད་ཡིན་པ་བཞིན་རྒྱ་ནག་གིས་ཀྱང་ནུབ་ཕྱོགས་པ་མ་བརྟེན་ཐབས་མེད་རེད། རྟེན་འབྲེལ་རེད།
གལ་ཆེ་ཤོས་གྲྭ་བཙུན་རྣམས་ཀྱིས་རང་ཉིད་དགོན་བདག་དང་བླ་སྤྲུལ་ཚོའི་བྲན་གཡོག་ཡིན་པར་ངོ་ཤེས་བཅུག་དགོས་ཀྱི་འདི་གལ་ཆེན་རེད། ཡིན་ཀྱང་འདི་ངོ་ཤེས་ཁག་པོ་རེད། སྔོན་མ་དབྱིན་ཇུས་བ་ཚོས་རྒྱ་ནག་གོང་མ་ལ་ཁྱོད་ཀྱིས་ཕོ་བྲང་ནང་གི་ཉུག་རུམ་དེ་དག་བཅིངས་གྲོལ་གཏོང་དགོས་རེད། བྲན་གཡོག་བྱས་ན་ཡག་པོ་མ་རེད། ཁོ་ཚོ་ལ་རང་དབང་སྤྲོད་རེད་ཅེས་ལབ་པ་རེད།
སྐབས་དེར་དུས་ཉུག་རུམ་པ་ཁག་གཅིག་ངར་ནས་དབྱིན་ཇུས་དེ་དག་ལ་ཁྱོད་ཚོས་ཇུས་གཏོགས་བྱེད་དགོས་མ་རེད། ང་ཚོས་ཉུག་རུམ་བྱས་ས་རེག་པ་ནི་མི་ཚེ་དོན་ལྡན་དང་ཁྱིམ་ཚང་གི་གཟི་བརྗིད་ཡིན་ཞེས་བཤད་པ་རེད། གཏམ་འདི་ཡོང་ཁུངས་ལྷ་སྡེ་གནམ་ལོ་ཡག་ལགས་ཀྱི་རྩ་ནས་ཡིན།
དེ་བཞིན་བོད་པའི་ཆོས་ལུགས་པའི་བྲན་གཡོག་ཚོ་ལ་ཁྱོད་ཚོ་བྲན་གཡོག་ནས་བཅོངས་གྲོལ་གཏོང་དགོས་ཅེས་ལབ་ན་ཁོ་ཚོ་ཁོང་ཁྲོ་ཟ་འགྲོ་གི་རེད། ང་ཚོས་རྩ་བའི་བླ་མའི་བཀའ་སྒྲུབ་ཀྱི་བྱུང་བ་འདི་མི་ཚེ་དོན་ལྡན་དང་ཁྱིམ་ཚང་གི་གཟི་བརྗིད། འདི་ཕྱི་གཉིས་ལྡན་ཡིན་ཟེར་ནས་ངར་འོང་གི་རེད། ད་་་་གོ་བརྡ་ག་འདྲ་བྱེད་ན་འཕྲད་ཀྱི་རེད་དམ།
འགོ་བརྗོད་ཙམ་ལས་ཀློག་འདོད་མ་བྱུང་། བྱམས་པས་སྦྱིན་བདག་འཚོལ་བ་དང་། སྙིང་རྗེས་མི་སེར་སྤེལ་བ་རེད། ཨེ། ཨ་ནུ་ལགས།
རྐུབ་ནས་ཤོར་བ་དེ་དུག་རུལ་རེད་མ་གཏོགས་གད་མོ་ཤོར་བ་ཡིན་གྱི་མ་རེད། ལན་མི་ཐད་དུས་རྐུབ་ནས་དུག་རུལ་ཤོར་བར་འདྲ།་་་ཧཧཧ མཁས་དབང་ཨ་ནུ་ཐང་གི་རྣམ་དཔྱོད་ལ་འགྲན་ཟླ་ག་ལ་ནུས།
ད་ཡང་ནང་ཆོས་ལ་དགག་རྩོམ་ཞིག་སླེབས་འདུག །
གྲྭ་པ་དང་ནང་ཆོས་ལ་དགག་པ་རྒྱག་མཁན་མི་སྐྱ། སྐྱབས་བཅོལ་མཁན་མི་སྐྱ།
དེང་སང་བོད་མི་དམར་ཤོག་དང་ཆོས་མེད་རིང་ལུགས་པར་རློམ་པའི་ཁྲོད་དུ། ནང་ཆོས་ཀྱི་རིན་ཐང་དེར་སྨ་འབེབས་དང་སྙན་འདོགས་བྱེད་མཁན་འགའ་ཞིག་འདུག་ཀྱང་། དོན་དངོས་སུ་འཛམ་གླིང་ཕྱོགས་མཐའ་ཀུན་ཏུ་༸གོང་ས་མཆོག་གི་ཐུགས་རྗེ་གཟི་བརྗིད་དང་བོད་མི་རིགས་ཀྱི་དད་དམ་གཡོ་མེད་ཀྱིས་བོད་ཀྱི་ནང་ཆོས་དེ་ཉི་འོད་ལྟར་གསལ་ལྷམ་མེར་འཕྲོ་བཞིན་འདུག །ཁྱེད་རྣམ་པ་ཐུགས་འཁྲལ་དགོས་མི་འདུག །
གོང་གི་མཆན་པ་བསྟན་སྡང་མ་ཚོ་ལ་ཅིག་ལྟོས་དང་། ཁ་ནས་སྤོད་ཤོད་འདྲ་བཤད་པ་མ་གཏོགས། རྒྱ་གར་ལ་ཡོད་པའི་ཆོས་དད་མེད་པ་ཚོ་ནི། འཚོ་བ་ཆུ་རྐྱང་དང་འབྲས་རྐྱང་རོལ་ནས་འགྲོ་མཁན་རྐྱང་རྐྱང་རེད། གཞུང་ལ་ཁ་འདྲ་བཏང་། ཆོལ་ཁ་ལ་དཀྲུག་ཤིང་འདྲ་བྱས་ནས་ཉི་མ་འཁྱོལ་མཁན་རེད། འཇོན་ཐང་ནི་ཅི་གང་མི་འདུག།
དེ་ནས་ཕྱི་ཕྱོགས་དར་རྒྱས་ཅན་གྱི་རྒྱལ་ཁབ་ན་ཡོད་པའི་ཆོས་དད་མེད་པ་ཚོ་ནི། ཞིང་ས་ནང་གི་གཡོག་པོ་ལྡུམ་བུ་བཙུགས་མཁན། ཟ་ཁང་ནང་གི་གཡོག་པོ་ལྡུམ་བུ་གཙབ་མཁན། གཟའ་བོ་ཞ་བོ་ལ་གཡོག་རྒྱུག་མཁན། སྐྱག་ཁང་ཁྲུས་མཁན། གྱང་རྩི་རྒྱག་མཁན། ལས་ཀ་སྡུག་རུ་སྡུག་ཚད་ལ་འཇུས་ནས་འཚོ་བ་བཙལ་མཁན་རྐྱང་རེད། ལམ་ཁ་ནི་ཅི་གང་རག་མི་འདུག།
ད་གང་ལྟར་ཁྱེད་ཚོ་ཧེབ་རྐྱལ་ཏག་ཏག་རེད། སོ་སོ་ལ་ཡོང་སྒོ་ཆེན་པོ་མེད་དུས། མིག་སེར་རྒྱག་གི་ཡོད་པ་འདྲ།
བྱམས་སྙིང་རྗེ་གསུང་མཁན་འདི་ཚོ་བོད་མིའི་བླ་གྲྭ་རྣམ་པ་རེད། འཇིག་རྟེན་འདིའི་མི་ཚོགས་ཁྲོད་ན། མཐོང་དང་རྣམ་དཔྱོད་་འདྲ་འདྲའི་ནང་གི་འདྲ་དེ་ཚོ་རེད། མི་ལ་ཕན་བཏགས། རང་ལ་འབུལ་བ་འབྱོར་བ་རེད། ཁྲི་མཐོ་པོ་རེ་ན། མི་ལ་མར་འཁོར་ནས་བྱ་བ་ཕྱག་རྗེས་འཇོག་མཁན་ཚོ་རེད། བོད་རིགས་གཅིག་གིས་ས་རྒྱང་ཆོད་ན་ཡང་དགའ་ནི་ཡིན།
ཆོས་ལ་སྡང་མཁན་ཚོས། ནམ་ཡིན་ལ། བླ་གྲྭ་ཚོས། བོད་མིའི་ལག་པ་ནས་རྒྱུ་ནོར་འཕྲོག་རབས་དང་བོད་མིའི་དཔལ་འབྱོར་ལ་གྱོང་ཁ་སྤྲད་ཡོད་རབས་བཤད་ནས། སེམས་ཚབ་ཡོད་མདོག་མདོག་གི་རྫུན་གཡོ་བཤད་པ་རེད།
དེ་སང་ཡང་། རྒྱལ་ཁབ་གཞན་གྱི་སྟོབས་ལྡན་འབྱོར་ལྡན་ཚོ་བཀོག་གི་འདུག་ཟེར་ནས་ཕྱི་མི་ལ་བློ་དཀར་མདོག་གིས་ངུ་ཟུག་འཐེན་བཞིན་པ་རེད། དོན་དུ་ཁྱེད་ཚོའི་ལག་པ་སྟོང་བར་ལྷག་པ་ལ་སྡུག་གཏམ་ཤོད་མ་ཤེས་བ་ཙམ་ལས་གནས་ལུགས་ཞིག་གི་མགོ་ན་བཟུང་མེད་པ་ཇེ་གསལ་རེད།
