གནས་ཚུལ་བསྡུ་སྒྲིག་པ་རྫ་ཚེ་རིང་བཀྲ་ཤིས།
༼ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ཞིབ་འཇུག་ཚོགས་པའི་དམིགས་བསལ་བསྔོ་སྨོན༽
སྤྱི་ལོ་༢༠༡༡ཟླ༣་ཚེས་༡༨་ཀྱི་ཕྱི་དྲོ་ཐའེ་པེ་གྲོང་ཁྱེར་གྱི་གཡུ་འབྲུག་རི་བོ་དགོན་པའི་ཚོགས་ཁང་ཆེན་མོར་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་བཀོད་སྒྲིག་འོག་འཇར་པན་གྱི་ས་ཡོམ་དང་མཚོ་འཁྱོམ་ཉིང་རྡུལ་གློག་ཁང་འབར་གས་སོགས་ཀྱི་གནོད་འཚེ་ཚབ་ཆེན་ཐེབས་པའི་འདས་གསོན་དག་གི་ཆེད་སྨོན་ལམ་ཟབ་རྒྱས་ཞིག་གོ་སྒྲིག་གནང་ཡོད་ཅིང་། ཚོགས་ཁང་གི་འཕྲེད་དར་གྱི་ཁ་བྱང་དུ།༼བྱམས་བརྩེ་ལ་རྒྱལ་མཚམས་མེད། བརྩེ་བ་གནོད་ཁུལ་དུ་སྐྱེལ༽ཞེས་པའི་བརྗོད་ཚིག་བཀོད་ཡོད།
སྨོན་ལམ་དེར་གསར་རྙིང་རིས་མེད་ཀྱི་ཆོས་ཚོགས་ཁག་གི་གནད་ཡོད་མཁན་སྤྲུལ་དགེ་བཤེས་བཅུ་གྲངས་ཚུད་པའི་བོད་ཀྱི་དགེ་འདུན་པ་དང་བཙུན་མ་སུམ་ཅུ་ལྷག་དང་། རྒྱ་བརྒྱུད་ནང་བསྟན་གྱི་གྲྭ་བཙུན་དང་དད་ལྡན་དགེ་བསྙེན་བརྒྱ་ཕྲག་བརྒལ་བ་བཅས་མཉམ་འཛོམས་གནང་བའི་ཐོག ལས་རིམ་གཙོ་སྐྱོང་བས་མཚམས་སྦྱོར་གྱི་གཏམ་བཤད་གྲུབ་རྗེས་ཐོག་མར་མཁན་པོ་ཚེ་རིང་བཀྲ་ཤིས་ནས་བོད་སྐད་དང་། དེ་རྗེས་ཀཿཐོག་རིག་འཛིན་ཆེན་པོ་ནས་རྒྱ་སྐད་ཀྱི་ཐོག་ཞིབ་འཇུག་ཚོགས་པའི་གཏམ་བཤད་གནང་ཡོད།
དེ་ཡང་ཀཿཐོག་རིག་འཛིན་ཆེན་པོས། ང་ཚོ་ནི་གོ་ལ་གཅིག་གྱུར་ཅན་གྱི་ཁྱིམ་ཚང་གཅིག་གི་ནང་མི་ཡིན་པ་དང་། ས་ཁུལ་གཅིག་ལ་བྱུང་བའི་གོད་ཆག་དེ་ནམ་ཡང་ང་ཚོའི་གོད་ཆག་ཡིན། ཞེས་དང་། ང་ཚོའི་ནུས་ཤུགས་ནི་མཆོག་གསུམ་གྱི་བྱིན་རླབས་ཡིན་ལ། ང་ཚོས་གང་བྱེད་ཐུབ་པ་ནི་མཆོག་གསུམ་ལ་བརྟེན་ནས་སྙིང་ཉེ་བའི་བརྩེ་སེམས་འབུལ་རྒྱུ་དེ་ཡིན། ཞེས་སོགས་དང་།