གཞན་གྱི་འབུལ་ཟས་ལ་དཀོར་ཟས་མི་ཟེར། འབུལ་བ་འབུལ་མཁན་གྱིས་འབུལ་ཐུབ་ན། འབུལ་ཟས་ཟ་མཁན་གྱིས་ཟ་མ་ཆོག་པ་དང་ལེན་མ་ཆོག་དེ་འདྲ་ཅི་རེད། རོགས་སྐྱོར་འཚོལ་བ་དེ་ཡང་གནས་ལུགས་དང་ལྡན་པ་ཡོད། འཇིག་རྟེན་ཧྲིལ་བོ་འདི་གཅིག་ལ་གཅིག་ཁན་ཡིན། ཕན་ཚུན་ལ་རོགས་དངུལ་དང་རམ་འདེགས་བྱས་བ་ནི་ལམ་དང་ལས་ཡག་པོ་ཞིག་བྱེད་བཞིན་པ་རེད།
ད་རེས་ཡིན་ན་ཨ་ནུ་ཐང་ལགས་ཀྱི་རྩོམ་ཡིག་འདི་ལ་མགོ་ནས་མཇུག་པར་ཀླད་ཀོར་མ་གཏོགས་ཐོབ་ཀྱི་མི་འདུག འདི་ལྟར་བསམ་བློ་གཏོང་བ་ནི་དཔྱོད་ཤེས་ཀྱི་རིགས་པ་ཙམ་ཡང་མིན་པར་མ་ཟད། དགག་བྱ་དགག་ཚོད་མ་ཟིན་པར་དབུས་ནས་ཐལ་སོང་ཟེར་བའི་སྐད་ཆ་ཞིག་ཡོད་པ་དེ་ག་རང་རེད། ཨ་ནུ་ཐང་གི་བཤད་ཚོད་ལྟར་ན་དུས་རབས་ཉེར་གཅིག་པའི་འཛམ་གླིང་ཤེས་ཡོན་ཅན་གྱི་སྤྱི་ཚོགས་ནང་དགོས་མཁོ་ཆེས་ཆེ་པའི་བྱམས་སྙིང་རྗེ་དང་གཞན་ཕན་གྱི་བསམ་བློ་ལྟ་བུ་ལའང་རིན་ཐང་མེད་ཚུལ་ལས་འཕྲོས་ནས་གཡོ་སྒྱུ་ཕྲམ་གསུམ་འཛོམས་ན་ཁེ་བཟང་ཆེ་ཚུལ་དང་། མགོ་བདེ་དྲན་འཕྲུལ་བྱས་ན་ཡར་རྒྱས་འགྲོ་ཚུལ་སོགས་བཤད་སོང་། མདོར་དེད་ནས་བཤད་ན་ཁོང་གི་བསམ་ཚུལ་འདི་ནི་དམར་པོ་གཅིག་སྡུད་རང་ལུགས་ཀྱི་ལྟ་བའི་ཤུགས་རྐྱེན་ལས་བྱུང་བའི་སྐད་ཆ་རྙིང་བ་ཞིག་ཡིན་ལ། མར་ཁེ་སི་དང་སི་ཏ་ལིན་སོགས་ཀྱིས་བཤད་ཚར་བའི་ཡུ་རོབ་གླིང་གི་གསར་བརྗེའི་སྐབས་ཀྱི་འབོད་ཚིག་ཁག་སྐྱར་བཤད་དང་འོར་བཤད་ལད་ཟློས་ཙམ་ལས་མ་འདས།
མིའི་ཀླད་པ་དེ་ག་དུས་ཚད་དང་ལྡན་པའི་ཐོག་ནས་ལས་ཀ་བྱེད་ཐུབ་ཟེར་ན། ལྟོ་གོས་གཏམ་གསུམ་ལས་དང་པོ་དང་གཉིས་པ་འབྱོར་བའི་དུས་སུ་ལས་ཀ་བྱེད་ཐུབ། དེ་ནས་དྲང་བདེན་སོགས་སྐད་ཆ་རྫིག་པོ་དེ་ཚོ་དང་མཐར་ཐུག་བྱམས་སྙིང་གི་འཁོར་ཡུག་གི་དགོས་མཁོ་དང་རིན་ཐང་མཐོང་ཐུབ། སྟབས་མ་ལེགས་པ་ཞིག་ལ་དེ་དག་རིམ་ཅན་ཡིན་པ་ལས་ཅིག་ཆར་མིན་སྟབས། འོན་ཀྱང་བོད་པ་སོགས་དཔལ་འབྱོར་རྗེས་ལུས་ཀྱི་མི་རིགས་འདི་ཚོ་ལ་མཚོན་ན་བྱམས་སྙིང་སོགས་བློ་ཡུལ་ལ་གཤོང་དཀའ་བའི་སྐད་ཆ་འདི་ཚོའི་དྲོ་བ་མྱོང་མི་ཐུབ་པ་གསལ་པོ་རེད། ཁག་མེད།
མགོ་བདེ་དྲན་འཕྲུལ་ཡོད་ན་ཁེ་བཟང་ཐོབ་ཚུལ་ཞེས་བ་ནི་མཆན་པ་ཁག་ཅིག་གི་མ་དག་པའི་གོ་བ་ལེན་ཕྱོགས་ལས། རྩོམ་ཡིག་གི་བརྗོད་སྙིང་ནི་དྲང་བདེན་ནི་བྱམས་བརྩེ་དང་སྙིང་རྗེ་ལས་ཀྱང་གལ་ཆེ་ཚུལ་སྐོོར་ཡིན། དེ་ལྟར་ཡིན་པ་རིག་པ་དང་ལོ་རྒྱུས། དངོས་ཡོད་བཅས་ཀྱིས་བསྒྲུབས་ཡོད་པས། སྒྲུབ་བྱེད་ཀྱི་ལོ་རྒྱུས་དང་རིག་པ་དེ་དག་དོན་དངོས་མ་རེད་སྙམ་ན། མིན་པའི་སྒྲུབ་བྱེད་ཡང་དག་བཀོད་དགོས་བ་ལས། ངན་དམོད་བྱས་བས་ཕན་ཐོགས་མེད། རྩོམ་ཡིག་འདིའི་དགག་པ་ཡོད་སའི་ལྟེ་བ་གཅིག་ནི་བྱམས་བརྩེ་ཡི་ལག་ཆ་བྱས་ནས་མང་ཚོགས་གཡོ་འགུག་བྱེད་ཚུལ་དང་། དེ་ལྟར་བྱས་ནས་བྱམས་སེམས་ཅན་གྱི་མི་རིགས་ཤིག་བསྐྲུན་ཐུབ་ཀྱང་དེས་མི་རིགས་དེ་ལ་ཕྱིའི་བཙན་འཛུལ་བསུ་ཞིང་། ནང་དུ་མི་ངན་སྐྱག་ལང་བཏང་བས་འཇུག་འབྲས་ཡག་པོ་ཞིག་མེད་ཚུལ་སྐོར་རེད།
བྱམས་བརྩེ་ལས་བརྒལ་བའི་དྲང་བདེན་ཞིག་བཤད་གི་ཡོད་པ་འདྲ། ཆོས་དང་རིག་གཞུང་མི་དགོས་ན་གང་དགའ་གང་སྐྱིད་བྱེད་ན་འགྲིག་གི་མོ། དྲང་བདེན་ཡིན་མིན་བརྩད་ནས་ཕན་ཐོགས་ཅི་ཡོད། བཟང་པོ་བཟང་པོར་མི་ཤེས་བ་དང་ངན་པ་ངན་པར་མི་ཤེས་པ་དྲང་བདེན་གྱིས་ཕོངས་བའི་མིའི་འདིའི་རིགས་ཀྱིས་དྲང་བདེན་ཁ་ནས་བཤད་པ་ཙམ་རེད། དོན་དུ་སྡུག་ལ་ཐུག་དུས་རང་གི་ཡབ་མེས་ལ་དྲིན་ལན་ལོག་འཇལ་དང་ཨ་ཕའི་མགོ་ལ་སྟ་རེ་འཕྱར་མཁན་དག་རེད་འདོད།
འདི་ལ་གནད་འགག་འདུག དོན་དངོས་ཀྱི་དྲང་བདེན་ནི་གནད་དོན་གང་ལས་ཀྱང་གལ་ཆེ། ངལ་སྲིད་བརྒྱལ་བྱས་སྙིང་རྗེ་ཟེར་བའི་གལ་བོ་་ཆེ་དེ་ཚོ་ཡང་དྲང་བདེན་དང་གནས་ལུགས་ཀྱི་ཟིན་པའི་ཐོག་ནས་ཡོང་དགོས་རྒྱུ་དེ་གལ་ཆེན་པོ་རེད། འདི་ལ་ཆོས་སྐད་ལྟ་བུར་ཤེས་རབ་ཀྱིས་ཟིན་པའི་བྱམས་སྙིང་རྗེ་ཡང་ཟེར།
ཨ་ནུ་ཐང་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ། མུ་མཐུད་དུ་འདི་ལྟ་བུ་མང་ཙམ་འབྲི་རོགས་ཞུ། གནད་དོན་འདི་བོད་ནང་དུ་གླེང་ནས་མི་ལོ་སུམ་བཅུ་ལྷག་འགྲོ་ཚར་རེད། བཙན་བྱོལ་ད་དུང་འགོ་འབུས་ཙམ་རེད། མུ་མཐུད་དུ་ཡིན་་ད།
དཔེར་ན། ཞག་གསུམ་ལོན་ན་ཨ་བ་བསད་ཀྱང་བརྗེད། །ནོར་རྫས་བསྟན་ནས་ཨ་མའི་སྐེ་ཡང་ལེན། །གལ་ལ་ཐུག་ན་བླ་མའི་དབུ་ཡང་སྐོར། འདོད་པ་ཡོད་ན་རང་གི་བུ་ཡང་བཙོང་། །ཞེས་པ་ལྟ་བུའི་མི་ངན་གྱི་བྱ་སྤྱོད་ལ་དྲང་བདེན་ཞིག་ཡོད་དམ། དོན་དངོས་ཀྱི་དྲང་བདེན་ནི་བྱམས་བརྩེའི་ཚོར་བ་ལས་འབྱུང་དགོས།
བྱམས་སེམས་ནི་དྲང་བདེན་མ་རེད། རང་གི་ཞེན་འདོད་ལ་མཐུན་ཕྱོགས་ཀྱིས་སྐྱོད་མཁན་གྱི་ཕྱོགས་རིས་པ་ཞིག་རེད། ཉེས་ཅན་ལ་གུ་ཡང་བཏང་ན་སྙིང་རྗེ་དང་བྱམས་སེམས་རེད། འོན་ཀྱང་། དྲང་བདེན་མ་རེད།
xxxxཨ་ནུ་ཐང་བསོད་ནམས་དང་། དེའི་རྗེས་འབྲང་ཚོ་ཉོན།
བཙན་བྱོལ་ནང་དགོན་སྡེ་ཁག་གིས་ད་བར་རང་ཁ་རང་གསོ་གནང་བ་ལས། སློབ་གྲྭ་ཁག་བཞིན་བོད་མིའི་སྒྲིག་འཛུགས་སུ་དཔལ་འབྱོར་གྱི་རྒྱབ་བཅོལ་མེད་པ། མ་ཟད་བོད་དོན་འཐབ་རྩོད་པའི་ལས་འགུལ་དང་། བསྟན་སྲིད་ཞབས་རིམས་སོགས་ལ་མཐུན་གྱུར་ཤུགས་ཆེ་གནང་བཞིན་པ་རེད། དེའི་རྐྱེན་པའི་མི་མང་ནང་དངོས་ཤུགས་རྒྱུད་གསུམ་ནས་ཕན་ཐོགས་བཞིན་ཡོད།
ད་དུང་དགོན་སྡེ་ཁག་ནང་བོད་ནས་གསར་འབྱོར་བ་འབོར་ཆེན་ཞིག་དང་། རྒྱ་བལ་འབྲུག་གསུམ་ནང་ཚར་ལོངས་བྱེད་པའི་ཉམས་ཐག་པ་མང་པོ། དེ་མིན་མང་པོ་ཞིག་ལ་ཞུགས་གནས་དང་། ཟས་གོས་མལ་ཆ། སློབ་གཉེར་གྱི་ཆ་རྐྱེན། སྨན་བཅོས་སོགས་རིན་མེད་འོག་བལྟ་སྐྱོངས་གནང་བཞིན་ཡོད་པ་ཁྱེད་ཚོའི་མི་ཚོར་རམ། གང་ལྟར་དད་རྫས་འཕྲོ་བརླག་མེད་པར་མིག་སྨན་མིག་ཐོག་ལ་ཕན་བཞིན་ཡོད་པ་ཤེས་པར་བྱོས།
ད་བར་བོད་ཀྱི་རིག་གཞུང་། སྐད་ཡིག་སོགས་བསྲུང་སྐྱོབས་ཀྱི་གནང་སའི་གཏེ་གནས་དགོན་སྡེ་ཁག་ཡིན་ན། ཁྱེད་ཚོར་ད་ཅི་ཞིག་མ་སྒྲིགས་པ་རེད། ཕྲག་དོག་གི་སྨྱོ་ཆུ་ཁོལ་བ་རེད་དམ། ཡང་ན་ཁྱེད་ཚོའི་འདོད་པ་མ་ཁེངས་པ་ཡིན་ནམ།
གཉིས་ནས་དགོན་སྡེ་སྤྱིའི་བྱ་སྤྱོད་དང་། བླ་བྲང་སྒེར་འགའ་རེ་སོགས་ཀྱི་བྱ་སྤྱོད་གཉིས་ཀྱི་མཉམ་བསྲེས་ན་བཟང་།
མཆན་ཨང་ ༢༥ ༼གནད་དོན་འདི་བོད་ནང་དུ་གླེང་ནས་མི་ལོ་སུམ་བཅུ་ལྷག་འགྲོ་ཚར་རེད། བཙན་བྱོལ་ད་དུང་འགོ་འབུས་ཙམ་རེད། མུ་མཐུད་དུ་ཡིན་་ད། ༽ཟེར་བྲིས་འདུག །
ཁོ་བོའི་བསམ་པར། བོད་ནང་གི་དམར་ཤོག་རིང་ལུགས་པའི་ལྟ་བས་སྒྱུར་བའི་བོད་མི་རིགས་ཀྱི་བྱ་སྤྱོད་རིགས་བཙན་བྱོལ་བའི་བོད་མིའི་ཁྲོད་དུ་མ་སྤེལ་ན་ལེགས། བཙན་བྱོལ་ནང་ལ་བོད་རིགས་ཉུང་ཉུང་ལས་མེད་མོད། ཆོས་དད་ཡག་ཐག་ཆོད་ཡོད། ཆོས་མི་དགོས་ཟེར་མཁན་རིགས་རྣམས་གསོན་པའི་སྐབས་སུ་སྦོར་གཤོབ་ལུང་པ་གང་བཤད་ཀྱང་། འདས་སྐབས་སུ་སྐྱབས་བཅོལ་ནང་ཆོས་ལ་བཅོལ་རྒྱུ་རེད། གྲྭ་པའི་བདེ་ཆེན་སྨོན་ལམ་འདོན་པའི་རེ་སྒུག་བྱེད་རྒྱུ་རེད།
དགོན་པ་ཁག་གིས་མི་མང་ལ་ཅུང་ཙམ་སྐྱོབ་གསོ་གནང་འགོ་ཚུགས་པ་ནི་སྔོན་ཆད་ལ་ལྟོས་ན་ཡར་རྒྱས་ཀྱི་རྣམ་པ་ཡིན་ཡང་། དེ་དག་ཁོང་ཚོས་མི་མང་ལས་འཁྱེར་ཡོང་བ། ཚུར་མི་མང་ལ་བཏང་བའི་ཆ་ཤས་ཆེས་ཆུང་ངུ་ཞིག་རེད། གལ་སྲིད་གྲྭ་བ་དེ་དག་མི་རིགས་གཞན་ལྟར་ཚད་ལྡན་གྱི་ལས་ཀ་བྱེད་མཁན་ཡིན་ན། དེས་བོད་ཀྱི་མ་འོངས་བ་ལ་ཕན་ག་འདྲ་ཞིག་མི་ཐོབ་བམ། མི་རྒྱུ་གཉིས་ཀྱིས་ཕན་ཐོགས་བླ་མེད་དུ་ཐོབ་ངེས་རེད། དེ་ལྟར་མིན་པ་ཚེ་གང་གི་འཚོ་བ་གཞན་རྟེན་ཡིན་ཚེ། བོད་དང་འཛམ་གླིང་གི་ལས་ཀ་གཉེར་མཁན་ཚོས་ཚེ་གང་གསོ་དགོས་བས་དཀའ་ངལ་རེད། སློབ་ཚོ་ཕ་མ་དང་གཞུང་གིས་གསོ་དགོས་ཀྱང་། ཕྱིས་སུ་ཁོང་ཚོ་ལས་ཀ་བྱེད་མཁན་དུ་གྱུར་ནས་བུ་བོན་འཇལ་ངེས་རེད། འོན་ཀྱང་། གྲྭ་བ་ཚོ་ཚེ་གང་གཞན་གྱིས་གསོ་དགོས་བས། གྲྭ་བ་ལ་གཞན་རྟེན་གྱི་སྡུག་ངལ་དང་། གསོ་མཁན་ལ་ཚེ་གང་རོགས་རམ་བྱེད་དགོས་བའི་དཀའ་ངལ
རེད།
གྲྭ་པས་བདེ་ཆེན་སྨོན་ལམ་བཏོན་ནས་བདེ་ཆེན་ཞིང་དུ་དྲངས་པ་མཐོང་མྱོང་འདྲ་ཨེ་ཡོད། ཆོས་རྒྱལ་རང་མགོ་མ་ཐོན་སྲིད་པའི་བྱ་ར་ཟེར་སྲོལ་ཞིག་ཡོད་པ་རེད། མ་གཞི་བདག་ཉིད་བདག་གི་མགོན་ཡིན་ཏེས་ཞེས་གསུངས་ཡོད་པ་མ་རེད་པས།
རིག་པའི་བུས་གསུངས་པ་དེ་དེ་བཞིན་ནོ།
འཇམ་པའི་དབྱངས་ཀྱི་སྤྲུལ་པའི་སྐུ་མན་ཇུ་གོང་མ་ཆེན་པོས་སྲིད་དབང་འཛིན་སྐབས་སུ་རྒྱ་ནག་དཔལ་འབྱོར་སྐྱོ་པོ་ཡིན་པར་མ་ཟད་ཐད་ཝན་་་་་འཇར་པན་གྱིས་ཟས། ཧོང་ཀོང་དབྱིན་ཇུས་ཀྱིས་ཟས། མ་ཁོལ་་་ཕིང་ཁྲོ་གྷ་ཡིས་ཟས།