དེ་བཞིན་མཁན་པོ་ཚེ་རིང་བཀྲ་ཤིས་ཀྱིས། ས་ཁུལ་བྱེ་བྲག་པ་གཅིག་ལ་བྱུང་བའི་གནས་ཚུལ་དེས་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པའི་དེ་རིང་སྣོད་བཅུད་ཡོངས་ལ་འགྱུར་ལྡོག་ཤིན་ཏུ་མྱུར་པོ་འགྲོ་བཞིན་པ་ལྟར། སྤྱི་ལོ་༢༠༡༡གི་ལོ་ཤར་ནས་ང་ཚོས་བསྟུད་མར་རང་བྱུང་དང་མིས་བཟོས་ཀྱི་ཆག་སྒོ་མང་པོར་གདོང་ལེན་བྱེད་དགོས་བྱུང་ཞིང་། ཁྱད་པར་དུ་ད་ལྟའི་འཇར་པན་ནི་ཤིན་ཏུ་ཡ་ང་བའི་གནས་སྟངས་ཀྱི་འོག་ཏུ་ཡོད་ན་ཡང་། ཕྱོགས་གཞན་ཞིག་ནས་འདི་དག་ནི་ང་ཚོ་མིའི་རིགས་ཀྱིས་རོགས་རེས་དུང་སེམས་མཉམ་བསྐྱེད་སོགས་ཀྱི་འདུ་ཤེས་གོང་མཐོར་བཏང་ནས་བྱམས་བརྩེ་ཉམས་ལེན་བྱེད་པའི་གལ་ཆེའི་གོ་སྐབས་ཤིག་ཀྱང་རེད་ཅེས་སོགས་སྨོན་ལམ་འདི་ཉིད་གོ་སྒྲིག་ཞུས་པའི་དགོས་དམིགས་དང་འབྲེལ་བའི་གཏམ་བཤད་བྱས་ཡོད།
དེ་རྗེས་འདུས་མང་ཡོངས་ཀྱིས་མར་མེ་ཕྱག་ཏུ་བསྣམས་ནས་སྡིང་ཆའི་ཐོག་གི་སངས་རྒྱས་ཀྱི་སྐུ་ཐང་རིན་པོ་ཆེ་དང་། དེའི་མདུན་གྱི་མེ་ཏོག་གི་ཆུན་པོ་སྣ་ཚོགས་ཀྱི་དབུས་སུ་སྒྲིག་ཤོམ་བྱས་པའི་འཇར་པན་གནོད་ཐེབས་སྤུན་ཟླའི་གནས་སྟངས་གསལ་བའི་ཡིད་འགུལ་ཐེབས་པའི་པར་རིས་དང་བརྙན་ཡོལ་ལ་ཞལ་ཕྱོགས་ཏེ་སྐར་མ་གཅིག་གི་ངག་བསྡམས་གུས་འདུད་ཞུས་རྗེས། འཕགས་པ་སྤྱན་རིས་གཟིགས་ཀྱི་མངོན་རྟོགས་དང་འབྲེལ་བའི་མ་ཎི་དང་བཟང་སྤྱོད་སོགས་དངོས་གཞིའི་ཆོ་ག་དབུ་མཛུགས་མཛད་ཡོད།
དམིགས་བསལ་སྨོན་ལམ་འདི་ལ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་རྒྱུན་ལས་རྣམ་པའི་ལས་དོན་ཆ་བགོས་ཀྱི་འབྲུ་དོན་ལྟར་སྤྱི་ཚོགས་ཞབས་ཞུའི་ལས་དོན་གྱི་འགན་ཁུར་བ་མཁན་པོ་ཆོས་ཉིད་དོན་རྟོགས་ནས་གྲྭ་སྒྲིག་གི་གཙོ་འགན་བཞེས་ཡོད།
ལར་སྨོན་ལམ་འདི་ལྟ་བུ་ཞིག་འཚོགས་པའི་དགོས་དམིགས་ནི་༸གོང་ས་མཆོག་གིས་ནམ་རྒྱུན་བོད་མི་རྣམས་ས་ཆ་གང་དུ་ཡོད་ཀྱང་མི་རེ་ངོ་རེ་ནས་ཡ་རབས་བཟང་སྤྱོད་དང་ཐུན་མིན་ཆོས་རིག་གི་བསམ་སྦྱོར་གྱིས་རང་ཉིད་བོད་མི་ཞིག་ཡིན་པའི་ངོ་ཚབ་མཚོན་དགོས་ཞེས་གསུངས་པའི་བཀའ་དགོངས་ཀྱི་ཆ་ཤས་ལག་ལེན་ཞུས་པ་ཞིག་ཀྱང་ཡིན།