གོང་མ་འཇམ་དབྱངས་ཆེན་པོའི་བློན་པོ་རྣམས་ཀྱིས་ལྐོག་ས་རུལ་སུངས་བྱས། ཡུལ་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད། ཞིང་པས་གྱེན་ལོག་བྱས། སུན་ཀྲུང་ཧྲན་གྱིས་མགོ་འཁྲིད་པའི་གསར་བརྗེ་ཚོགས་པས་གོ་མིང་ཏང༌།གྱེན་ལངས་ཀྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་དང༌། གྱེན་ལངས་ཕམ་ཉེས་ཐེངས་བཅུ་བྱུང་བའི་རྗེས་ཀྱི་སྤྱི་ལོ་༡༩༡༢ ཟླ་༡ ནང༌། ཀྲུང་ཧྭ་མི་སེར་རྒྱལ་ཁབ་དངོས་སུ་བཙུགས།
སྤྱི་ལོ་༡༩༡༢་ནས་༡༩༤༩་བར་གོ་མིང་ཏང་གིས་སྲིད་དབང་འཛིན། རྒྱ་ནག་གི་དཔལ་འབྱོར་ཧང་ཅང་སྐྱོ་པོ་ཡོད། དེ་ནས་དམར་ཕྱོགས་མའོ་བསླེབས། མའོ་ཡིས་བཟོ་ཞིང་མཉམ་འབྲེལ་གྱི་ཐོག་ནས་ཀྲུང་གོ་ཕྱུག་བཟོ་གི་ཡིན་ཟེར་ནས་ཆ་གཞི་ཡོད་པ་ལྟར་ལག་ལེན་བྱས། དེང་སང་ཀྲུང་གོ་འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པའི་ནང་དུ་བསླེབས་བཅུག་མཁན་དམར་ཕྱོགས་པ་རེད།
བོད་ཀྱི་དཔའ་འབྱོར་ཡར་རྒྱུས་གཏོང་དགོས་ན་དམར་ཕྱོགས་པ་མའོ་ལ་མིག་དཔེ་བལྟ་ཆོག་པའི་རྒྱུ་མཚན་ཡོད། དམར་ཕྱོགས་པས་བྱས་ཚོད་ཐམས་ཅད་སྡུག་སྐྱ་མིན། དམར་ཕྱོགས་པས་ཀྲུང་གོ་འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པའི་ནང་དུ་བསྐྱེལ་བཞག་པ་རེད། དམར་ཕྱོགས་པ་ལ་མ་དགའ་ནའང་དོན་དངོས་ཁས་ལེན་དགོས་རེད།
ངས་ངོས་ནས་མའོ་ཡི་མཚན་ཉིད་རིག་པའི་གསུང་རྩོམ་བཀླགས་དུས་ངའི་སེམས་ལ་ཧང་སང་དགོས་པའི་གནད་དོན་ཞིག་བསླེབས་ཡོང་བ་ནི་་་མའོ་ཡིས་མི་༦༠་ཡི་གོང་དུ་བཟོ་ཞིང་མཉམ་་འབྲེལ་བྱས་ནས་ཀྲུང་གོའི་དཔལ་འབྱོར་ཡར་རྒྱས་བཏང་གི་ཡིན་ཞེས་བཤད་འདུག མའོ་ཤི་ཚར་སོང་། ཀྲུང་གོའི་དཔལ་འབྱོར་འཛམ་གླིང་གི་ཨང་གཉིས་པའི་ནང་དུ་བསླེབས་བསྡད་འདུག མ་འོངས་པ་ཨང་དང་པོར་ཆགས་མི་སྲིད་པ་ཡང་མ་རེད།
མའོ་ཟེར་བའི་མི་དེ་ཕུགས་རྒྱང་རིང་པོར་མཐོང་ཐུབ་མཁན་གྱི་སྐྱེ་བོ་ཞིག་རེད་འདུག ང་ཚོའི་བོད་ཀྱི་ཐམས་ཅད་མཁྱེན་པ་ཚོས་ལོ་རྗེས་མ་ག་རེ་ཆགས་ཡོང་མིན་ཡང་ཡག་པོ་ཞིག་ཤེས་ཀིན་མི་འདུག ཕུགས་རྒྱང་རིང་པོར་མཐོང་རྒྱ་མེད་ནས་ལས་མཐའ་འདི་ལ་ཐུག་བསྡད་ཡོད་པར་ཤེས་དགོས་ཀྱི་གལ་ཆེན་རེད།
མའོ་ཡིས་མི་ལོ་༦༠་ཡི་གོང་དུ་བཟོ་ཞིང་མཉམ་་འབྲེལ་བྱས་ནས་ཀྲུང་གོའི་དཔལ་འབྱོར་ཡར་རྒྱས་བཏང་གི་ཡིན་ཞེས་བཤད་འདུག་་་་ཞེས་བཅོས་རོགས་
བོད་པའི་ཐམས་ཅད་མཁྱེན་པ་དང་ཚད་མའི་སྐྱེ་བོ་ཚོས་བོད་མི་རིགས་ཀྱི་དཔལ་འབྱོར་ཡར་རྒྱས་ག་འདྲ་བྱ་ནས་གཏོང་བརྩིས་ཡོད་དམ། བོད་མི་རིགས་མགོ་ཤིག་ཙ་རེ། རྐུབ་སྐྱག་པ་ཙ་རེ། མི་ཚེ་གང་པོ་ལ་ལུས་ཁྲུས་སའི་ཁྲུས་ཁང་ཞིག་གི་ཆ་རྐྱེན་ཙམ་ཡང་དེང་རབས་༢༡་ནང་དུ་མེད་དུས་སྐྱབས་གནས་དམ་པ་ཁྱོད་ཚོ་ལ་སེམས་ཕམ་འདྲ་ཡོང་གི་མི་འདུག་གམ། སྙིང་འདྲ་རྗེ་ཡི་མི་འདུག་གམ། བོད་མི་རིགས་ཡང་མི་རེད་ད། དུད་འགྲོ་མ་རེད་ད།
འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འདི་ཆབ་སྲིད་ཀྱི་ལམ་ལུགས་ཡང་དག་པ་ཞིག་གིས་སྐྱོང་རྒྱུ་གལ་ཆེར་འཛིན་པའི་སྲིད་དོན་ཚན་རིག་སྨྲ་བ་ཞིག་ལ་མཚོན་ན་འདི་ནི་ཆེས་རྨང་གཞིའི་འགྱེད་ས་ནས་ལང་ཐུབ་པའི་བསམ་བློའི་རྟོགས་སད་ཤིག་ཡིན་ལ་དངོས་ཡོད་བདེན་དོན་ཞིག་ཡིན་པར་ཁས་ཆེས་ཆོག ད་ཐེངས་ཨ་ནི་ཐང་བུ་རྒོད་པས་བདེན་དོན་གྱི་སྨྱུག་རྩལ་འཁྱུག་ཐེངས་གཅིག་གིས་རུལ་སུངས་སུ་གྱུར་བའི་ལམ་ལུགས་ཀྱི་རྩ་བ་བསྔོགས་འདུག
བྱམས་སྙིང་རྗེ་ཁ་ལ་ཐོགས་མཁན་ཚོ་ནི་དོན་གྱིས་རང་གི་མཚན་སྙན་དང་རྒྱུ་ནོར་དབང་ཤུགས་སོགས་རང་དོན་འབའ་ཞིག་དོན་གཉེར་མཁན་གྱི་སྲིད་དོན་པ་རྐྱང་ཡིན། དེ་དག་ལ་བྱམས་སྙིང་རྗེ་སོགས་ཁ་ནས་བཤད་རྒྱུ་ལས་ལག་ལེན་བསྟར་རྒྱུ་མེད་ལ་གལ་སྲིད་རེ་ཟུང་མཐོང་རྒྱུ་ཡོད་ཀྱང་དེལའང་སྲིད་དོན་ཞིག་འདྲེས་ཡོད། དྲང་བདེན་ཟེར་བ་དེ་དག་ལ་འགྲོ་ས་མེད། རང་གི་ཁེ་ཕན་དང་དམིགས་ཡུལ་དང་མི་མཐུན་པར་ལངས་པ་དང་རང་གི་ཁ་རྗེ་དབང་ཐང་ལ་གནོད་པ་མཐོང་ན་བྱམས་སྙིང་རྗེ་ཟེར་བ་དེ་ཚོ་རི་བོང་གི་རྭ་རེད། དེ་དག་གི་ལས་འགན་གཙོ་བོ་ཁ་ནས་བྱམས་སྙིང་རྗེ་གྱེར་ནས་རྗེས་འབྲངས་པ་གང་མང་མང་སྐྱོ་སྣང་རིང་ལུགས་པ་དང་མགོ་འདོགས་རིང་ལུགས་པར་བསྒྱུར་ཅིང་གོ་སྐབས་བཟུང་ནས་ཅི་འདོད་དུ་སྒེར་གཅོད་བྱེད་རྒྱུ་དེ་རེད། སུ་ཞིག་རང་ཉིད་ཀྱི་ལུགས་དང་འགལ་ཚེ་བྱམས་སྙིང་རྗེ་ཟེར་བ་ཕར་ཟད་ཐ་ན་དེ་དག་ལ་དྲང་བདེན་ཙམ་བཤད་སའང་མེད། འགག་རྩར་ཐུག་དུས་ཆོས་ལུགས་གཞན་དང་བརྒྱུད་པ་གཞན་ལ་དག་སྣང་སོགས་ཀྱང་ཁ་བཤད་ཆུ་ཡི་ཝུ་བ་ལྟར་ཡིན། གང་ལྟར་ཨ་ནུ་ཐང་བས་བོད་མི་རིགས་འདིའི་ལས་དབང་དང་འབྱུང་འགྱུར་ལ་བསམས་ནས་རྩོམ་ཡག་པོ་ཞིག་བྲིས་འདུག་མོད་ནམ་ཡང་སྐྱོ་སྣང་དང་མགོ་འདོགས་ལ་གོམས་པའི་མི་རིགས་འདི་ད་དུང་རྨོངས་གཉིད་ལས་སད་རྒྱུ་དཀའ་མོར་གདའ།
ཆོས་མེད་དད་མེད་གཉིས་འཚོག་ན། ཉིན་ཁའི་ཁ་བརྡ་རང་ཡིན་ནོ་གསུངས་སྲོལ་ཡོད་རེད། ཆོས་མེད་ཏང་མེད་གཉིས་འཚོག་ན་ལམ་ཡིག་ལ་སྒུག་སྤྱད་རང་ཡིན་འདྲ། གཡའ་དག་པའི་མེས་པོ་དང་མེས་མོ་རྣམས་བསད་པའི་རྗེས་སུ། གུང་ཏང་གིས་འདི་འདྲས་སྐྱག་ཕྲུག་རྐྱང་གསོས་ཡོང་རྒྱུ་ལ་ཨང་། ངས་ཁྱེད་ཚོར་འདྲི་ལན་ལས་མ་གཡོལ་རོགས།
༧ཕན་ཆེན་སྐུ་འཕྲེང་བཅུ་བས་མཛེས་པའི་སྐྱེས་སྨན་དང་གཅེས་པའི་བུ་ཕྲུག་གཉིས་བཞག་ནས་རང་གི་ཁྱིམ་ཚང་གི་ཆེད་དུ་ཕྱིན་སོང་བ་ཡིན་ནམ།
དགྲ་བོ་མགོ་འཕངས་མཐོ་ན་བུ་ཕྲུག་ཕ་ལ་སྡང་བའི་གཤིས་འདི་འདྲ།
ཨ་ར་དཀར་པོའི་མཆན་བུ་ལ་བལྟས་ནས་དགའ་པོ་བྱུང་། ཁ་སྤུ་དཀར་པོ་ཆགས་ཚར་མཁན་མི་ཞིག་གིས་རྨོངས་དད་ཀྱི་ཞྭ་མོ་ཕུད་ནས་བཀའ་མོས་དེ་འདྲ་གསུངས་ཡག་བྱུང་ཞུ་རྒྱུ་ཡིན། ངའི་སེམས་ལ་རེ་བ་ཞིག་བསླེབས་བྱུང་། བོད་མི་རིགས་རྨོངས་གཉིད་ལས་སད་པའི་རེ་བ་ཞིག་བསླེབས་བྱུང་།
བླ་མ་བླ་ཆེན་ཁོང་ལྟ་བུའི་ཁྱིམ་ཚང་ཙམ་མ་ཟད་བུ་ཕྲུག་སུམ་ཅུ་དང་བཞི་ཅུ་གསོས་ཡོད་ན་སྙམ་ནས་མི་རྣམས་ཀྱི་ཕོངས་སེམས་བྱེད་ཀྱི་ཡོད་རེད། ཐབས་ཇུས་དང་བློ་གྲོས་ཡོད་ན་དགྲའི་བུ་ཡང་རང་གི་རེད། ཐབས་ཇུས་དང་བློ་གྲོས་མེད་ན་རང་གི་བུ་ཡང་གཞན་གྱི་ཡིན། ཁྱེད་ཚོས་ཁྱོད་ཚོར་བསམ་བློ་ཐོངས་དང་བུ་ཅི་ཙམ་གསོས་ཡོད། ལན་ལས་མ་གཡོལ་རོགས།
དགོན་བདག་སུས་དགོན་པར་མཁས་པ་དང་བློ་གྲོས་ཅན་མ་བྱུང་ན་བསམ་གྱིན་ཡོད། ཁྱེད་ཚོས་བུ་གསོས་དང་སུ་ལ་དབང་གི་འདུག་གམ། ཨ་རྒྱ་གཉིས་ཀྱིས་གཡོགས་པོར་ནི་གསོ་མདོག་ཁ་པོར་མ་རེད། ཡུ་ཡོབ་ཀྱི་གཡོག་པོར་ནི་གསོ་མདོག་མ་རེད།
གང་གི་ཆེད་དུ་བོད་དྲི་བྲོ་བ་དང་བོད་ཚུགས་ཡོད་པ་ཞིག་བཟོ་འདོད་པ་མ་ཡིན་ནམ།
ཁྱེད་ཚོ་བསམ་བློ་བའམ། སྐྱོན་བརྗོད་པ་ཚོས་དུས་ནམ་ཡང་ཕྱོགས་སུ་ལྷུང་བའི་སྐྱོན་བརྗོད་རྐྱང་མ་གཏོགས་མེད་པ་དེར་ཡར་རྒྱས་ཞིག་དགོས་ངེས། སྐྱོན་བརྗོད་སྐབས་གང་ཞིག་ལ་ཕོག་ཐུག་སོང་བ་ཁོ་ན་ལས་སྤྲོས་པའི་དགེ་ཚན་ཞིག་མ་མཐོང་། མཐའ་ན་བློ་ཟུར་བོར་གནས་པའི་ཉེས་ཅན་པས། དེ་བདེན་པ་རེད་སྙམ་པའི་བསམ་བློ་སྦྱིན་ཐུབ་པ་དགོས།
དེ་ལྟར་མི་ཡོང་བའི་རྐྱེན་རྩ་གཅིག་ནི་སྐྱོན་མ་བརྗོད་གོང་ཞིབ་ཚགས་པོའི་བརྟག་དཔྱད་མེད་པའི་ལན། སུ་ལ་སྐྱོན་བརྗོད་དགོས་མིན་མ་ཤེས་པའི་ལན་པ་རེད།
འགྱེལ་ས་ནས་ལངས་ཐུབ་པ་དང་བཙུགས་ས་ནས་སྐྱེས་ཐུབ་པ་ནི་ཆོས་དད་པ་མ་གཏོགས་གང་ན་ཡང་བྱུང་མི་འདུག ། མཛེས་མ་མ་གཏོགས་མྱི་ངོ་མི་ཤེས། བོད་ཀྱི་མ་འོངས་བའི་ཕུགས་འདུན་ལ་བསམ་བློ་གཏོང་མི་ཤེས། ཆོས་ལུགས་ལ་རྒོལ་བ་དག་ནི་དོན་གྱིས་ཆེས་བདུག་རྩུབ་ཅན་དང། མུན་ནག། ཆེས་ཀླ་ཀློའི་སྒེར་གཅོད་པ་ལ་རྒྱབ་གཉེར་བྱ་མཁན་ཞིག་དང། དམངས་གཙོ་ལ་ངོ་རྒོལ་བྱ་མཁན། ཆབ་སྲིད་ཀྱི་འགྲོ་སྟངས་ཏིལ་འབྲུ་ཙམ་ཡང་མི་ཤེས་བའི་མཚོན་རྟགས་ཕྱི་ལ་ངོམ་པ་ཙམ་རེད། བོད་ཀྱི་རྙིང་གཏོར་གསར་བརྗེ་བ་དག་གིས་འདིའི་སྐོར་ཟུར་ཙམ་ཀྱང་གོ་མི་འདུག ཁ་ནས་དྲང་བདེན་རྩོད། ལག་ལེན་གང་ཡང་མེད། ཐམས་ཅད་མཁྱེན་པས་མ་ཤེས་བ་རང་གིས་ཤེས་ཡོད་སྙམ་པའི་རང་རློམ་རང་ཤེད་ཅན་འདི་ཚོ་ལ་ཡིད་བརྟན་ཅི་ཡོད།