རྒྱལ་སྤྱིའི་བོད་བརྒྱུད་ཞིབ་འཇུག་ཚོགས་པ་ནི་ཐའེ་ཝན་དུ་༢༠༠༩ལོར་རིས་མེད་མཁན་སྤྲུལ་ཁག་ཅིག་གིས་བཙུགས་པའི་བོད་བརྒྱུད་ནང་བསྟན་གྱི་འབྱུང་འགྱུར་ལ་དམིགས་པའི་ཚད་ལྡན་གྱི་ཚོགས་པ་ཞིག་རེད།
ཚོགས་པའི་དྲ་རྒྱ། http:www.buddha jnana.org/
སྨོན་འདི་ཡག་པོ་ཞེ་དྲག་རེད། ཁ་སང་ངོ་ཤེས་ཀྱི་དགེ་བཤེས་ཞིག་གི་བཤད་པ་ལྟར་ན། མཁན་པོ་ཆོས་ཉིད་ཟེར་བ་དམན་ས་འཛིན་ཞིང་ཕྱག་ལས་འཇོན་ཐང་ཆེ་བ་ཞིག་གིས་ཚོགས་པ་འདིའི་ལས་ཀ་གཙོ་བོ་གཉེར་བཞིན་པ་དང་། མཁན་པོ་ཚེ་བཀྲ་དང ཀཿ་ཐོག་རིག་འཛིན་ཆེན་པོ་རྣམ་གཉིས་མཁྱེན་དཔྱོད་ཆེ་བས་ཚོགས་པའི་མགྲིན་ཚབ་པ་གནང་བཞིན་པ་དང་། ཞིབ་འཇུག་ཚོགས་གཙོ་ཆེན་མོ་མཁན་པོ་ཐུབ་ནོར་དང་ཚེ་རྣམ་གཉིས་ནི་ཐུགས་རྒྱ་ཡངས་ཞིང་ལས་ལ་བརྩོན་པ། བོད་ནང་ཁུལ་དུ་སློབ་གྲྭ་དང་དགོན་པར་ཕྱག་ལས་མུ་མཐུད་དེ་གནང་པས་མཛད་རྗེས་ཆེ་བ་ཞིག་རེད་འདུག་པས་ཞིབ་འཇུག་ཚོགས་པ་འདི་ལ་རེ་བ་ཅུང་ཟད་ཅིག་འདུག རྒྱུ་མཚན་འགའ་ཞིག་ལ་བསམ་ནས་ཁོང་ཚོའི་བྱ་བ་ལ་རྒྱབ་སྐྱོར་བྱེད་གྱིན་ཡོད་གསུངས། ཁ་སང་སྨོན་ལམ་ལ་མི་སེར་ཉིས་བརྒྱ་བརྒལ་བ་ཡོད་ཚོད་འདུག་་པར་མ་ཟད་ཞིབ་འཇུག་ཚོགས་གཙོ་མཁན་པོ་ཐུབ་ནོར་ཞུ་བས་སྤྱན་ཆབ་བསིལ་བཞིན་མཎི་གསུངས་པས་མ་བཅོས་པའི་བྱམས་པ་ཕྱི་ལ་གསལ་འདུག་ཟེར།
དྲ་རྒྱ་གཟིགས་མཁན་ཡོངས་ལ། བཀྲ་ཤིས་བདེ་ལེགས་ཞུ། རང་ཉིད་ཀྱི་ཆོས་དང་རིག་གཞུང་འགྲོ་བ་སེམས་ཅན་ལ་དུང་ཟབ་པའི་མཁན་བླ་དགེ་བཤེས་བསྐོར་ཅིག་གིས་རླབས་ཆེན་གྱི་བྱ་འགུལ་་བརྩེ་བ་གནོད་ཁུལ་དུ་བསྐྱལ་ཞེས་སྨོན་ལམ་ཞིག་བཀོད་བསྒྲིག་བྱས་འདུག་པ་འདིར་དངོས་གནས་དགའ་སྤོབ་དང་རྗེས་སུ་ཡིད་རིངས་ཀྱི་གནས་སུ་ཁུམས། བྱ་འགུལ་འདི་ལྟ་བུ་ནི། ང་མཚོའི་བོད་བརྒྱུད་ནང་བསྟན་གྱི་གཟི་བརྗིད་ཡིན་ལ། ནང་ཆོས་ཉམས་ལེན་པ་དག་གིས་འོས་འགན་ཡང་ཡིན་པས། ད་དུང་ཡང་འདི་ལྟ་བའི་གོ་ཆག་རེ་མི་འབྱུང་བས་ངེས་བ་མི་འདུག་པས་སྐབས་དང་དུས་སུ་འཕྲལ་མར་འདི་ལྟ་བའི་ལས་འགུལ་རེ་སྤེལ་བའི་རེ་འབོད་ཞུ།