གོང་གི་རྩོམ་ཡིག་འདིའི་ནང་དུ་བྱ་བ་ཅི་ཞིག་སྒྲུབ་ཅིང་དྲང་བདེན་གྱི་ལམ་ནས་ཐག་གཅོད་བྱེད་དགོས་པ་དང་། གནད་དོན་གང་ཞིག་ལ་འཕྲད་ཅིང་དྲང་བདེན་གྱི་རྒྱ་མར་བཞག་ན་ད་གཟོད་རང་ལ་གནོད་པ་བྱེད་མཁན་དང་མགོ་སྐོར་གཏོང་མཁན་སོགས་དགྲ་གཉེན་གྱི་དབྱེ་བ་ངེས་ཟིན་སླ་ཞིང་ངན་པ་ལང་ཤོར་དུ་མི་འགྲོ་བའི་ཐབས་ལམ་ཡོད་ཚུལ་བཤད་འདུག ཕར་ལྟོས་ཚོད་ཀྱིས་སྐད་ཆ་དུམ་བུ་འདི་དག་ནི་རྣ་བར་སྙན་ཞིང་ཡིད་དུ་འཐད་པའི་ངག་ཚིག་འབའ་ཞིག་གོ ཡིན་ཡང་། རྩོམ་ཡིག་འདི་ཀློག་མཁན་ཞིག་ཡིན་ཕྱིན་ཚིག་དུམ་འདི་ཙམ་གྱི་ངོ་གདོང་ལ་འཇུས་ནས་རྩོམ་ཡིག་ཧྲིལ་བོ་ལ་སྡོམས་ཚིག་འགོད་རྒྱུར་མི་སྔ་བར་ཐོག་མར་རྩོམ་པ་པོའི་བསམ་བློའི་འདུ་ཤེས་གང་འདྲ་ཞིག་གི་དབང་གིས་ལྟ་ཚུལ་འདི་འདྲ་ཞིག་བྱུང་མིན་དང་། ཁོས་བཤད་པའི་སྐད་ཆ་ཧྲིལ་པོ་འདིས་ཡང་སྙིང་ཅི་ཞིག་བཤད་ཀྱིན་ཡོད་མེད། ཁོས་རིག་གཞུང་གང་ཞིག་དང་། གནས་ལུགས་གང་འདྲ་ཞིག་ལ་རྒྱབ་གཏད་ནས་སྐད་ཆ་འདི་འདྲ་བཤད་པ་ཡིན་མིན་སོགས་ལ་དཔྱད་པ་མགོ་གཞུག་ཚང་བ་ཞིག་བྱས་ནས་ད་གཟོད་དྲང་ཕྱོགས་དང་ལྡོག་ཕྱོགས་གང་གི་ཐད་ལ་སྐད་ཆ་ཅི་ཞིག་བཤད་རུང་དེ་ནི་རང་ཉིད་ཀྱི་ཐོབ་ཐང་རེད་བསམ།
སྟོབས་འབྱོར་ཆེ་བའི་རྒྱལ་ཁབ་ཁག་གིས་མི་རིགས་གཞན་གཡོ་ཚོང་བྱེད་བཞིན་པ་དང་། མི་རིགས་གཞན་ལག་ཆར་བེད་སྤྱོད་བཏང་ནས་རང་ཉིད་ཀྱི་ཁེ་བཟང་འཚོལ་བཞིན་ཡོད་པས། ང་ཚོས་ཀྱང་ཁོང་ཚོ་ལྟར་རང་དང་རང་གི་མི་རིགས་ལ་འདི་ལྟ་བུའི་ཁེ་བཟང་བླངས་ཆོག་པར་བཤད་ན་ཁྱོད་ཀྱིས་ཐེ་ཚོམ་སྤུ་ཉག་ཙམ་ཡང་མི་བྱེད་པར་དྭང་ལེན་བྱེད་ཐུབ་བམ། འདི་ནི་དྲང་བདེན་གྱི་ལམ་བུ་ལ་སྐྱོད་སྟངས་ཤིག་རེད་དམ་མ་རེད། ཨ་རིའི་ཏུར་ཁེར་རོགས་རམ་བྱས་ནས་ཁིར་སྒྲ་ལ་གཏོར་རྒོལ་བཏང་པ་དང་། དེང་སྐབས་ཁིར་སྒྲི་གྲོགས་སུ་བཀུགས་ནས་ཨེ་སེ་ཨེ་སེ་ལ་དྲག་རྒོལ་བྱེད་བཞིན་པ་ནི་དྲང་བདེན་ཞིག་རེད་དམ། གཡོ་སྒྱུ་ཞིག་རེད། འདི་ལྟ་བུའི་ཆབ་སྲིད་ཀྱི་གཡོ་ཇུས་རྣམས་ང་ཚོས་ཀྱང་ལག་བསྟར་བྱེད་དགོས་པར་བརྗོད་ན་དོན་དངོས་སུ་དྲང་བདེན་ལ་རྒྱབ་ཀྱིས་ཕྱོགས་པ་མིན་ནམ། འཛམ་གླིང་ཧྲིལ་པོ་འདི་འདི་ལྟར་གཡོ་སྒྱུ་ཕྲ་གསུམ་གྱི་འཇིག་རྟེན་ཞིག་ཏུ་གྲུབ་ཚེ། འཇིག་རྟེན་འདིའི་སྟེང་ཞི་བདེ་དང་དྲང་བདེན་ཟེར་བ་གང་དུ་ཡོོད་དམ།
གཞན་གྱིས་འཕྲོག་བཅོམ་གྱི་ལས་བརྩམས་ན་ང་ཚོས་ཀྱང་སྙིང་རྗེ་ཆེ་མདོག་དང་བྱམས་སེམས་ཡོད་མདོག་བྱས་བསྡད་ན་རང་ལ་གྱོང་རག་པ་ལས་མེད་པས་ངེས་པར་དུ་འཕྲོག་བཅོམ་གྱི་ལས་བྱེད་དགོས་ཤིང་། རང་ལ་ཐོབ་འོས་པའི་སྐལ་བ་དེ་འཆོར་དུ་འཇུག་མི་རུང་ལབ་ན་ཁྱོད་འཐད་པ་ཡིན་ནམ། གོང་གི་རྩོམ་ཡིག་འདིའི་ནང་དུ་འདི་ལྟ་བུའི་རྒྱུ་མཚན་ཡ་མ་ཟུང་ལ་བརྟེན་ནས་དྲང་བདེན་སྐྱོང་དགོས་ཚུལ་བཤད་ཀྱི་ཡོད་ལ། དགྲ་ལ་རྒོལ་ལན་དང་འཁོན་ལ་འཁོན་ལན་བསློགས་ཐུབ་ཚེ་ད་གཟོད་དྲང་བདེན་ཡིན་པར་སྒྲུབ་བཞིན་ཡོད། གནས་ལུགས་ཤིག་ཡིན་པ་སྟོན་གྱིན་ཡོད།
ཨ་ནུ་ཐང་གི་བསམ་ཚུལ་འདི་ལ་ཕྱོགས་རིས་ཀྱི་འདུ་ཤེས་ཧ་ཅང་ཆེན་པོ་འདུག ཁོས་བསམ་ཚུལ་ལྟར་ན་བོད་ཀྱི་དགོན་སྡེ་ཁག་ནི་སྤྱི་ཚོགས་ལ་བཤུ་གཞོག་གཏོང་མཁན་ཞིག་ཏུ་ངེས་འཛིན་བྱེད་བཞིན་འདུག་ལ། ལས་མེད་མང་པོ་ཞིག་བསྡུ་བསྐོང་བྱེད་ས་ཞིག་ཏུའང་ངེས་འཛིན་གནང་གི་འདུག ད་དུང་དགོན་པ་དང་དགོན་བདག་རྣམས་བྲན་གཡོག་ལམ་ལུགས་དང་བཀས་བཀོད་རྒྱུན་འཛིན་ལམ་ལུགས་ལྟ་བུ་ཞིག་ཏུ་སེམས་ཀྱིན་ཡོད་ཚོད། ངས་འདི་ནས་ཁོང་ལ་གསལ་བཤད་བྱེད་རྒྱུ་གཅིག་ལ། བོད་ཀྱི་དགོན་སྡེ་ཁག་གིས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་བོད་ཀྱི་རིག་གཞུང་བདག་གཉེར་དང་ཤེས་ཡོན་ཅན་གྱི་མི་སྣ་ཁྲི་སྟོང་མང་པོ་གསོ་སྐྱོང་བྱས་མྱོང་ཡོད། འདས་པའི་ལོ་རྒྱུས་ནང་དུ་བོད་ཀྱི་ཤེས་རིག་ཐོག་ལག་རྗེས་ཆེན་པོ་འཇོག་མཁན་ནི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ཡིན་པ་མ་གཏོགས་གཞན་སུ་ཞིག་ཀྱང་མིན་པ་ནི་འདས་པའི་དུས་རབས་ལ་ཕྱིར་མིག་ལྟོས་དང་གསལ་གསལ་ཐིང་ཐིང་ཡིན། ད་ལྟ་ང་ཚོར་གཞན་ལ་་ངོམ་རན་ཡོད་པའི་རིག་གཞུང་ཕྱུག་པོ་ཞིག་ཡོད་པ་འདི་མི་བུ་སུ་ཞིག་གིས་རྔུལ་ཁྲག་གིས་བསྐྲུན་པའི་འབྲས་བུ་རེད་དམ། ཁྱོད་ཀྱིས་འདི་ལ་བསམ་བློ་གཏོང་མྱོང་ངམ། སྔོན་བྱོན་སྐྱེས་བུ་དུ་མས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ནས་ང་ཚོའི་མི་རིགས་རང་ལ་དབང་བའི་རིག་གཞུང་གི་གཙུག་ལག་རྒྱ་མཚོ་ལྟ་བུ་འཛུགས་བསྐྲུན་བྱས་ཤིང་། མི་རིགས་གཞན་དང་དཔུང་བ་མཉམ་གཤིབ་བྱས་ནས་གོམ་པ་མདུན་སྤོས་བྱས་མྱོང་པའི་ལོ་རྒྱུས་ཁག་རང་གཞན་མི་རིགས་ཚང་མའི་རྒྱལ་རབས་དེབ་ཐར་རྣམས་སུ་འཇིགས་པ་མེད་པའི་རྡོ་རིང་བཞིན་གནས་ཡོད།
བློ་བཟང་ཡིན་འདི་ཚོ་དགོན་པར་བསྡད་ནས་ཅང་སྦྱོང་མེད་འདྲ། ཏང་ཕྲུག་ཟེར་ན་ཏང་གི་སློབ་ཕྲུག་ཟེར་བ་རེད། ད་དུང་ཁོང་ཚོ་ཏང་ཕྲུག་ཉན་ན་དགའ་དགོས་པ་རེད། རྩ་མི་ཚང་བའི་སྒང་ལ་དབང་བོ་སྐྱོན་ཅན་འདི་ཚོས་བོད་ལ་བལྟ་བྱེད་ཀྱི་དབང་པོར་སྐྱོན་ཤོར་འདུག བསོག་སྒར་དང་འབིར་རས་ནས་རྒྱག་ཆད་པོ་ཟོས་དེ་ནས་བྱམས་པ་མི་དགོས་ཟེར་གི་ཡོད་རེད། འགྱེད་ས་ནས་ཡིན་ན་ཙུག མདོར་བསྡུ་ན་འགྱེད་པ་མ་རེད། བཙན་པོས་དབང་ཡོད་བཤད་ནས་འཕྲོག་སོང་བ་རེད། གོ་ཨེ་བྱུང་། ཁྱེད་ཚོས་ཅི་ཞིག་སྦྱོང་ཡོད་ཕ་ངོ་མི་ཤེས་པའི་སྒང་ལ་བྱུང་རབ་མི་ཤེས། ཏང་གི་བསྟན་པ་དར་ན་སྐྱིད་ཙུག་གང་ན་ཡོད། ཀླ་ཀློའི་ཚོ་ཅི་བཤད་ཀྱི་ཡོད། བྱམས་བརྩེ་མེད་པའི་བདེན་པ་ཞར་ཀོག་གིས་ཆི་བྱེད། མིག་ལ་གྲིས་བཙུགས་ན་བཙུགས་མཁན་གྱི་མིག་ལ་གྲིས་བཙུག་དགོས་ཟེར་གི་ཡོད་རེད། མི་གཅིག་གིས་མི་གླ་ལེན་ཕྱིར་དུ་མི་བསད་ན། དམག་མི་གཅིག་གིས་མི་དེ་བསད་ནས་གསོད་གླ་དང་མི་གླ་ཡང་ལེན་གྱི་ཡོད།
ཀླ་ཀློའི་གྲུང་ཀོར་བལྟས་དང་། ཞིན་ཆིན་ཕིང་གིས་ཀུན་རིག་ལྟ་བུ་ཞིག་ཆུ་ཚོད་གཉིས་ལ་བཏོན་སོང་། ཀྲུའུ་ཞི་དང་ཀྲུའུ་རིན་སྲིད་ཀྱིས་གྲོས་ལ་དབང་བའི་སྲིད་གྲོས་ཚོས་གདུག་དཀར་གྱི་བཟློག་པ་ལྟ་བུ་ཞིག་བརྒྱབ། དེ་འདྲ་བསྟུན་མར་ཉིན་ལྔ་དྲུག་ལ་འཚོག་ཚོགས་ནས། དེ་ནས་མི་དམངས་གྲོས་ཚོགས་རྭ་བར་གྲོས་བསྡུར་ལྷུག་པོ་གནང་བ་རྒྱུད་རྒྱལ་ཁའི་ངང་གྲོལ་སོང་ཟེར། ཀྲུང་དབྱངས་ཀྱི་ཀླ་ཀློའི་བརྙན་འཕྲིན་ནང་བསྟན་སོང་། མི་དམངས་ཨ་ནུ་ཐང་བ་ལྟ་བུའི་ཁ་གདངས་ནས་བལྟས་འདུག ཤེས་ཡོན་པས་བརྙན་འཕྲིན་སྒོ་བརྒྱབ་ནས་བསྡད་སོང་། ཨ་ནུ་ཐང་ནི་གུང་ཏང་གི་དགེ་བཤེས་མིན་པར་ཏང་གི་སྤྱིར་བཏང་གི་གྲྭ་བ་གཅིག་རེད།
སྐད་ཆ་ལ་མ་གཡོལ་བར་ཁ་གཏུགས་ཀྱིས་བཤད་རོགས། བོད་འདི་ཧ་ལས་པའི་ངང་རྒྱུད་རིང་ལ་དཔའ་ཉམས་དོད་པོའི་མི་རིགས་ཞིག མཚོན་ཆ་མེད་པའི་བོད་མི་དཔའ་བོ་གཅིག་གི་མདུན་དུ་རྒྱ་མི་བཅུ་གྲངས་རེས་མཚོན་ཆས་སྤྲས་ཏེ་འཇིགས་སྐུལ་དང་སྡིག་ར་མེད་ན། འདྲ་མཉམ་ཞིག་བྱུང་ན། བོད་མི་ཚོས་སྐྱེས་མ་ཐག་ཡུན་རིང་མ་འགོར་བར་ཕ་མ་དང་རྩེ་རོགས་ཚོའི་དྲིན་ལས་རང་ཉིད་གཞན་ཞིག་ནས་འདིར་སྐྱེ་བར་བསླབས་་ཞིང་བྱིས་པ་ཆུང་དུས་ནས་ཀྱང་། མི་རྣམས་ནི་དྲང་བདེན་བྱས་མ་བྱས་ལས་མི་དང་མི་དུད་འགྲོར་སྐྱེ་བ་ལ་ལེན་གྱི་ཡོད་པའི་ཚོར་རྟོག་འབྱུང་གི་ཡོད་པ་མ་ཟད། སུས་དྲང་བདེན་བྱས་པ་ཡིན་ན་དེ་ལ་དུངས་པ་ནི་བྱིས་དུས་ནས་འབྱུང་གིན་ཡོད་ལ། འདི་ནི་ཨ་རིའི་མཐོ་སློབ་པ་ཚོས་ཕ་མས་བསོག་པའི་དངུལ་མང་བོ་སྤྱད་མཐར་སྐྱེ་དཀའ་བའི་ཚོར་རྟོག་སྤེལ་ན་དོན་ལྡན་གཅིག་ཡིན། འདི་འདྲའི་རིགས་དར་ཁྱབ་ཀྱི་ཤུགས་ཆེ་ཆུང་ཙམ་མ་གཏོགས། འདི་འདྲ་ཧ་ཅང་མང་། ཁྱེད་ཚོ་ག་ཚོད་འུ་གཏུགས་ཀྱང་བོད་འདི་འགྱེད་པ་མིན་པར་གྲོལ་བཅིང་དམག་གིས་ཡར་ལང་གི་བཅུག་མེད་པ་གསལ་བོར་ངེས་དགོས།
བྱིས་དུས་ནས་དྲང་བདེན་ལ་དགའ་ཞིང་དུངས་པའི་མི་གཤིས་ཡོད་ཙ་མང་གཙོ་དབུ་ཁྲིད་འདེབས་ཐུབ་ཀྱིན་ཡོད། དྲང་བདེན་ལ་གཏན་ནས་དགའ་བོ་མེད་ན་༧གོང་ས་མཆོག་གིས་ང་མེད་སོང་ན་ཁྱོད་ཚོས་མང་མོས་བྱེད་དགོས་པས་ད་ལྟ་ནས་འགོ་ཚུགས་ཆིག་གསུང་ན་སུས་ཉན། གཏན་ནས་ཉན་མི་ཡོང་ང་། དྲང་བདེན་མེད་པའི་སྤྱི་ཚོགས་ནི་དམངས་གཙོ་གླེང་ན་སྲོག་ཤོར་འགྲོ་བའི་རྒྱ་ནག་གི་སྤྱི་ཚོགས་ལྟ་བུ་རེད། དྲྭ་འབུ་ལས་ངན་ཚོ།
བོད་པ་མི་མང་ནི་ངོ་མ་བྱམས་སྙིང་རྗེ་ཅན་རེད། སོ་སོས་བསགས་པའི་རྒྱུ་དངོས་ཐ་དག་དགོན་པར་ཕུལ་ཐུབ་པར་མ་ཟད། མཇུག་མཐར་སོ་སོའི་ཕུང་པོའང་བདག་མེད་བྱ་ཚོགས་ལ་གཏོང་རྐྱང་རེད།
ཡིན་ནའི། བླ་མ་ཚོ་དེ་འདྲ་རེད་པས། ག་བ་ག་བ་ཆ་ཚང་ལེན་རྐྱང་དང་། མཇུག་མཐར་ཕུང་པོའང་གསེར་དངུལ་གྱིས་བཏུམས་རྐྱང་གནང་གི་རེད་ལ། བདག་འཛིན་ཆེས་ཆེ་བའི་དཔུང་སྡེ་ཞིག་རེད། བྱམས་སྙིང་རྗེ་ཟེར་བ་ཞིག་བཤད་ཤེས་པ་ལས་ལག་ལེན་ནང་རྐང་གཅིག་འདེབས་ཀྱི་མ་རེད་ལ། འདེབས་འདུན་དེ་ལས་ཀྱང་ཡོག་མ་རེད། དེ་བས། ཨ་ནུ་ཐང་ལགས་ལ་སྐར་གྲངས ༡༠༠རེག་ཤག
དོལ་ཚོགས་ལ་སྐྱག་མཆན་རྒྱག་མཁན་གྱི་ཚོགས་པ་ཡོད། རྣམ་པ་ཚོས་བལྟ་དང་མཁྱེན་ངེས་ཡིན་དོལ་ཚོགས་ཀྱི་བྱ་བ་ནི་རྨོངས་དད་པའི་འདྲེ་གསོ་བཞིན་ཏང་འགོ་ཡོག་གི་ཡོད། དྲྭ་བུ་རྙིང་པར་ཞུ་འི་མེད། གནད་འདིའི་ཐད་ནས་ཨ་ཐང་ཏོག་ཙམ་ངར་བ་ཡིན། ཁོང་ཚོས་ཆོས་ནག་པོར་བཟོ་བཏུབ་ན་དོལ་ཚོགས་ཏོག་ཙམ་དཀར་པོ་ཡོང་གི་རེད་བསམ་པའི་རེ་ངན་འཆང་གི་ཡོད་རེད། དོལ་ཚོགས་ལ་ཀླད་ཀོར་རེད་ད། མི་རིག་པའི་བུ་ནི་སྐད་འབོད་ལ་འགྲོ་འི་ཡོད་རེད། བོད་དོན་སྐད་འབོད་ཡོང་གི་མ་རེད།
རྣམ་པ་ཚོས་རང་གི་ཤེས་པ་འགུལ་དགོས་ཀྱི་ཡོད་རེད་ཨ།
བོད་སྐད་སྡེ་ཚན། | གསར་འགྱུར།ཅོཆཆཆཆེེརེཏཏེརཏེཏེཏེཏཏཏ་མསདུཅིིུུཅེིཅེིེེེུཡེཡེེམམེམེུཡཡཡརརdqweqew42424242444244ཆཆཆྣཆོ་ར་་ར་ར་ར་་བཆོ་qwiiejururuufuhhjujjjeེཅཆིིུུཆུ༨ཅཆེུུ་ེ་་ེ་ེསཆཆཆེེེཆཆེེཆེ༣ཆ༣རརཆweraaassssssssssssssadབོད་སྐད་སྡེ་ཚན། | གསར་འགྱུར།
ཁྱིམ་ནས་ལྐོག་དངུལ་རྒྱ་སྒོར་དུང་ཕྱུར་གཉིས་རྩད་ཆོད་བྱུང་འདུག
2014-10-31 གློག་འཕྲིན། མཆན། འགྲེམ་སྤེལ། པར་བཀོད།
པར་བཀོད། འགྲེམ་སྤེལ། མཆན། གློག་འཕྲིན། རྒྱ་ནག་མི་དམངས་ཤོག་སྒོར།
རྒྱ་ནག་མི་དམངས་ཤོག་སྒོར།
དྲ་བཤུས
རྒྱ་ནག་གི་འགོ་ཁྲིད་ཅིག་གི་ཁྱིམ་སྔོག་གཤེར་སྐབས་ལྐོག་དངུལ་རྒྱ་སྒོར་དུང་ཕྱུར་གཉིས་རྙེད་སོན་བྱུང་འདུག
དེ་ཡང་དབྱིན་ཇིའི་BBC་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཆེས་མཐོའི་ཞིབ་དཔྱོད་ཁང་ཞེས་པའི་འབྲེལ་ཡོད་འགན་འཛིན་གྱིས་འདི་ལོ་ཕྱི་ཟླ་༡པོ་ནས་བཟུང་རྒྱ་ནག་ནང་ཁུལ་དུ་ལྐོག་ཟ་རུལ་སུངས་ལ་ཞིབ་དཔྱོད་ཀྱི་ལས་དོན་གསལ་བསྒྲགས་བྱེད་པའི་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་། ཚོགས་འདུ་དེའི་ཐོག་འབྲེལ་ཡོད་འགན་འཛིན་ནས་ ལྐོག་ཟ་རུལ་སུངས་ཀྱི་འབྱུང་རྐྱེན་གཙོ་བོ་དེ་ནི་སྡེ་ཁག་ཁ་ཤས་ཀྱི་དབང་ཚད་ཆེ་དྲག་པའམ་ གཅིག་གཅོད་ཀྱི་དབང་ཆ་མང་དྲག་པ་ལས་བྱུང་བ་ཞིག་ཡིན་ལ་ད་ལྟའི་བར་རྩད་ཞིབ་ར་སྤྲོད་བྱུང་བའི་ལྐོག་རྔན་གྱི་བྱ་སྤྱོད་ནང་མང་ཆེ་བ་ནི་མཐོ་རིམ་གྱི་ཆབ་སྲིད་ཇུས་འགོད་པ་དང་། ཚོང་འབྲེལ་གྱི་ཁེ་ལས་ཁག གཞུང་འབྲེལ་གྱི་ལས་གཞི་འདྲ་མིན་ཐོག་ཆོག་མཆན་སྤྲོད་མཁན་མཐོ་རིམ་ལས་བྱེད་པའི་ཁོངས་སུ་ཡིན་པ་གསལ་འདོན་བྱས་ཡོད་པ་རེད། གོང་གསལ་གྱི་ཚོགས་འདུའི་སྐབས་རྒྱ་ནག་གི་ཆེས་མཐོའི་ཞིབ་དཔྱོད་ཁང་གི་འགན་འཛིན་ནས། ལྐོག་ཟ་ཞིབ་འཇུག་གི་ལས་དོན་ཁྲོད་རྒྱ་ནག་གི་འཕེལ་རྒྱས་དང་བཅོས་སྒྱུར་ལྷན་ཁང་གི་མཐོ་རིམ་འགོ་ཁྲིད་Bai Phin yonབེ་ཕིན་ཡོན་ཟེར་བའི་སྒེར་གྱི་ཁྱིམ་ཚང་ནང་སྔོག་གཤེར་བྱ་སྐབས་མ་དངུལ་ཕོན་ཆེ་བརྙེད་སོན་བྱུང་བ་དང་། སྒོར་བརྩི་བྱེད་ཀྱི་འཕྲུལ་ཆས་དྲུག་བཀོལ་ནས་གྲངས་གཤེར་བྱ་སྐབས་མ་དངུལ་རྐྱང་པ་མང་དྲག་པའི་རྐྱེན་གྱིས་བརྩི་སྐོར་གྱི་འཕྲུལ་ཆས་བཞི་ཆག་སྐྱོན་ཤོར་ཡོད་ལུགས་དང་། མཐའ་མའི་བསྡོམས་རྩིས་ནང་ལྐོག་དངུལ་རྒྱ་ནག་གི་ཤོག་སྒོར་དུང་ཕྱུར་གཉིས་ལྷག་རྩད་ཆོད་བྱུང་ཡོད་ཅེས་དང་། ད་ཕན་ལྐོག་ཟ་རུལ་སུངས་ལ་ཞིབ་དཔྱོད་ཀྱི་བརྒྱུད་རིམ་ཁྲོད་སྒེར་གྱི་ཁྱིམ་ཁང་ནས་ལྐོག་རྔན་གྱི་མ་དངུལ་ལག་སོན་བྱུང་བའི་གྲངས་འབོར་མང་ཤོས་དེ་ཆགས་ཡོད་པའི་སྐོར་བརྗོད་ཡོད་འདུག ཞིབ་འཇུག་དེ་བརྒྱུད་རྒྱ་ནག་གི་འཕེལ་རྒྱས་དང་བཅོས་སྒྱུར་ལྷན་ཁང་འགན་འཛིན་ཐེ་བས་འབྲེལ་ཡོད་ལས་བྱེད་༡༡ལ་ཁྲིམས་ཐོག་ནས་ཞིབ་དཔྱོད་བྱེད་མུས་ཡིན་པ་གསལ་འདོན་བྱས་འདུག
གསར་འགོད་པ་ཀེ་ཐོ་དང་དོན་གྲུབ་རྣམ་རྒྱལ།
རྒྱ་ནག་གི་འགོ་ཁྲིད་ཅིག་གི་ཁྱིམ་སྔོག་གཤེར་སྐབས་ལྐོག་དངུལ་རྒྱ་སྒོར་དུང་ཕྱུར་གཉིས་རྙེད་སོན་བྱུང་འདུགjbརྒྱ་ནག་གི་འགོ་ཁྲིད་ཅིག་གི་ཁྱིམ་སྔོག་གཤེར་སྐབས་ལྐོག་དངུལ་རྒྱ་སྒོར་དུང་ཕྱུར་གཉིས་རྙེད་སོན་བྱུང་འདུག